ལྡི་ལི་སྐུ་ཚབ་དོན་ཁང་དང་ལྡི་ལི་བོད་ཁྱིམ་སྡོད་ཁང་གཉིས་ནས་གསོལ་འདེབས་ཞུས་པ་ལྟར། ཕྱི་ཟླ་ ༡ ཚེས་ ༢༡ ཉིན་ལྡི་ལིའི་མཐོ་སློབ་ཁག་ཏུ་ཡོད་པའི་བོད་རིགས་གཞོན་སྐྱེས་རྣམས་ལ་བླང་དོར་གྱི་བཀའ་སློབ་གནང་སྐབས། བཙན་བྱོལ་ནང་གི་གཞོན་སྐྱེས་ཚོས་ཚེ་སྟོད་སྐྱབས་བཅོལ་ནང་སྐྱེལ་གྱི་ཡོད་ཀྱང་། ཚེ་སྨད་དུ་བོད་གཞིས་བྱེས་གཉིས་བོད་གངས་རིའི་ལྗོངས་སུ་ལྷན་འཛོམས་འབྱུང་རྒྱུ་ཡིན་སྟབས། གཞིས་ལུས་བོད་མིས་རེ་བ་ཆེན་པོ་བརྒྱབ་པ་ལྟར་བྱེས་ནས་འབྱོར་བའི་གཞོན་སྐྱེས་ཚོས་ཤེས་འཇོན་གཉིས་ལྡན་གྱི་ཐོག་ནས་བོད་འཛུགས་སྐྲུན་བྱེད་ཐུབ་པར་ད་ལྟ་ནས་སློབ་སྦྱོང་ཡག་པོ་བྱས་ཏེ་གྲ་སྒྲིག་བྱེད་དགོས་སྐོར་གསུངས་འདུག
དེ་ཡང་༧གོང་ས་མཆོག་གིས་བླང་དོར་གྱི་བཀའ་སློབ་གནང་དོན། ཁྱེད་རང་ཚོ་དུས་རབས་ཉེར་གཅིག་པའི་མི་རབས་ཤིག་ཆགས་བསྡད་ཡོད་པ་དང་། ང་ལ་ཆ་བཞག་ན་དུས་རབས་ཉི་ཤུ་པའི་མི་རབས་ཤིག་ཆགས་བསྡད་ཡོད་པ་རེད། དུས་རབས་ཉི་ཤུ་པ་རྫོགས་ཚར་ཏེ་དུས་རབས་ཉེར་གཅིག་པ་རེད། ལྷག་དོན་ང་ཚོ་བོད་པ་ཚོར་ཆ་བཞག་ན་དུས་སྐབས་གཉན་འཕྲེང་ཅན་ཞིག་གི་ནང་བསྡད་ཡོད་པ་རེད་དེ་རིམ་གྱིས་འགྱུར་བ་ཏན་ཏན་འགྲོ་ངེས་རེད། གང་ཡིན་ཟེར་ན། ང་ཚོར་བདེན་པ་ཡོད་པ་རེད་ལ། ང་ཚོས་རྒྱ་ཕམ་བོད་རྒྱལ་དགོས་ཟེར་གྱི་ཡོད་པ་མ་རེད། རྒྱ་ལ་ཡིན་ན་སེམས་བཞག་ས་ཡོད་པ། ང་ཚོ་ཡིན་ནའང་བློ་བཞག་ས་ཡོད་པའི་དབུ་མའི་ལམ་ཞེས་གཉིས་ཕན་ཞིག་གི་སྒང་ལ་འགྲོ་ཡི་ཡོད་པར་བརྟེན། རྒྱ་མི་ཤེས་ཡོན་ཅན་མང་པོ་ཞིག་གིས་ང་ཚོར་རྒྱབ་སྐྱོར་བྱེད་ཀྱི་འདུག་གཱ། ང་ཚོས་རྒྱ་ཕམ་དགོས་ཀྱི་ཡོད་ལབ་ན་རྒྱ་རིགས་མང་པོ་ཞིག་གིས་རྒྱབ་སྐྱོར་ཡོང་རྒྱུ་ཞེ་དྲགས་ཁག་པོ་རེད། བོད་པས་བོད་ལ་ཞེན་ཁོག་བྱས་པ་ལྟར་རྒྱ་མི་ཚོས་རྒྱ་མི་རིགས་ལ་ཞེན་ཁོག་ཡོང་གི་ཡོད་སྟབས། ང་ཚོས་རྒྱ་ཕམ་བོད་རྒྱལ་ཞེས་ལབ་པ་ཡིན་ན་ཞེ་དྲགས་ཁག་པོ་རེད། ཡང་ན་ང་ཚོས་རྒྱ་མི་མཉམ་དུ་འཛིང་དགོས་པ་རེད། འཛིང་བ་ཡིན་ན་ང་ཚོས་རྒྱ་མིར་ལག་ཁེལ་གྱི་མ་རེད། རྒྱ་མི་དུང་ཕྱུར་བཅུ་གསུམ་བཅུ་བཞི་ཞིག་ཡོད་པ་དང་། ང་ཚོ་བོད་པ་ས་ཡ་དྲུག་ལས་མེད་པས་ཁག་པོ་ཞེ་དྲགས་རེད། སྔ་མོ་བོད་ཀྱི་ལོ་རྒྱུས་ནང་དུ་སྤྲུལ་བའི་དམག་འབུམ་དེ་འདྲ་ཐོན་པ་རེད་ཅེས་བཤད་རྒྱུ་འདུག་གཱ། ཁྱེད་རང་ཚོར་སྤྲུལ་བའི་དམག་འདྲ་འཐོན་རྒྱུ་ཡོད་ན་གང་ཤེས་མ་གཏོགས་གཞན་ང་ཚོས་ཡོང་ཐུབ་པ་ཁྱོན་ནས་ཡོད་པ་མ་རེད། དངོས་ཡོད་གནས་ཚུལ་ལ་བསམ་བློ་གཏང་ནས་འགྲོ་དགོས་པ་རེད། རྒྱ་ཆེ་ས་ནས་བསམ་བློ་བཏང་ན་རྒྱ་མི་མི་རེད། ང་ཚོ་བོད་པའང་མི་རེད། རྒྱ་ནག་ལོ་རྒྱུས་ཀྱི་ཐོག་ནས་ནང་པའི་ལུང་པ་རེད་ལ། ད་ལྟ་ཡིན་ནའང་རྒྱ་ནག་འཛམ་བུ་གླིང་འདིའི་སྒང་གི་ནང་པ་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཆགས་བསྡད་ཡོད་པ་རེད། དེའི་ནང་དུ་ང་ཚོས་ཕན་ཐོགས་པ་ཞིག་བྱེད་ཐུབ་པ་ཡིན་ན་འགྲིག་པ་རེད། ཤེས་སོང་ངམ། ང་ཚོས་ད་ལྟ་ཐབས་ཤེས་བྱེད་སྟངས་དེར་བློ་ཙམ་མ་ཡིན་པར་དངོས་གནས་རྒྱ་རིགས་ནང་ལོགས་ནས་མང་པོ་ཞིག་གིས་རྒྱབ་སྐྱོར་ཡོད་པ་དང་། ཤ་ཚ་ཡོད་བསྡད་པ་ཞིག་ཆགས་ཡོད་དུས་ང་ཚོར་འགྱུར་བ་ཏན་ཏན་འགྲོ་ངེས་རེད། ཁྱེད་རང་ཚོའི་མི་ཚེའི་སྟོད་དེ་བཙན་བྱོལ་དུ་སྐྱེལ་གྱི་ཡོད་པ་རེད་དེ། ཁྱེད་རང་ཚོའི་མི་ཚེའི་སྨད་དེ་སོ་སོའི་ལུང་པའི་ནང་དུ་གཞིས་བྱེས་མཉམ་འཛོམས་ཀྱིས་སྡོད་པ་ཞིག་ཏན་ཏན་ཡོང་གི་རེད། ཤེས་སོང་ངམ། ང་ཚོ་གཞིས་བྱེས་མཉམ་འཛོམས་ཡོང་སྐབས་བོད་ལུས་རྒྱ་ཆེའི་མི་མང་ཚོ་དཀའ་ངལ་མང་པོ་ཞིག་འཕྲད་པའི་འོག་བྱེས་ནས་ཁྱེད་རང་ཚོ་བོད་མི་གཞོན་སྐྱེས་མང་པོ་ཞིག་འབྱོར་དུས། ཁྱེད་རང་ཚོ་ཤེས་ཡོན་ཡོད་པ་དང་འཇོན་ཐང་ཡོད་པ། བོད་འཛུགས་སྐྲུན་བྱེད་མཁན་ཡག་པོ་ཞིག་ཡོང་གི་རེད་བསམ་པའི་རེ་བ་ཆེན་པོ་ཞིག་བརྒྱབ་ཡོད་ཀྱང་། ཁྱེད་རང་ཚོ་ཕར་བསླེབས་དུས་ཞེ་དྲགས་བྱེད་མ་ཐུབ་པ་ཞིག་ཆགས་ན་ཏོག་ཙམ་ངོ་ཚ་བོ་རེད། དེར་ཁྱེད་རང་ཚོས་གྲ་སྒྲིག་ཡག་པོ་བྱེད་དགོས་པ་རེད་དཱ། སློབ་སྦྱོང་ཡག་པོ་བྱོས། བོད་ཡིག་ཡག་པོ་ཤེས་པ་བྱོས། བོད་ཀྱི་ཆོས་དང་རིག་གཞུང་ལྟ་གྲུབ་དེ་ཚོ་ཡག་པོ་ཤེས་དགོས་པ་རེད། ཅེས་གསུངས།
དྲི་བ་དྲིས་ལན་གྱི་སྐབས་སུ་ལྷ་ཕེབས་པའི་སྐོར་ལ་༧གོང་ས་མཆོག་གིས། ལྷའི་སྐོར་ལ་སྐད་ཆ་བཤད་ན། ཕལ་ཆེར་ང་ཕུལ་དུ་བྱུང་བ་(Expert)རེད་ཅེས་ལབ་ཡིན། གང་ཡིན་ཟེར་ན། ང་ཆུང་ཆུང་སྐབས་ནས་གནས་ཆུང་དང་དགའ་གདོང་དེ་ཚོའི་གྲས་ལ་འབྲེལ་བ་འདྲ་ཞིག་ཡོད་པ་རེད་ལ། རྒྱུས་ཡོད་པ་རེད། གང་ལྟར་ཡ་མཚར་བོ་གཅིག་དེ་ངའི་མི་ཚེའི་ནང་གི་རྙོག་དྲ་ཚ་བོ་མང་པོ་ཞིག་གནས་ཆུང་དེ་ཚོར་སྐད་ཆ་འདྲི་ཡི་ཡོད། ཡིན་ནའང་། ཐག་གཅོད་ང་རང་གིས་བྱེད་ཀྱི་ཡོད། བསམ་འཆར་འདྲ་པོ་བསྡུས་ཏེ་སྐད་ཆ་འདྲི་ཡི་ཡོད། ཕལ་ཆེར་ཕྱི་ལོ་ ༡༩༥༤ དང་ ༡༩༥༥ དེ་འདྲ་ཞིག་ཏུ་གནས་ཆུང་གི་ལུང་ཞིག་གི་ནང་དུ་ཆུ་ཤེལ་ནོར་བུའི་འོད་སྣང་དེ་ནུབ་ནས་གསལ་བའི་དུས་ཡིན་ནོ་ཞེས་པའི་ལུང་བསྟན་ཞིག་བརྒྱབ་ཡོད་པ་རེད། རྒྱལ་བ་རིན་པོ་ཆེ་ལ་ཆུ་ཤེལ་ནོར་བུ་ལབ་ཀྱི་ཡོད་པ་དང་། ཆུ་ཤེལ་ནོར་བུའི་འོད་དེ་ནུབ་ནས་ཤར་ཡོང་གི་རེད་ཅེས་བཤད་ཡོད་པ་རེད། དེ་དུས་ལྷ་སར་གནས་ཚུལ་ཏོག་ཙམ་ཉེན་ཁ་འདྲ་པོ་དང་སྡུག་ཏུ་སྡུག་ཏུ་འགྲོ་ཡི་ཡོད་ཀྱང་། དེ་ཙམ་གྱིས་ཛ་དྲག་པོ་ཡོད་པ་མ་རེད། དེ་ནས་ཕྱི་ལོ་ ༡༩༥༩ མ་ཟིན་ཙམ་ལ་གནས་ཚུལ་ཛ་དྲག་ཞེ་དྲགས་ཆགས་བསྡད་ཡོད་སྐབས། གནས་ཆུང་གི་ལུང་ཞིག་གི་ནང་རབ་མེད་པའི་ཆུ་བོ་ཆེན་པོ་ལ་གྲུ་ཤན་འཛུགས་པའི་ཐབས་ཤེས་ཡོད་ཅེས་ལབ་པ་རེད། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ ཉིན་གྱི་དགོང་མོར་ང་བྲོས་ཡོང་བ་རེད། ནོར་བུ་གླིང་ག་ནས་ཟླ་བ་ ༣ ཚེས་ ༡༠ ལ་ཟང་ངེ་ཟིང་ངེ་བྱུང་བའི་སྐབས་དེར་ངས་གནས་ཆུང་སྤྱན་འདྲེན་བཏང་སྟེ། ད་ག་འདྲ་དགའ་འདུག་ཅེས་སྐད་ཆ་འདྲི་སྐབས་༧རྒྱལ་བ་རིན་པོ་ཆེ་བཞུགས་དགོས་ཡོད་ཅེས་ལབ་པ་དང་། ཚེས་ ༡༧ ཉིན་གནས་ཚུལ་ཞེ་དྲགས་ཛ་དྲག་པོ་ཆགས་ཚར་བ་དང་ཡང་གནས་ཆུང་ལ་སྐད་ཆ་འདྲི་དུས། ད་ཕེབས་དགོས་ཡོད། ཕེབས་པའི་དུས་ལ་བབས་འདུག་ཅེས་ཐག་གཙང་མ་བཅད་དེ་འགྲོ་སའི་ལམ་ག་དེའང་ར་མོ་ཁང་བརྒྱུད་ནས་ཕེབས་ཤོག ཅི་གང་བྱས་མི་ཡོང་ཞེས་ལབ་སོང་། དེ་ཚོའི་གྲས་དེ་ཁེད་མཚར་ཞེ་དྲགས་འདུག ཡིན་ནའང་། ལྷ་ཚད་ལྡན་དགོས་པ་རེད། ལྷ་ཚད་ལྡན་མ་བྱུང་ན་ཕུ་འདྲ་བརྒྱབ་སྟེ་སྐྱག་རྫུན་བཤད་མཁན་དེ་འདྲ་མང་པོ་ཡོད་པ་རེད། ཅེས་གསུངས་འདུག
བོད་ཀྱི་བླ་མ་མང་པོ་སྐུ་ཐུགས་དམ་དུ་བཞུགས་ཀྱི་ཡོད་པ་དེར་ཞིབ་འཇུག་བྱས་ན་བྱ་རྒྱུ་ཡོད་སྐོར་༧གོང་ས་མཆོག་གིས། ཐུགས་དམ་ཟེར་བ་དེ་ཁེད་མཚར་ཞེ་དྲགས་རེད་དཱ། ཡོངས་འཛིན་གླིང་རིན་པོ་ཆེ་དགོངས་པ་རྫོགས་ཏེ་ཞག་པོ་ ༡༣ ལ་ཐུགས་དམ་དུ་བཞུགས་པ་རེད། ཁྲི་ཟུར་བློ་བཟང་ཉི་མ་ལགས་དགེ་བཤེས་ཡག་པོ་ཞེ་དྲགས་རེད། ཁོང་ཐུགས་དམ་དུ་ཉི་མ་བཅོ་བརྒྱད་བཅུ་དགུ་ཞིག་ལ་བཞུགས་པ་རེད། སྔོན་མ་སྦག་ས་རུ་བླ་མ་ཞིག་ཐུགས་དམ་དུ་ཕལ་ཆེར་ཞག་པོ་ ༢༧ འདྲ་པོ་ཞིག་ལ་བཞུགས་པ་རེད། དེ་འདྲ་ཡིན་དུས་ཡོད་ཐག་གཅོད་རེད་དེ་དེ་ལ་འགྲེལ་བཤད་ཅིག་དགོས་པ་རེད། ང་ཚོའི་དཔེ་ཆའི་ནང་དུ་སེམས་ཕྲ་རགས་ལ་དབྱེ་བ་ཕྱེས་ཏེ། ང་ཚོས་ནམ་རྒྱུན་ནས་འཆི་བ་འོད་གསལ་ཟེར་གྱི་འདུག་མ་གཏོགས་ཤི་བ་འོད་གསལ་ཟེར་གྱི་མི་འདུག་གཱ། འཆི་བ་འོད་གསལ་ཟེར་དུས་ད་ལྟ་འཆི་བཞིན་པ་རེད་མ་གཏོགས་ད་ལྟ་ཤི་ཡོད་པ་མ་རེད། དེར་བརྟེན་འཆི་བའི་གནས་སྐབས་ཀྱི་སེམས་རགས་པ་དེ་ཚོ་གཙོ་བོ་ཀླད་པ་ལ་བརྟེན་ཡོད་པ་དང་། ཀླད་པའི་བྱ་བ་ཉམས་དུས་སེམས་རགས་པ་རྣམས་འགག་ཚར་བ་རེད། སེམས་རགས་པ་ནས་འགག་སྟེ་སེམས་ཕྲ་བ་དང་། སེམས་ཕྲ་བ་ནས་ནང་གསེས་ཕྲ་རུ་ཕྲ་རུ་འགྲོ་བསྡད་པ་དེ་གཙོ་བོ་སྔགས་ཀྱི་དཔེ་ཆའི་ནང་གསུངས་ཡོད་པ་རེད། དེ་ནས་སྣང་མཆེད་ཐོབ་གསུམ་ཞེས་སྣང་བ་དང་མཆེད་པ། ཉེར་ཐོབ་ཅེས་བཤད་ཀྱི་འདུག་གཱ། ཉེར་ཐོབ་འགག་ཚར་རྗེས་ཐམས་ཅད་སྟོང་པ་འོད་གསལ་ཞེས་སྟོང་པ་བཞིའི་རྣམ་གཞག་བཤད་ཀྱི་ཡོད་པ་རེད། ཐུགས་དམ་བཞུགས་ཟེར་བ་དེ་སྣང་མཆེད་ཐོབ་གསུམ་ནས་འོད་གསལ་གྱི་སྒང་ལ་སྔོན་གྱི་གོམས་འདྲིས་ཡིན་ན་འདྲ། ཕན་པ་ཡིན་ནའང་འདྲ་དེ་འདྲའི་ཐོག་ནས་དེའི་སྒང་ལ་ཡུན་རིང་པོར་སྡོད་ཀྱི་ཡོད་པ་ང་ཚོས་འགྲེལ་བཤད་དེ་འདྲ་རྒྱག་གི་ཡོད་པ་རེད།
རྙོག་དྲ་ཞིག་ལ་ནེའུ་ཛི་ལན་ཌི་ལ་ངས་ངོ་ཤེས་པ་བོད་པའི་བླ་མ་ཡག་པོ་ཞིག་ཡོད། ཁོང་གཤེགས་ནས་བདུན་ཕྲག་གཅིག་གཉིས་ཤིག་ལ་ཐུགས་དམ་དུ་བཞུགས་པ་རེད། ཁོང་གཤེགས་ནས་ཉི་མ་བཞི་ཕྱིན་པའི་དགོང་མོ་དེར་ཁོང་གི་ལག་པ་གཡོན་མ་དེ་འགུལ་སྐྱོད་བརྒྱབ་ནས་ལག་པ་གཡས་པའི་མཛུབ་མོ་འཇུས་པ་དེ་འདྲ་ཆགས་འདུག དེ་ནང་པའི་ངོས་ནས་བཤད་པ་ཡིན་ནའང་འགྲེལ་བཤད་རྒྱག་རྒྱུ་ཁག་པོ་ཞེ་དྲགས་རེད། ངས་ཁོང་ཚོར་ཁྱེད་རང་ཚོས་པར་ཆས་ཤིག་བཙུགས་བཞག་དགོས་པ་རེད། པར་ཆས་ཤིག་བཙུགས་བཞག་ཡོད་ན་འགུལ་སྐྱོད་ག་འདྲ་རྒྱག་གི་འདུག་ལམ་སང་རྒྱག་གི་འདུག་གམ། ག་ལེར་ག་ལེར་བྱས་ནས་རྒྱག་གི་འདུག་ཤེས་ཀྱི་རེད། དེ་འདྲ་ཡིན་དུས་ང་ཚོའི་རྙོག་དྲ་གང་རེད་ལབ་ན། ལུས་འགུལ་སྐྱོད་རྒྱག་པར་ལུས་ལ་རྩ་བའི་རླུང་ལྔ་དང་ཡན་ལག་གི་རླུང་ལྔ་ཞེས་ཡོད་པ་དང་། ལུས་འགུལ་སྐྱོད་དེ་ཁྱབ་བྱེད་ཀྱི་རླུང་གིས་འགུལ་སྐྱོད་རྒྱག་གི་ཡོད་པ་རེད། དབུགས་ཀྱི་རྒྱུ་བ་འགག་དུས་ཁྱབ་བྱེད་ཀྱི་རླུང་འགག་ཚར་བ་རེད། ལུས་པོའི་འགུལ་སྐྱོད་དེ་ཁྱབ་བྱེད་ཀྱི་རླུང་གིས་བྱེད་ཀྱི་ཡོད་པ་དང་། འོད་གསལ་གྱི་གནས་སྐབས་ལ་ཁྱབ་བྱེད་ཀྱི་རླུང་འགག་ཚར་དུས་ལག་པ་འགུལ་སྐྱོད་ག་འདྲ་རྒྱག་གི་ཡོད་པ་རེད། ང་ཚོའི་ངོས་ནས་ཆ་བཞག་པ་ཡིན་ནའང་དེར་ཞིབ་འཇུག་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད། ཞིབ་འཇུག་བྱས་ན་བྱ་རྒྱུའང་ཡོད་པ་ཞིག་རེད། ཅེས་གསུངས་འདུག
དེ་ཡང་སློབ་ཕྲུག་ཅིག་གིས་རྒྱལ་བའི་ཡང་སྲིད་སྐོར་ལ་བོད་ནང་གི་བོད་མི་མང་པོས་སེམས་འཁྲལ་གནང་གི་ཡོད་པས་དེའི་སྐོར་བཀའ་སློབ་ཅིག་ཕེབས་རོགས་ཞུས་པར། ༧གོང་ས་མཆོག་ནས་དད་པ་དང་དམ་ཚིག་གཡོ་བ་མེད་པར་བཞུགས་པའི་གཞིས་ལུས་བོད་མི་རྣམས་བློ་བདེ་བོ་བྱས་ནས་བཞུགས་རོགས་ཞེས་གསུངས་པ་དང་འབྲེལ། མ་འོངས་པར་རྒྱལ་དབང་སྐུ་ཕྲེང་ཕེབས་པ་ཡིན་ནའང་ཆོས་ཕྱོགས་རྐྱང་རྐྱང་མ་གཏོགས་ཆབ་སྲིད་ཀྱི་འགན་དེ་མེད་ན་ཡག་པོ་ཡོད་ལ། ༧གོང་ས་མཆོག་གི་བླ་བྲང་མུ་མཐུད་གནས་ན་དགའ་མིན་དང་། གནས་པ་ཡིན་ན་ག་འདྲ་དགོས་མིན་ཐད་ཕལ་ཆེར་ལོ་འདིའི་ནང་འབྲེལ་ཡོད་ཚོར་ཡིག་ཆ་ཕེབས་རྒྱུ་དང་། དེ་ནས་ལོ་གཉིས་གསུམ་ནང་བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་འཁྲིད་རྣམས་ལྷན་དུ་འཛོམས་ཏེ། མ་འོངས་པའི་རྒྱལ་དབང་གི་འགྲོ་སྟངས་ག་འདྲ་དགོས་པའི་ཐད་གྲོས་སྡུར་གནང་རྒྱུ་སོགས་ཀྱི་འཆར་གཞི་རྣམས་འགྲོ་བཞིན་པ་ཡིན་སྐོར་གསུངས་འདུག
གསར་འགོད་པ། པདྨ་མཚོ།
བཀའ་སློབ་རྩ་ཆེན་རེད། སྙིང་བཅངས་ཞུ།