རྒྱ་གར་དང་རྒྱ་ནག་གཞུང་གཉིས་མཉམ་འབྲེལ་ཐོག་རྒྱ་ནག་གི་དམག་མི་ཟུར་པ་ཝང་དང་། ཁོང་གི་ནང་མི་འགའ་རྒྱ་གར་ནས་ཕྱིར་ཕ་ཡུལ་རྒྱ་ནག་ཏུ་ངོ་ལོ་ ༥༣ རྗེས་སུ་ལོག་པར་རོགས་རམ་བྱས་ཡོད་འདུག
རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་ནག་གི་དམག་མི་ཟུར་པ་ཝང་ཆི་(Wang Qi)དང་ཁོང་གི་བུ་དང་བཟའ་ཟླ། དེ་བཞིན། ཚ་མོ་རྣམས་རྒྱ་ནག་ཏུ་ཕྱིན་ཡོད་པའི་གནས་ཚུལ་བཀོད་འདུག སྐུ་ཞབས་ཝང་ནི་ ༡༩༦༣ སྐབས་རྒྱ་དཀར་ནག་གི་དམག་འཁྲུག་མཚམས་བཞག་སྟེ་བདུན་ཕྲག་ཁ་ཤས་རྗེས་རྒྱ་གར་ས་མཚམས་ཤིག་ཏུ་ལམ་ནོར་ཐེབས་སྐབས། རྒྱ་གར་གྱི་དམག་མིས་ཁོང་འཛིན་བཟུང་བྱས་ཏེ་ད་ལྟ་བར་ཕྱིར་ཕ་ཡུལ་རྒྱ་ནག་དུ་ལོག་ཐུབ་མེད།
ཁོང་རྒྱ་གར་བཙོན་ཁང་ནས་ཀློད་གྲོལ་ཐོབ་རྗེས་རྒྱ་གར་གྱི་མངའ་སྡེ་མཱ་དྷི་ཡ་པྲ་དེཥ་(Madhya Pradesh)གྱི་ས་གནས་ཤིག་ཏུ་གནས་སྡོད་བྱས་ཡོད་པ་མ་ཟད། རྗེས་སུ་ས་གནས་དེའི་བུད་མེད་ཅིག་དང་གཉེན་སྒྲིག་བྱས་ཏེ། ད་ལྟ་བུ་དང་བུ་མོ་ལྔ་ཡོད་པ་དང་ཁོང་ད་ལྟ་རང་ལོ་ ༧༨ ཡིན་འདུག
ཁོས་སྔོན་ཆེད་ཐེངས་མང་པོར་རྒྱ་ནག་ཏུ་ལོག་པར་རྒྱ་གར་གཞུང་གི་ཕྱི་སྐྱོད་ལག་འཁྱེར་ལེན་ཐབས་བྱས་ཡོད་ཀྱང་རྒྱ་གར་གཞུང་གིས་ཐོག་མ་ནས་སྐུ་ཞབས་ཝང་གསང་ཉུལ་བར་དོགས་གཞི་ཡོད་སྟབས། ཕྱི་སྐྱོད་ལག་འཁྱེར་ད་བར་ཁོང་ལ་སྤྲད་མེད། ཉེ་ལམ་སྐུ་ཞབས་ཝང་སྐོར་གྱི་གནས་ཚུལ་རྒྱ་གར་གསར་ལམ་ཁག་ཏུ་ཁྱབ་རྗེས་རྒྱ་ནག་གཞུང་གིས་རྒྱ་གར་གཞུང་དང་མཉམ་འབྲེལ་ཐོག་ཝང་ཕྱིར་ཕ་ཡུལ་དུ་སྐྱོད་ཆོག་པའི་ལག་འཁྱེར་ལེན་ཐབས་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད།
བདུན་ཕྲག་སྔོན་མའི་གཟའ་སྤེན་པའི་ཉིན། སྐུ་ཞབས་ཝང་གི་རོགས་པར་ཁོང་གི་བུ་བྷིས་ནཱུ་(Vishu Wang)དང་བཟའ་ཟླ་ནཱི་ཧཱ་(Neha)། དེ་བཞིན། ཚ་མོ་ཁཱ་ནཱག་ཝང་(Khanak Wang)བཅས་ཕྱིན་ཡོད་འདུག འོན་ཀྱང་ཁོང་གི་སྐྱེས་དམན་སཱུ་ཤི་ལཱ་(Shushila)དང་། བུ་མོ་གཟུགས་གཞི་ཏོག་ཙམ་བདེ་པོ་མེད་སྟབས། ཐེངས་འདིར་ཁོང་ཚོའི་མཉམ་དུ་འགྲོ་ཐུབ་མེད་ཀྱང་། གཟུགས་གཞི་དྲག་སྐྱེད་བྱུང་ན་ཁོང་གཉིས་གང་མགྱོགས་རྒྱ་ནག་ཏུ་བསྐྱོད་རྒྱུ་ཡིན་འདུག
ད་ལྟ་ཝང་རྒྱ་ནག་དུ་གནས་སྡོད་བྱ་རྒྱུའམ་ཡང་ན་རྒྱ་གར་ལ་ཕྱིར་ལོག་རྒྱུའི་ཐད་ཐག་གཅོད་གང་ཡང་མེད་ཅེས་རྒྱ་གར་དུས་བབ་གསར་ཁང་ལ་བརྗོད་ཡོད་འདུག རྒྱ་གར་གཞུང་གིས་ཁོང་ལ་རྒྱ་ནག་ཏུ་སྡོད་ཆོག་པའི་ཕྱི་སྐྱོད་ལག་འཁྱེར་སྟེང་ལོ་གཅིག་གི་དུས་ཡུན་ལས་སྤྲད་མེད་ཀྱང་། ཝང་གིས་ལོ་གཅིག་གི་དུས་ཡུན་ནི་རིང་པོ་ཡིན་སྟབས། ཕྱི་ལོག་མིན་རྗེས་ལ་ལྷོད་ལྷོད་བྱས་ཏེ་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།
འོན་ཀྱང་། རྒྱ་ནག་གིས་ཁོང་གི་བུ་དང་བཟའ་ཟླ། དེ་བཞིན་ཚ་མོ་བཅས་ལ་རྒྱ་ནག་ཏུ་སྡོད་ཆོག་པའི་ཕྱི་སྐྱོད་ལག་འཁྱེར་ཐོག་དུས་ཡུན་ལོ་གཉིས་སྤྲད་ཡོད་སྟབས། མི་མང་པོ་ཞིག་གིས་རྒྱ་ནག་གིས་དེ་ལྟར་དུས་ཡུན་རིང་པོ་སྤྲད་པ་ནི་ཁོང་ཚོ་རྒྱ་ནག་ཏུ་གནས་གཞི་བྱེད་བཅུག་འདོད་ཡོད་པའི་རྟགས་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་འདུག ཅེས་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་བཀོད་ཡོད་འདུག
འབྲེལ་ཡོད་གནས་ཚུལ། ༼ རྒྱ་དམག་ཅིག་རྒྱ་གར་ནང་མི་ལོ་ ༥༠ ལྷག་རིང་ལུས། ༽