བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་སྐལ་བཟང་དོན་གྲུབ་ལགས་སུ་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་བྱུང་རིམ་དང་། ད་ལྟའི་གནས་བབ་སོགས་ཀྱི་སྐོར་ལ་བཅར་འདྲི་བྱེད་སྐབས། བོད་པའི་རྐང་རྩེད་སྤོ་ལོའི་རུ་ཁག་གི་གནས་ཚད་དང་བསམ་བློ་གཏོང་སྟངས། སྤྱོད་ལམ་འཁུར་སྟངས་བཅས་ཡར་རྒྱས་ཕྱིན་ཡོད་ཀྱང་། ལྟད་མོ་ལྟ་མཁན་གྱི་ངོས་ནས་བཟང་སྤྱོད་ཐད་འགྱུར་བ་ཞེ་དྲགས་ཕྱིན་ཡོད་སྐོར་བརྗོད་བྱུང་།
དྲི་བ། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་ཐོག་མར་རྨང་གཞི་ག་འདྲ་ཞིག་གི་ཐོག་ནས་གསར་འཛུགས་གནང་ཡོད་པ་དང་ ། དམིགས་ཡུལ་ག་རེ་བཟུང་སྟེ་བཙུགས་པ་རེད།
ལན། ཕྱི་ལོ་ ༡༩༦༠ ལོར་བོད་པའི་སློབ་གྲྭ་ཁག་གསར་འཛུགས་གནང་བ་ནས་བཟུང་སྟེ་སློབ་གྲྭ་ཁག་ནང་རྐང་རྩེད་སྤོ་ལོ་ཡི་ཡོད་པ་རེད་ལ། རྐང་སྤོལ་དར་བ་གཙོ་བོ་དེ་ཕྱི་ལོ་ ༡༩༨༡ ལོར་༧རྒྱལ་ཡུམ་དམ་པ་མཆོག་དགོངས་པ་རྫོགས་ཡོད་པ་དང་། འཛམ་བུ་གླིང་གི་འགྲོ་སྟངས་ནང་མི་སྣ་གལ་ཆེན་རིགས་ལ་དྲན་རྟེན་ཆེད་དུ་མཐོ་རིམ་སློབ་གྲྭ་དང་ལམ་ག ཁང་པ་སོགས་ལ་དམ་པ་དེའི་མཚན་བཏགས་ཏེ་ཡུན་རིང་དྲན་གསོ་ཞུ་སྲོལ་ཡོད་པ་ལྟར། ཐོག་མར་ཕྱི་ལོ་ ༡༩༨༡ ལོའི་ཟླ་ ༡༠ པའི་ནང་བཞུགས་སྒར་དྷ་རམ་ས་ལར་༧རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་སྡུར་མགོ་བཙུགས་ཡོད་པ་རེད། ཡིན་ནའང་། ཕྱི་ལོ་ ༡༩༨༥ ལོར་སྐུའི་གཅེན་པོ་བློ་བཟང་བསམ་གཏན་ལགས་དགོངས་པ་རྫོགས་པར་བརྟེན་རྐང་སྤོལ་འགྲན་སྡུར་ཚོགས་མེད་པ་དང་། དེའི་རྗེས་སུའང་དཔལ་འབྱོར་གྱི་དཀའ་ངལ་དང་རུ་ཁག་མ་འཛོམས་པ། རྙོག་ཟིང་བྱུང་བ་སོགས་ཀྱིས་ལོ་ཤས་རིང་ཚོགས་ཐུབ་མེད་པ་རེད། དེ་ནས་ཕྱི་ལོ་ ༡༩༩༠ ནང་ཆོལ་ཁ་གསུམ་དང་ཆིག་སྒྲིལ་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག་ལོ་ཤས་རིང་རྐང་སྤོལ་འགྲན་སྡུར་བྱས་ཡོད་པ་རེད། ཕྱི་ལོ་ ༡༩༩༨ ལོར་ཨི་ཊ་ལི་ནས་ལྷ་ལྕམ་སྐུ་ཞབས་རྗེ་བཙུན་པདྨ་མཆོག་གི་མཚན་ཐོག་ལ་མགྲོན་ཤོག་ཅིག་འབྱོར་ཏེ། བོད་པའི་རྐང་རྩེད་སྤོ་ལོའི་རུ་ཁག་ཆེ་ཆུང་གཉིས་དང་ཞབས་བྲོ་རུ་ཁག་ཅིག་ཨི་ཊ་ལིའི་ནང་གཏོང་དགོས་སྐོར་ཞུས་པ་ལྟར། ལྷ་ལྕམ་སྐུ་ཞབས་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ནས་གལ་ཆེར་གཟིགས་ཏེ་ཕྱི་ལོ་ ༡༩༩༨ ཟླ་ ༡༢ པའི་ནང་རྒྱ་གར་ལྷོ་ཕྱོགས་སྤེལ་ཀོབ་ཏུ་རྐང་རྩེད་སྤོ་ལོའི་འགྲན་སྡུར་བྱས་པ་བརྒྱུད་རུ་ཁག་ཆེ་བར་མི་ ༡༣ བདམས་པ་དང་། རུ་ཁག་ཆུང་བའི་ནང་བོད་ཁྱིམ་གྱི་སློབ་ཕྲུག་བདམས་ཏེ། ཕྱི་ལོ་ ༡༩༩༩ ལོར་ཨི་ཊ་ལི་ཡི་འགྲན་སྡུར་ནང་ཞུགས་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༠༡ ལོར་ཌན་མག་ནང་གྷི་རིན་ལན་ཌི་དང་མཉམ་དུ་རྐང་སྤོར་འགྲན་སྡུར་བྱས་པ་རེད།
ཕྱི་ལོ་ ༢༠༠༢ ལོར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་དངོས་སུ་བཙུགས་ཡོད་པ་དང་། ཚོགས་པའི་ངོས་ནས་ཕྱི་ལོ་ ༢༠༠༩ ནས་བཟུང་བོད་པའི་སློབ་གྲྭ་ ༢༠ ནང་བུ་རང་ལོ་ ༡༢ མར་འདབས་དང་བུ་མོ་རང་ལོ་ ༡༠ མར་འདབས་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་སྐྱེད་སྲིང་དང་། ལུས་རྩལ་དགེ་རྒན་རྣམས་ལ་སློབ་སྟོན། དེ་བཞིན་ཕྱི་ལོ་ ༢༠༠༣ ནས་བཟུང་༧རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་སྡུར་གོ་སྒྲིག་བྱེད་བཞིན་ཡོད་ལ། གཞན་ཡང་རྩེད་རིགས་ཡག་པོ་དེ་འདྲ་ཡོད་ན་ཚོགས་པའི་ངོས་ནས་ལམ་སྟོན་མཐུན་འགྱུར་དང་འབྲེལ་མཐུད་རོགས་རམ་བྱེད་བཞིན་པ་བཅས་ནི་ཚོགས་པའི་ལས་འགན་གཙོ་བོ་འདྲ་ཆགས་བསྡད་ཡོད་པ་རེད།
དྲི་བ། ཕྱི་ལོ་ ༢༠༡༧ ལོའི་༧རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་འགྲན་སྡུར་དེ་ཕྱི་ཟླ་ ༤ པའི་ནང་ཀོ་ལི་སྒར་གཞིས་ཆགས་ནང་འཚོགས་འཆར་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ནི་རུ་ཁག་རྣམས་ཀྱིས་ཐོ་འགོད་ཀྱི་ཉིན་མཐའ་མ་དེ་ཆགས་ཡོད་པས་ད་ལོའི་འགྲན་སྡུར་ནང་ཁྱོན་རུ་ཁག་ག་ཚོད་ཡོད་པ་དང་། ཐོ་འགོད་བྱེད་པར་ཆ་རྐྱེན་ག་རེ་དགོས་པ་རེད།
ལན། ༧རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་སྡུར་དེ་ཐོག་མར་མགོ་བཙུགས་དུས་དང་བསྡུར་ན་ད་ལྟ་འཛུལ་ཞུགས་བྱེད་མཁན་རུ་ཁག་ཞེ་དྲགས་མང་དུ་ཕྱིན་ཡོད་པ་དང་། ད་ལོའི་འགྲན་སྡུར་ནང་ད་ལྟའི་བར་རུ་ཁག་ ༡༠ ཡིས་ཐོ་འགོད་བྱས་ཟིན་ཡོད་ལ། ད་ལྟ་ཡིག་ཆ་འབྱོར་བ་དང་འབྲེལ་བ་བྱུང་བཞིན་པ་བཅས་རོབས་རྩིས་བྱས་ན་ཁྱོན་རུ་ཁག་ ༡༦ ཙམ་བསླེབ་སྲིད་པ་རེད། འགྲན་སྡུར་ནང་ཞུགས་པར་ཆ་རྐྱེན་ག་རེ་ཡོད་པ་རེད་ཟེར་ན། ས་གནས་གང་ནས་ཡིན་ན་ས་གནས་དེ་གའི་གཞིས་མགོའི་རྒྱབ་གཉེར་ཡི་གེ་ཞིག་དང་། རུ་ཁག་ཚད་ལྡན་ཡིན་པའི་ཆ་རྐྱེན་དུ་རུ་ཁག་ལ་མིང་ཚད་ལྡན་དང་། སློབ་སྟོན་པ་མི་གསུམ་ནས་ལྔ་བར་ཡོད་པ། དེ་བཞིན་རུ་ཁག་འཛིན་སྐྱོང་བ་མི་གསུམ་ནས་ལྔ་ཡོད་དགོས་ལ། གལ་སྲིད་ཆ་རྐྱེན་དེ་ཚོ་ཚང་བ་ཡིན་ན་ང་ཚོར་འབྲེལ་བ་བྱས་ཏེ་ས་གནས་མགོ་འཛིན་གྱི་རྒྱབ་གཉེར་དང་མཉམ་དུ་འགྲན་སྡུར་ནང་ཞུགས་ཀྱི་ཡིན་པའི་སྙན་ཞུ་ཞིག་དགོས་པ་དང་། དེ་ནས་ཚོགས་པའི་འགང་ཤོག་ནང་རུ་ཁག་གི་མིང་དང་ས་གནས་སོགས་སྐོང་དགོས་པ་རེད་ལ། དེབ་སྐྱེལ་དངུལ་(Registration Fee)སྤྲོད་དགོས་པ་རེད། སྔོན་མ་དེབ་སྐྱེལ་དངུལ་ཧིན་སྒོར་ ༥༠༠༠ ཡིན་པ་དང་། དེ་ནས་ཡུན་རིང་ཧིན་སྒོར་ ༧༥༠༠ བྱས་པ་རེད། ཡིན་ནའང། འགྲོ་སོང་འཕར་འགྲོ་ཡི་ཡོད་དུས་ད་ལོར་རུ་ཁག་རེ་ནས་ཧིན་སྒོར་ཁྲི་གཅིག་རེ་བསྡུ་ཡི་ཡོད། དེ་ཚོ་ཚང་བ་ཡིན་ན་ང་ཚོས་དེབ་སྐྱེལ་བྱེད་ཀྱི་ཡོད། ཡིན་ནའང་། ས་གནས་གཅིག་ནས་རུ་ཁག་གཉིས་ཡོད་པ་ཡིན་ན་རུ་ཁག་གཅིག་ལ་མ་གཏོགས་གོ་སྐབས་སྤྲོད་ཐུབ་ཀྱི་ཡོད་པ་མ་རེད། གང་ཡིན་ཟེར་ན། རུ་ཁག་མང་པོ་ཞེ་དྲགས་ཡོད་ན་དུས་ཚོད་དང་འགྲོ་སོང་སོགས་གང་ཅིའི་ཐད་ནས་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། རྩེད་མོ་རྩེ་མཁན་གྱི་ངོས་ནས་ཆ་རྐྱེན་གཙོ་བོ་དེ་དཔྱ་ཁྲལ་ལག་དེབ་ཀྱི་དངུལ་ངེས་པར་དུ་སྤྲད་ཡོད་དགོས་པ་རེད།
དྲི་བ། ད་ལོར་འགྲན་སྡུར་གྱི་འགྲོ་སྟངས་དེ་གོ་སྐབས་གཅིག་ལས་མེད་པ་(Knock out)དང་གོ་སྐབས་ཁ་ཤས་ཡོད་པའི་(league)ཟེར་བ་གཉིས་ལས་གང་འགྲོ་ཡ་རེད།
ལན། སྤྱིར་བཏང་ཁྱེད་རང་གིས་གསུངས་པ་ལྟར་འགྲན་སྡུར་འགྲོ་སྟངས་ལ་(Knock out)དང་(league)ཟེར་བ་གཉིས་ཡོད་པ་དང་། སྔོན་མ་དྷ་རམ་ས་ལར་ཐེངས་གཉིས་ཤིག་ལ་གོ་སྐབས་གཅིག་ལས་མེད་པའི་(Knock out)རྩེ་དགོས་བྱུང་བ་རེད། གང་ཡིན་ཟེར་ན། ཉིན་བཅུའི་ནང་རུ་ཁག་མང་པོ་ཞེ་དྲགས་བསླེབས་ཡོང་དུས་(League)རྩེ་བའི་དུས་ཚོད་ཁོ་རང་ཡོད་པ་མ་རེད། (League)ཟེར་བ་དེ་ཐེངས་མ་དང་པོ་ཤོར་ན་གཉིས་པ་རྩེ་རྒྱུ་ཡོད་པ་དང་། གཉིས་པ་ཤོར་ན་གསུམ་པ་རྩེ་རྒྱུ་ཡོད་པ་རེད། ང་ཚོས་ད་ལྟའི་བར་དུ་རུ་ཁག་རེར་ཐེངས་གཉིས་རེར་རྩེ་བཅུག་ཡོད། ཡིན་ནའང་། ན་ནིང་མོན་གྷོར་དུ་རུ་ཁག་ཚང་མའི་འདོད་པ་ལྟར་ཐེངས་གསུམ་རེར་རྩེ་བཅུག་ཡོད་ལ། འཛམ་བུ་གླིང་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་ནང་དུའང་རུ་ཁག་རེར་ཐེངས་གསུམ་རེར་རྩེ་རྒྱུ་ཡོད་པ་རེད། དེར་བརྟེན་ད་ལོའང་རུ་ཁག་རེ་ཐེངས་གསུམ་རེར་རྩེ་བའི་འཆར་གཞི་བཟོ་ཡི་ཡོད། ཡིན་ནའང་། རུ་ཁག་མང་དྲག་ན་ཉིན་བཅུའི་ནང་ཡོང་ག་མི་འདུག་པས་རུ་ཁག་རེ་ཐེངས་གཉིས་རེར་མ་གཏོགས་མེད་པ་དེ་འདྲ་བཟོ་དགོས་ཆགས་སྲིད་པ་རེད། ང་ཚོས་ཕྱི་ལོ་ ༢༠༠༣ ནས་བཟུང་༧རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་སྡུར་མ་ཆད་པར་གོ་སྒྲིག་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ནས་བཟུང་ཕལ་ཆེར་ཟང་ངེ་ཟིང་ངེ་གཅིག་ཀྱང་བྱུང་ཡོད་པ་མ་རེད། བོད་པའི་རྐང་རྩེད་སྤོ་ལོའི་རུ་ཁག་གི་གནས་ཚད་མཐོ་རུ་ཕྱིན་ཡོད་པ་དང་། བསམ་བློ་གཏོང་སྟངས་དང་སྤྱོད་ལམ་འཁུར་སྟངས་ཡར་རྒྱས་ཕྱིན་ཡོད་སྟབས། རྩེད་མོ་རྩེ་མཁན་གྱི་ངོས་ནས་དཀའ་ངལ་ཕལ་ཆེར་ཡོད་པ་མ་རེད། ཡིན་ནའང་། ལྟད་མོ་ལྟ་མཁན་གྱི་ངོས་ནས་བཟང་སྤྱོད་ཐད་འགྱུར་བ་ཞེ་དྲགས་ཕྱིན་འདུག
དྲི་བ། དེ་སྔོན་ཁྱེད་ཀྱིས་ཕྱི་ལོ་ ༢༠༡༩ ལོ་ནང་ཚུད་དུ་བོད་ཀྱི་བུ་མོའི་རྐང་རྩེད་སྤོ་ལོའི་རུ་ཁག་ཚད་ལྡན་ཞིག་སྐྱེད་སྲིང་ཐུབ་པ་གནང་རྒྱུ་ཡིན་སྐོར་བརྗོད་ཡོད་པ་ལྟར། མ་འོངས་པར་བུ་མོའི་རྐང་སྤོ་རུ་ཁག་ཚད་ལྡན་ཞིག་ཡོང་བར་གྲ་སྒྲིག་ག་རེ་གནང་བཞིན་ཡོད།
ལན། སྤྱིར་བཏང་སློབ་གྲྭ་ཁག་ནང་བུ་མོ་ཚོས་རྐང་རྩེད་སྤོ་ལོ་རྩེ་ཡི་ཡོད་པ་རེད་དེ། ཕྱི་ལོ་ ༢༠༡༢ ནས་བཟུང་སྟེ་བུ་མོའི་རུ་ཁག་ཆེད་དུ་བཙུགས་ཡོད་པ་དང་། སྐབས་དེར་ཨ་རིའི་བུད་མེད་ཁ་སི་ཆིལ་ཌིར་སི་(Cassie Childers)དང་མཉམ་འབྲེལ་གྱིས་བཙུགས་ཡོད་པ་རེད། ད་ལྟ་ང་ཚོར་དངོས་ཡོད་གནས་སྟངས་ཐོག་དཀའ་ངལ་ག་རེ་འཕྲད་བསྡད་ཡོད་པ་རེད་ཟེར་ན། བུ་མོའི་རྐང་སྤོལ་རུ་ཁག་གི་བུ་མོ་མང་ཆེ་བ་འཛིན་གྲྭ་ ༡༢ ཐོན་ཏེ་མཐོ་སློབ་ཁག་ཏུ་ཡོད་པ་དང་། ཁ་སི་ཆིལ་ཌིར་སི་ཡིས་ང་ཚོ་དང་ཁ་ཁ་བྱས་ཏེ་མོ་རང་གིས་བུ་མོའི་རྐང་སྤོལ་རུ་ཁག་ལོགས་སུ་བཙུགས་ཡོད་པ་དེའི་ནང་བུ་མོ་མང་པོ་ཞིག་ཡོད་པ་རེད། དེ་འདྲ་ཡིན་མིན་ལ་མ་ལྟོས་པར་སློབ་གྲྭ་ཁག་ཏུ་ཡོད་པའི་བུ་མོའི་རུ་ཁག་དེ་ཚོར་དགུན་ཁའི་གུང་གསེང་སྐབས་སུ་ང་ཚོས་སྦྱོང་བརྡར་སྤྲོད་ཀྱི་ཡོད། ཡིན་ནའང་། ད་ལོར་ང་ཚོས་སྦྱོང་བརྡར་སྤྲོད་ཐུབ་མ་སོང་། གང་ཡིན་ཟེར་ན། དུས་འཁོར་དབང་ཆེན་དང་ལོ་གསར་ལ་ཉེ་ཡི་ཡོད་པས་བཞག་པ་རེད། ད་ལོའི་ཕྱི་ཟླ་ ༦ པའི་ནང་བོད་པའི་བུ་མོའི་རྐང་སྤོལ་རུ་ཁག་གི་གྲངས་འབོར་ཏོག་ཙམ་མང་དུ་གཏང་སྟེ་འགྲན་སྡུར་གོ་སྒྲིག་བྱེད་འཆར་ཡོད་ལ། (ConIFA)ཞེས་པའི་ཚོགས་པ་ཞིག་གི་ནང་ལ་ང་ཚོ་བོད་ཀྱི་རྩེད་རིགས་ཚོགས་པ་འདི་དེབ་སྐྱེལ་བྱས་ཡོད་དུས། དེའི་ནང་ལ་ཕྱི་ལོ་ ༢༠༡༨ ལོར་བོད་པའི་བུ་མོའི་རྐང་སྤོལ་རུ་ཁག་ཅིག་རྩེ་བའི་འཆར་གཞི་ཡོད་པ་རེད། དེར་བརྟེན་ང་ཚོས་ད་ལོའི་ཕྱི་ཟླ་ ༦ པའི་འགྲན་བསྡུར་བརྒྱུད་བུ་མོའི་རུ་ཁག་འདེམས་རྒྱུ་དང་། དེའི་རྗེས་ལའང་ང་ཚོས་རུ་ཁག་དེ་ཡར་མར་བཏང་ནས་བུ་མོའི་རུ་ཁག་དེ་ང་ཚོས་ཏན་ཏན་ཡག་པོ་ཞིག་ཡོང་ཐུབ་པ་བྱེད་ཀྱི་ཡིན།
དྲི་བ། བོད་པའི་བུ་མོའི་རྐང་སྤོལ་རུ་ཁག་དེ་ཁག་གཉིས་སུ་གྱེས་ཏེ་དཀའ་རྙོག་ཅིག་ཡོང་གི་ཡོད་དུས། ཨ་རིའི་བུད་མེད་དེ་དང་མཉམ་དུ་འབྲེལ་མོལ་འདྲ་ཡོང་གི་ཡོད་དམ།
ལན། མོ་དང་ང་ཚོས་ཕྱི་ལོ་ ༢༠༡༢ ནས་ ༢༠༡༤ བར་མཉམ་དུ་ལས་ཀ་བྱས་ཡོད་པ་དང་། དེ་ནས་བཟུང་དཀའ་ངལ་ཆེ་རུ་ཆེ་རུ་འགྲོ་ཡི་འདུག ༧རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་པ། བོད་པའི་བུ་མོའི་མིང་ཐོག་ནས་མོ་ལ་དངུལ་མང་པོ་ཞིག་སླེབ་ཀྱི་ཡོད་པ་དེ་དངོས་ཡོད་གནས་ཚུལ་ཡིན་ཡང་། དངུལ་ག་ཚོད་རག་གི་ཡོད་མེད་དེ་ང་ཚོས་ལྟ་ཐུབ་ཀྱི་ཡོད་པ་མ་རེད། ཕྱི་ལོ་ ༢༠༡༤ ནས་དཀའ་ངལ་འཕྲད་པར་བརྟེན་ང་ཚོས་གན་རྒྱ་ཞིག་འཇོག་རྒྱུ་བྱས་ཏེ། གན་རྒྱ་དེ་མོ་ལ་སྤྲད་རྗེས་གན་རྒྱ་ལས་བརྒྱ་ཆ་ ༥༠ ཞིག་ལ་འགྱུར་བ་བཏང་འདུག དངུལ་གྱི་སྟངས་འཛིན་ཚང་མ་མོ་རང་གིས་བྱེད་དགོས་པ་དང་འཛིན་སྐྱོང་ནང་དབང་ཆ་ཆ་ཚང་དགོས་པ་སོགས་དེ་འདྲ་མང་པོ་ཞིག་འདུག ང་ཚོས་དེ་ཚོ་རིགས་གཅིག་རྒྱ་གར་གྱི་ཁྲིམས་ཐོག་ནས་ཀྱང་ཡོང་གི་མ་རེད། ཡང་མིན་ན་ཁྱེད་རང་ཚུར་ཤོག་དང་ང་ཚོས་གན་རྒྱ་དེ་བཟོ་བར་སྐད་ཆ་བཤད་ཆོག གན་རྒྱ་དེ་མ་བཞག་བར་དུ་ང་ཚོ་བོད་པའི་བུ་མོའི་མིང་དང་ལས་རྟགས། བོད་པའི་མིང་དེ་ཚོ་བེད་སྤྱོད་མ་གཏོང་རོགས་ཞེས་ཐེངས་གསུམ་ལ་ཡི་གེ་བཏང་བ་རེད། ཕྱི་ལོ་ ༢༠༡༥ ལོར་རྡེ་ར་རྡུན་དུ་མོ་རང་གིས་གོ་སྒྲིག་བྱས་ཏེ་བུ་མོའི་རྐང་སྤོལ་རུ་ཁག་གིས་སྦྱོང་བརྡར་བྱེད་སྐབས་ང་ཚོས་ཡང་ཡི་གེ་བཏང་བ་རེད། དེ་དུས་མོས་ཁྱེད་རང་ཚོས་ང་ཕུད་པ་རེད། ད་ང་རང་སུ་གཅིག་ལ་བསྟུན་གྱི་མིན། དབང་ཆ་ཆ་ཚང་ང་རང་གི་ཡིན་ཞེས་བཤད་པ་རེད། ཡིན་ནའང་། ཕྱི་ལོ་ ༢༠༡༥ ཟླ་ ༡༠ པའི་ནང་མོ་རང་དྷ་རམ་ས་ལར་ཡོང་སྟེ་ཤེས་རིག་བཀའ་བློན་མཆོག་དང་ནང་སྲིད་བཀའ་བློན་མཆོག་མཉམ་དུ་སྔ་གཞུག་ཏུ་བཀའ་མོལ་ཞུས་ཏེ། མོའི་ཚོགས་པ་དེ་ལ་ངོས་འཛིན་དགོས་ཀྱི་ཡོད་སྐོར་ཞུས་འདུག་ལ། སྐབས་དེར་ང་ཚོའི་ངོས་ནས་ཀྱང་བཀའ་བློན་རྣམ་པ་གཉིས་ལ་བཅར་ཏེ་ལོ་རྒྱུས་ཆ་ཚང་ཞིག་ཞུས་པ་ཡིན། མཐའ་མ་དེར་བཀའ་བློན་རྣམ་པ་གཉིས་ནས་བོད་ཀྱི་རྩེད་མོ་དང་འབྲེལ་བ་ཡོད་པ་ཚང་མ་བོད་མིའི་སྒྲིག་འཛུགས་ནས་ངོས་ལེན་ཡོད་པའི་བོད་ཀྱི་རྩེད་རིགས་ཚོགས་པར་འབྲེལ་བ་བྱེད་དགོས་པའི་ལམ་སྟོན་གནང་ཡོད་པ་རེད། ཡིན་ནའང་། ང་ཚོར་ད་ལྟ་བར་དུ་འབྲེལ་བ་བྱས་མ་སོང་།
མོ་རང་གིས་གོ་སྒྲིག་བྱས་ཏེ་ན་ནིང་གྷོའ་(Goa)་རུ་བུ་མོའི་རྐང་སྤོལ་རྩེས་པ་དང་ད་ལོ་ཡང་ང་ཚོས་གོ་བ་ལྟར་ན་ཨ་རིའི་ནང་རྩེ་ཡི་ཡོད་ས་རེད། དེ་ཚོ་མོ་རང་སྒེར་གྱི་མིང་འཁུར་ནས་འགྲོ་ཡི་ཡོད་པ་རེད་མ་གཏོགས་བོད་པའི་དོན་གཅོད་སོགས་ལ་འབྲེལ་བ་གང་ཡང་ཡོད་པ་མ་རེད། བོད་པའི་བུ་མོའི་རུ་ཁག་གང་ངོས་ལེན་བྱེད་དང་མ་བྱེད་ཟེར་བ་དེ་ང་རང་ཚོ་བོད་པའི་སྤྱི་ཚོགས་ཁོ་རང་ལ་བལྟ་རྒྱུ་རེད་ལ། རུ་ཁག་ནང་ཡོད་པའི་བུ་མོ་ཚོ་ཡིན་ནའང་ཁོ་རང་ཚོས་བསམ་བློ་གཏོང་རྒྱུ་རེད།
དྲི་བ། ཕྱི་ལོ་ ༢༠༠༡ ལོར་རྒྱལ་ཡོངས་རྩེད་རིགས་ཚོགས་པས་སུད་སི་སོགས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་ནང་སྐོར་སྐྱོད་གནང་ཡོད་པ་དང་། ང་ཚོས་གོ་བ་ལྟར་ན། རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་མཐུན་ཚོགས་(FIFA)ནང་ཕྱི་རྒྱལ་ནས་འཚར་ལོངས་བྱུང་བའི་བོད་པ་དེ་འདྲ་ཡོད་པ་རེད་ཟེར་གྱི་འདུག་པས་དེ་ཚོར་འབྲེལ་འདྲིས་འདྲ་བྱུང་སོང་ངམ།
ལན། ང་ཚོ་ཕྱི་རྒྱལ་ཁག་ཏུ་ཕྱིན་པའི་དམིགས་ཡུལ་གཙོ་བོ་དེ་སྤྱིར་བཏང་རྒྱལ་ཁ་འཐོབ་པའི་རེ་བ་བྱེད་དགོས་པ་རེད་ལ། ཐབས་ཤེས་ཀྱང་བྱེད་དགོས་པ་རེད། ཡིན་ནའང་། དེ་ལས་གལ་ཆེ་བ་བོད་པའི་རྣམ་པ་སྟོན་རྒྱུ་དེ་ཡིན་པས་ད་ལྟ་བར་དུ་ཕྱིན་པ་ཚང་མ་དངོས་གནས་བཟང་སྤྱོད་ཀྱི་ཐོག་ནས་ཚད་དང་ལྡན་པ་བྱུང་ཡོད་པ་རེད། ཁྱེད་རང་གིས་བཤད་པ་ལྟར་ང་ཚོ་ཕར་ཚུར་འགྲོ་དུས་མི་མང་པོ་ཞེ་དྲགས་ཤིག་ལ་ཐུག་ཡོད་པ་རེད་ལ། བོད་པ་རང་རྩེ་མཁན་རྡོ་རྗེ་ཚ་བ་ཟེར་བ་ཞིག་སུད་སི་ཡི་གནས་ཚད་མཐོ་ཤོས་ནང་རྩེ་མཁན་དེ་འདྲ་རེད་འདུག ཁོང་རང་ང་ཚོའི་རུ་ཁག་ནང་རྩེས་ཡོད་པ་དང་ང་ཚོར་འབྲེལ་བ་ཡོད། ཡིན་ནའང་།། ཕྱི་རྒྱལ་གྱི་མི་སེར་ཡིན་པ་ཚོ་(FIFA)ནང་རྩེ་ཆོག་གི་ཡོད་ལ། སྔོན་མ་(FIFA)དྲ་རྒྱ་ནང་དུ་བོད་པ་དེ་རྒྱལ་ཁབ་གཞན་པའི་མི་སེར་ཡིན་ཞེས་པ་ཞིག་བཏོན་པ་དང་། དེ་མ་ཐག་རྒྱ་ནག་གཞུང་གིས་དགག་པ་བརྒྱབ་སྟེ་ཕལ་ཆེར་ཉིན་གཉིས་ཙམ་ནང་དེ་མར་བཏོན་དགོས་བྱུང་བ་རེད། སྐབས་དེར་ང་ཚོས་ཡི་གེ་བཏང་སྟེ་ང་ཚོའི་དེ་ངོས་འཛིན་གནང་རོགས་ཞེས་ཞུ་སྐབས། ཁྱེད་རང་ཚོར་ཆ་རྐྱེན་ཚང་གི་མི་འདུག་ལབ་པ་རེད། ཆ་རྐྱེན་མ་ཚང་ཟེར་བ་རང་བཙན་མེད་པ་དེ་རང་ལ་ངོས་འཛིན་བྱེད་ཀྱི་ཡོད།
དྲི་བ། རྩེད་རིགས་ཟེར་དུས་རྣམ་གྲངས་མི་འདྲ་བ་ཧ་ཅང་མང་པོ་ཡོད་པ་རེད་ལ། བོད་རང་ལ་མཚོན་ནའང་རྩེད་རིགས་ཀྱི་རྣམ་གྲངས་མང་པོ་ཡོད་པ་རེད། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་རྩེད་རིགས་ག་རེ་ག་རེ་གོ་སྒྲིག་གནང་གི་ཡོད་པ་རེད།
ལན། དང་ཐོག་ཚོགས་པ་ལ་མིང་འདོགས་སྐབས་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་ཚོགས་པ་དང་ཡང་ན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་ཞེས་མིང་གཉིས་བཏགས་ཆོག་ཀྱང་། རྐང་རྩེད་སྤོ་ལོ་ལབ་ན་རྐང་རྩེད་སྤོ་ལོ་གཅིག་པུ་མ་གཏོགས་རྩེད་མོ་གཞན་རྣམས་ལ་འབྲེལ་བ་བཏགས་པ་ཡིན་ན་འདོགས་མ་བདེ་བ་ཞིག་ཡིན་སྟབས། རྩེད་རིགས་ག་རེ་ཡིན་ནའང་ལག་ལེན་ཐུབ་པའི་ཆེད་དུ་དགོངས་པ་རྒྱ་ཆེར་བཞེས་ཀྱིས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་ཞེས་བཏགས་པ་རེད། རྩེད་རིགས་ག་རེ་གོ་སྒྲིག་བྱེད་དགོས་མིན་ང་རང་ཚོ་བོད་པའི་སྤྱི་ཚོགས་ནང་རྩེད་མོ་ག་རེ་དར་སོ་ཆེན་པོ་འདུག་དེར་ལྟ་ཡི་ཡོད་པ་རེད། ད་ལྟ་ང་ཚོའི་སྤྱི་ཚོགས་ནང་སིལ་སྤོལ་དེ་ཨང་གཉིས་པ་འདྲ་ཆགས་ཡོད་པ་དང་། སིལ་སྤོར་ལ་རྐང་སྤོལ་ལྟར་རུ་ཁག་མེད་ཀྱང་ང་ཚོས་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པ་ཡན་གྱི་འགྲན་སྡུར་དེ་ཕྱི་ལོ་ ༢༠༡༢ ནས་མགོ་བཙུགས་ཏེ་འགྲོ་བཞིན་ཡོད། བོད་པའི་སློབ་གྲྭ་ཁག་ནང་རྩེད་མོའི་ལྟེ་གནས་ཤིག་བཙུགས་པའི་འཆར་གཞི་བཟོ་ཡི་ཡོད་པ་རེད།
ང་ཚོ་བརྒྱུད་དེ་བསྟན་འཛིན་པདྨ་ཟེར་བའི་བོད་པའི་བུ་མོ་ཞིག་རྒྱ་གར་གྱི་ཁུ་ཚུར་(Boxing)འགྲན་སྡུར་ནང་ཞུགས་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༣ པའི་ནང་མོ་རང་བྷན་ཁོག་གི་འགྲན་སྡུར་ནང་འགྲོ་འཆར་ཡོད་པས། དེའི་འགྲོ་སོང་གང་ལ་གང་འཚམ་ཞིག་ང་ཚོས་གཏོང་གི་ཡོད་པ་རེད། མོ་རང་གིས་བཤད་པ་ལྟར་བྱས་ན། མོ་དེའི་ནང་ཚུད་པ་ཡིན་ན་རྗེས་མ་པོ་ལན་ཌའི་འགྲན་སྡུར་ནང་ཞུགས་རྒྱུ་དང་། དེ་ནས་ཚུད་པ་ཡིན་ན་ཕྱི་ལོ་ ༢༠༢༠ ལོའི་ཨོ་རྩལ་འགྲན་སྡུར་ནང་ཞུགས་པའི་གོ་སྐབས་ཡོད་པ་རེད། སྤྱིར་བཏང་རྒྱ་གར་གྱི་མིང་ཐོག་ནས་འཛུལ་ཞུགས་བྱེད་ཀྱི་ཡོད་པ་རེད་དེ་བོད་པའི་བུ་མོ་ཡིན་པས་ང་ཚོས་དེར་རོགས་རམ་བྱེད་བཞིན་ཡོད།
དྲི་བ། ང་རང་ཚོ་བོད་པར་མཚོན་ན། ཆུང་དུས་ནས་རྐང་རྩེད་སྤོ་ལོ་སོགས་རྩེད་རིགས་ལ་ཆེད་དུ་སྦྱོང་བརྡར་བྱེད་པའི་གོམས་སྲོལ་མེད་ལ། རྩེད་མོ་རིགས་རྩེ་བ་དེ་ཧ་ཧ་ཧོ་ཧོ་དང་སྣང་བ་སྐྱིད་པོ་བྱེད་པའི་ཆེད་ཙམ་མ་གཏོགས། མི་གཅིག་གི་མི་ཚེའི་མདུན་ལམ་ཞིག་ལ་ངོས་འཛིན་བྱེད་ཐུབ་ཀྱི་ཡོད་པ་མ་རེད། དེ་འདྲ་ཡིན་དུས། མ་འོངས་པར་བྱིས་པ་ཆུང་ཆུང་སྐབས་ནས་བཟུང་ཆེད་ལས་རང་བཞིན་གྱི་སྦྱོང་བརྡར་སྤྲོད་པའི་འཆར་གཞི་དེ་འདྲ་ཡོད་དམ།
ལན། སྔོན་མ་ཡིན་ན་ང་ཚོས་སློབ་གྲྭ་ཁག་ནང་ལོ་ ༡༢ ནས་མགོ་བཙུགས་ཡོད་ཀྱང་དེ་ཆེ་དྲག་ཡོད་པ་རེད། ད་ལྟ་ང་ཚོར་རུ་ཁག་གསར་པ་ཡོད་པ་དེ་ཚོ་ལོ་ ༡༥ ལ་བསླེབས་ཡོད་པ་དང་། ཁོང་ཚོ་ཐོག་མར་འདེམས་དུས་ལོ་ ༨ རེད། བྱིས་པ་དེ་ཚོར་སློབ་སྟོན་པ་གཅིག་གི་འོག་ལ་ཕལ་ཆེར་ ༡༠ ཞིག་ལ་སྦྱོང་བརྡར་བྱེད་པའི་གོ་སྐབས་ཡོད་པ་དང་། ད་ལྟ་སྦྱོང་བརྡར་བྱེད་མཁན་མང་ཆེ་བ་ཞིག་གིས་ཞོགས་པར་སྦྱོང་གི་ཡོད་པ་རེད་ལ། ང་ཚོས་ཁོ་ཚོར་སེམས་ཤུགས་སྤར་བའི་ཆེད་དུ་བུའི་རུ་ཁག་ ༢༡ ་དང་བུ་མོའི་རུ་ཁག་ ༡༥ ལ་ལོ་རེར་ཧིན་སྒོར་ ༡༥༠༠ རེ་སྤྲོད་དེ། ཆེས་མ་མཐའ་ཡང་ལོ་གཅིག་ནང་ཉིན་ ༩༠ ལ་སྦྱོང་བརྡར་ངེས་པར་དུ་བྱེད་རོགས་ཞེས་ལབ་ཀྱི་ཡོད་ལ། ནང་ཁུལ་གྱི་འགྲན་སྡུར་དེ་ཡང་ནས་ཡང་དུ་ཡོང་གི་ཡོད་པ་རེད། མ་འོངས་པར་ང་ཚོས་༧རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་སྡུར་དེ་མི་ཆེན་པོར་ཡོད་པ་ལྟར། བུ་ལོ་ཆུང་བ་དང་བུ་མོ་ལའང་འགྲན་སྡུར་དེ་ཡོད་པ་བཟོ་བ་སོགས་ཀྱི་འཆར་གཞི་མང་པོ་ཞིག་ཡོད།
ད་ལྟ་ང་ཚོས་ཐབས་ཤེས་གཅིག་ག་རེ་བྱེད་ཀྱི་ཡོད་ཟེར་ན། རྒྱ་གར་ནང་རྐང་སྤོལ་རུ་ཁག་མང་པོ་བཙུགས་ཏེ་རྐང་སྤོལ་ཡར་རྒྱས་ཞེ་དྲགས་ཕྱིན་ཡོད་ལ། སྔོན་མ་ཡིན་ན་(I-league )ཟེར་བ་ཞིག་ཡོད་པ་དང་། དེང་སང་(Indian Super league)ཟེར་བ་ཞིག་བསླེབས་ཏེ། ཕྱི་ལོགས་ཀྱི་རྐང་སྤོལ་རྩེ་མཁན་མང་པོ་སྐད་བཏང་སྟེ་དངུལ་མང་པོ་ཞེ་དྲགས་གཏོང་གི་ཡོད་པ་རེད། ང་ཚོས་ཐབས་ཤེས་བཏང་སྟེ་(I-league)ནང་ལ་ང་ཚོ་བོད་པའི་རྐང་སྤོལ་བ་གཅིག་རྩེས་ཡོད་པ་རེད་ལ། (I-league)དང་(Indian super league)གཉིས་ནས་རྩེད་མོ་བ་འདེམས་སྒྲུག་གནང་གི་ཡོད་དུས། དེའི་ནང་བོད་པའི་རྐང་སྤོལ་རྩེ་མཁན་འདེམས་སྒྲུག་གནང་རོགས་ཞེས་ང་ཚོས་འབྲེལ་བ་བྱེད་བཞིན་ཡོད། གལ་སྲིད་དེ་འདྲའི་ཚུད་པ་ཡིན་ན་དངོས་གནས་ཁོང་ཚོའི་མི་ཚེའི་མདུན་ལམ་ཡག་ཐག་ཆོད་ཆགས་ཀྱི་རེད་བསམ་གྱི་འདུག
གསར་འགོད་པ། པདྨ་མཚོ།
༅༅། གསར་འགོད་པ་པད་མ་མཚོ་ནས་དཔེ་ཡག་པོ་བྲིས་འདུག་ ལེགས་སོ་ཞུ་བ་དང་སྦྲགས་བོད་རྒྱལ་ལོ་༢༡༤༤ རབ་གནས་མེ་བྱ་གནམ་ལོ་གསར་ཆེས་ལ་བཀྲིས་བདེ་ལེགས་ཞུ་གི་ཡོད།
༄༅། བོད་རབ་གནས་མེ་བྱ་གསར་པའི་ལོར། རྗེ་བླ་མའི་སྐུ་ཚེ་བྲག་ལྟར་བརྟན་།
ས་གོ་ལར་བདེ་སྐྱིད་འབྱུང་བ་ཤོག། བོད་མི་རིགས་བསམ་དོན་འགྲུབ་པར་ཤོག་།
༄༅། ཕྱོགས་བཞི་མཚམས་བརྒྱད་ས་གནས་ཀུན་གནས་པའི་།
ཤ་རུས་གདུང་རྒྱུད་གཅིག་པའི་སྤུན་ཟླ་ཚོ་།
ལོ་གསར་པར་བགེགས་རིགས་ཀུན་ཞི་ནས།
བོད་གཞིས་བྱེས་འཛོམས་པའི་བཀྲིས་ཤོག།
ཁྱེད་གསར་འགོད་རྣམ་པ་སྐུ་ཁམས་བཟང།