བོད་ཀྱི་སྒྲ་བསྒྱུར་ཁང་གིས་ད་སྔ་སྐད་རིགས་གཞན་ནང་གི་གློག་བརྙན་དང་བྱིས་པའི་འགུལ་རིས་གློག་བརྙན་ ༦ ཙམ་བོད་སྐད་ནང་སྒྲ་བསྒྱུར་བྱས་ཏེ་བཀྲམས་ཡོད་པ་དང་། མ་འོངས་པར་ལོ་རེར་འགུལ་རིས་གློག་བརྙན་ ༦ རེ་སྒྲ་སྒྱུར་བྱས་ཏེ་དགྲམ་རྒྱུ་ཡིན་འདུག
དེ་རིང་སྔ་དྲོའི་ཆུ་ཚོད་ ༣།༣༠ སྟེང་། དྷ་ས་མེག་གྷན་ཡོངས་གླིང་སློབ་གྲྭའི་ནང་། བོད་ཀྱི་སྒྲ་བསྒྱུར་ཁང་དབུ་བརྙས་པའི་མཛད་སྒོ་ཞིག་ཚོགས་སོང་། སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་དངོས་འགྲུབ་ཚེ་རིང་མཆོག་དང་ཤེས་ཡོན་འགན་འཛིན་བསམ་འགྲུབ་ལགས། དེ་བཞིན། སྒྲ་བསྒྱུར་ཁང་གི་ལས་བྱེད་དང་དྷ་ས་ཁུལ་གྱི་མི་མང་ཁག་ཅིག་བཅས་འཛོམས་འདུག
བོད་ཀྱི་སྒྲ་བསྒྱུར་ཁང་ཞེས་པ་དེ་ནི། ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༣༠ ཉིན། ཨ་རིར་གནས་སྡོད་ཨ་ཅག་བསོད་ནམས་ལྷ་མོ་ལགས་ཀྱི་རོགས་སྐྱོར་འོག བསྟན་འཛིན་མཆོག་འཕེལ་ལགས་ཀྱིས་དྷ་ས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉེ་འཁྲིས་སུ་བཙུགས་ཡོད་པ་དང་། བོད་ཀྱི་སྒྲ་བསྒྱུར་ཁང་དུ་རང་རེའི་མེས་པོ་དམ་པ་རྣམས་ཀྱིས་བཞག་པའི་བོད་ཀྱི་སྐད་ཡིག་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཡོང་ཆེད། མི་མང་གིས་དགའ་མོས་བྱེད་བཞིན་པའི་གློག་བརྙན་དང་བྱིས་པའི་འགུལ་རིས་བརྙན་ཐུང་སོགས་བོད་སྐད་ནང་སྒྲ་བསྒྱུར་བྱས་ཏེ། རྒྱ་བལ་འབྲུག་ནང་ཡོད་པའི་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་ཏུ་རིན་མེད་ཐོག་འགྲེམས་སྤེལ་བྱེད་བཞིན་ཡོད་འདུག
ད་ཆར་བོད་ཀྱི་སྒྲ་བསྒྱུར་ཁང་དེར་སྐད་སྒྱུར་དང་སྒྲ་འཇུག སྒྲིག་སྦྱོར་སོགས་སྡེ་ཚན་གསུམ་དང་ལས་བྱེད་བདུན་ཡོད་འདུག སྒྲ་བསྒྱུར་ཁང་གི་དྲ་ཚིགས་ཁ་བྱང་ (www.tibetdub.org) རེད་འདུག
བོད་ཀྱི་སྒྲ་བསྒྱུར་ཁང་གི་འགན་འཛིན་གཞོན་པ་མིག་དམར་ཆུང་བདག་ལགས་ཀྱིས་བོད་ཀྱི་སྒྲ་བསྒྱུར་ཁང་ངོ་སྤྲོད་གནང་བ་ལྟར་ན། སྒྲ་སྒྱུར་ཁང་དེ་སྔ་ལོར་ཨ་རིར་གནས་སྡོད་བསོད་ནམས་ལྷ་མོ་ལགས་དང་བྱམས་པ་བསྟན་འཛིན་ལགས། དེ་བཞིན། བོད་ཀྱི་གཏམ་བརྗོད་འཁྲབ་སྟོན་པ་ལྷག་པ་ཚེ་རིང་ལགས་སོགས་ཀྱི་དཔལ་འབྱོར་མཐུན་སྦྱོར་འོག་བཙུགས་པ་ཞིག་ཡིན་འདུག ཁོས་བརྗད་དོན། “ང་ཚོའི་དམིགས་ཡུལ་གཙོ་བོ་བོད་པའི་བྱིས་པ་ཚོས་བོད་སྐད་གཙང་མ་བཤད་ཐུབ་པ་དང་། བོད་རང་གི་སྐད་དང་རིག་གནས་ལ་དོ་སྣང་སྐྲུན་ཆེད་ཡིན། ང་ཚོས་ཕྱི་ཟླ་ ༡༢ པ་ནས་ད་ལྟའི་བར་བྱིས་པའི་བརྙན་སྡེར་གསུམ་བཟོས་ཏེ་བཀྲམས་ཡོད། མ་འོངས་པར་ལོ་རེར་བྱིས་པའི་བརྙན་སྡེར་ ༦ རེ་སྒྲ་བསྒྱུར་བྱས་ཏེ་འགྲེམ་བྱ་རྒྱུའི་འཆར་གཞི་ཡོད། བོད་པའི་སྤྱི་ཚོགས་ནང་བོད་རང་གིས་བཟོས་པའི་གློག་བརྙན་དེ་འདྲ་དཀོན་པོ་ཡིན་པ་མ་ཟད། དེ་འདྲའི་སྒང་ལ་ཆེད་ལས་མི་སྣ་ཡང་དཀོན་པོ་རེད་འདུག མ་འོངས་པར་བོད་ཀྱི་སྤྱི་ཚོགས་དང་མཐོ་སློབ་ཁག་ནས་བོད་རང་གི་འགུལ་རིས་བརྙན་ཐུང་དེ་འདྲ་བཟོ་ཐུབ་མཁན་ཡོད་ན། ཁོ་ཚོ་དང་མཉམ་འབྲེལ་བྱས་ཏེ་ང་ཚོས་བོད་ཀྱི་བྱིས་པའི་འགུལ་རིས་བརྙན་ཐུང་དེ་འདྲ་བཟོ་རྒྱུ་ཡིན།” ཞེས་བརྗོད་སོང་།
ཤེས་རིག་བཀའ་བློན་མཆོག་གིས་གསུངས་དོན། ད་ལྟའི་ཆར་ང་ཚོས་བོད་སྐད་གཙང་མ་བཤད་རྒྱུར་འབད་བརྩོན་བྱེད་བཞིན་པའི་སྐབས་འདིར། དེའི་ཕྱོགས་ལ་འབད་བརྩོན་བྱེད་བཞིན་པ་མང་པོ་ཞིག་ཡོད་པའི་ནང་ནས་སྒྲ་བསྒྱུར་ཁང་འདི་ལྟ་བུ་དབུ་འབྱེད་བྱས་པ་གལ་ཆེན་ཡིན་པ་དང་། ད་ལྟའི་ཆར་ཤེས་རིག་ལས་ཁུངས་ངོས་ནས་བྱིས་པའི་འགུལ་རིས་བརྙན་སྡེར་དེ་འདྲ་བཟོས་ཡོད་པ་མི་རིང་བར་དབུ་འབྱེད་བྱ་རྒྱུ་ཡིན། འོན་ཀྱང་བོད་པའི་སྤྱི་ཚོགས་ནང་ལས་རིགས་དེ་འདྲའི་ཕྱོགས་ལ་སྦྱོང་བརྡར་ཡོད་མཁན་དང་ལས་ཀ་བྱེད་མཁན་ཧ་ཅང་དཀོན་པོ་དང་ཕལ་ཆེར་མི་འདུག་ལབ་ནའང་མི་འགྲིག་པ་མི་འདུག ཕྱོགས་གཞན་ཞིག་ནས་བསམ་ན་ལས་རིགས་དེ་དག་གི་རིགས་དེ་ཧ་ཅང་གལ་ཆེན་པོ་ཞིག་རེད་འདུག ལྷག་པར་དུ་ད་ལྟའི་དུས་རབས་འདི་ལ་ཆ་བཞག་ན་ (digital A) ཟེར་གྱི་ཡོད་པ་རེད། དེའི་རིགས་དེ་མེད་དུ་མི་རུང་པ་ཞིག་རེད། གཞན། ཕྱིའི་རྒྱལ་ཁབ་ཁག་ལ་མཚོན་ན་ཨ་མ་ཚོས་བྱིས་པར་ཟ་མ་སྤྲོད་སྐབས། བྱིས་པས་ཟ་མ་མ་ཟས་པ་ཡིན་ན། བྱིས་པར་དེ་ལྟ་བུའི་འགུལ་རིས་གློག་བརྙན་རིགས་བསྟན་ཏེ། བྱིས་པར་ཟ་མ་ཟ་རུ་འཇུག་ཐབས་བྱེད་ཀྱིན་ཡོད་པ་རེད། དེ་ཡིན་དུས་ཁོ་ཚོས་ལས་རིགས་འདི་ལྟ་བུ་མགོ་བརྩམས་པ་དེར་རྒྱབ་སྐྱོར་དང་མ་འོངས་པར་ཤེས་རིག་གི་ངོས་ནས་རོགས་རམ་གང་ཐུབ་བྱེད་རྒྱུ་ཡིན་ལ། སྤྱིར་ཤེས་ཡོན་གྱི་ཐད་ལ་ཤེས་རིག་གི་ངོས་ནས་འགན་འཁུར་དགོས་པ་དེ་གཙོ་བོ་ཡིན་ན་ཡང་། མང་པོ་ཞིག་ལ་སྙོབས་ཐུབ་ཀྱི་མེད་སྟབས་སྤྱི་ཚོགས་ནང་འདི་ལྟ་བུའི་འགན་ཁུར་ནས་མཉམ་འབྲེལ་བྱས་པ་ཡིན་ན། ང་ཚོས་ལས་རིགས་འདིའི་རིགས་ལེགས་འགྲུབ་ཡོང་ཐུབ་པ་ཞིག་རེད་འདུག ཅེས་གསུངས་སོང་།
མཇུག་ཏུ་མི་མང་འདུ་འཛོམས་ཐོག་གཞིས་སྣ་འཁྲབ་སྟོན་དང་སྤྱི་ཚོགས་སློབ་གསོ་དང་འབྲེལ་བའི་གཏམ་བརྗོད་སོགས་གོ་སྒྲིག་གནང་འདུག
གསར་འགོད་པ། པདྨ་རྒྱལ།
ཕྲན་རང་ངོས་ནས་བོད་ཀྱི་སྒྲ་བསྒྱུར་ཁང་དེ་འདྲ་ཞིག་དབུ་བརྙེས་ཐུབ་པར་བསྔགས་བརྗོད་ཞུ་རྒྱུ་ཡིན། ངའི་རེ་བ་ལ་ཁྱེད་རྣམས་ནས་བོད་ནས་སྒྲ་བསྒྱུར་བྱས་པའི་གློག་བརྙན་མང་པོ་ཡོད་པ་དེ་དག་ནས་མིག་དཔེ་དང་། སྦྱོང་བརྡར་བྱེད་རྒྱུ་ཧ་ཅང་གལ་འགངས་ཆེ་བར་མངོན་བཞིན་འདུག། ལྷག་པར་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སློབ་འབྲིང་དང་། སློབ་ཆུང་ཁག་གི་སློབ་མ་རྣམས་ལ་དམིགས་ཏེ་དེང་དུས་སྐད་གྲགས་ཅན་གྱི་བྱིས་པའི་འགུལ་རིས་གློག་བརྙན་གང་མང་སྒྲ་བསྒྱུར་གནང་བའི་རེ་བ་ཞུ་རྒྱུ་དང་། ཕྲན་གྱི་ངོས་ནས་སྡེ་ཚན་དེ་བརྒྱུད་ནས་བོད་རིགས་སློབ་ཆུང་གི་སློབ་མ་རྣམས་ལ་བོད་ཡིག་ཡར་རྒྱས་དང་། དོ་སྣང་ཇི་མང་དུ་སོང་བའི་ཡིད་ཆེས་དང་རེ་བ་ཡོད།།
ལས་འཆར་འདི་ཕྱིས་དྲགས་ན་སྔ་དྲགས་མེད། རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད། ལས་འཆར་འདི་འགོ་འཛུགས་མཁན་དང་ལས་བྱ་ཡོངས་ལ་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་བརྗོད་འདོད་བྱུང་། འདི་ལྟ་བུ་ནི་ང་ཚོའི་སྤྱི་ཚོགས་ལ་ཉེར་བར་མཁོ་བ་ཙམ་མ་ཟད། མེད་དུ་མི་རུང་བ་ཞིག་རེད།