རྒྱ་ནག་གི་གཞི་རིམ་སློབ་གྲྭ་ཁག་ནང་། ཕོ་མོའི་ལུས་འབྲེལ་སྐོར་གྱི་ཀློག་དེབ་བེད་སྤྱོད་བཏང་ཆོག་པ་དངོས་སུ་ལག་བསྟར་བྱས་ཡོད་འདུག འདི་ནི་རྒྱ་ནག་གི་བྱིས་པའི་སློབ་གསོའི་ཁྲོད་ཀྱི་སྟོང་ཆ་ཆེན་པོ་ཞིག་ཁ་སྐོང་བྱས་པ་དང་། རྒྱ་ནག་གི་བྱིས་པ་ཚོར་ཕོ་མོའི་ལུས་འབྲེལ་སློབ་གསོ་མེད་པའི་ཉེན་ཁ་ལས་ཐར་ལམ་གསར་པ་ཞིག་རྙེད་པ་རེད།
རྒྱ་ནག་ནང་ད་བར་བྱིས་པ་ཚོར་ཕོ་མོའི་ལུས་འབྲེལ་སྐོར་གྱི་སློབ་གསོ་ཡག་པོ་ཞིག་མེད་སྟབས། སྤྱི་ཚོགས་ནང་གཞུང་ལ་སྐྱོན་བརྗོད་མང་པོ་ཡོང་གི་ཡོད། པེ་ཅིན་ཧྲི་ཧྥིན་སློབ་ཆེན་(Beijing Normal University)གྱིས་ལོ་ངོ་དགུ་ལྷག་རིང་དཀའ་ལས་བརྒྱབ་སྟེ་བྱིས་པའི་སློབ་གསོའི་ཐད་ཉམས་ཞིབ་བྱས་མཐར། བྱིས་པར་འཚམས་པའི་ཕོ་མོའི་ལུས་འབྲེལ་སྐོར་གྱི་ཀློག་དེབ་མང་པོ་ཞིག་རྩོམ་སྒྲིག་བྱས་ཡོད་པ་དང་། ཀློག་དེབ་དེ་དག་ད་ལྟ་སྤྱི་ཚོགས་ནང་འགྲེམས་སྤེལ་བྱས་ཏེ། རྒྱ་ནག་པེ་ཅིན་གྱི་གཞི་རིམ་སློབ་གྲྭ་ཁག་ ༡༨ ནང་དངོས་སུ་ཀློག་དེབ་བྱེད་བཞིན་ཡོད་པ་མ་ཟད། དཔེ་ཚོང་ཁང་ཁག་གིས་ཀྱང་དཔེ་དེབ་དེ་དག་ཚོང་འགྲེམ་བྱེད་ཀྱིན་ཡོད་འདུག་ལ། ཀློག་དེབ་དེ་དག་ནི་བྱིས་པ་ལོ་ན་ ༦ ནས་ ༡༣ བར་གྱི་སློབ་ཕྲུག་ཚོར་དམིགས་པ་ཞིག་ཡིན་འདུག
རྒྱ་ནག་གཞུང་གིས་ད་བར་བྱིས་པར་ཕོ་མོའི་ལུས་འབྲེལ་སློབ་གསོ་སྣང་མེད་དུ་བཏང་བས་རྐྱེན་གྱིས་རྒྱ་ནག་གི་ན་གཞོན་ས་ཡ་མང་པོ་ཞིག་ལ་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། དེའི་ཁྲོད་ཀྱི་མང་པོ་ཞིག་ལ་ཚེ་སྲོག་གི་ཉེན་ཁར་ཡང་ཐུག་གི་ཡོད་པ་རེད།
བདུན་ཕྲག་སྔོན་མར་རྒྱ་ནག་ནང་གི་བྱིས་པའི་ཨ་མ་ཞིག་གིས་པེ་ཅིན་ཧྲི་ཧྥན་སློབ་ཆེན་གྱིས་རྩོམ་སྒྲིག་བྱས་པའི་ཀློག་དེབ་དེ་དག་ནང་གི་པར་རིས་འགའ་ཝེ་པཱོ་དྲ་ཚིགས་(Weibo)སྟེང་བཀོད་པ་དེར། རྒྱ་ནག་ནང་གླེང་གཞི་ཆེན་པོ་ཆགས་ཡོད་པ་རེད། ཝེ་པཱོ་དྲ་ཚིགས་བེད་སྤྱོད་གཏོང་མཁན་གྱི་ཨ་མ་དེ་ནི་རྒྱ་ནག་ཧཱང་ཊོན་(Hangzhou)ནས་ཡིན་འདུག ཨ་མ་དེས་བརྗོད་དོན། “ངས་པར་དེ་དག་སྤྱི་ཚོགས་དྲ་ལམ་དུ་འཇོག་དོན་ནི། དེབ་དེ་དག་ཀློག་སྐབས་མཐའ་ན་སོ་སོ་གཅིག་པུའང་ངོ་ཚ་ནས་ནང་དོན་ཞིབ་ཕྲར་བལྟ་ཐུབ་ཀྱི་མི་འདུག་སྟབས། ངས་ཐད་ཀར་རང་གི་ཕྲུ་གུའི་སློབ་གྲྭ་དང་དགེ་རྒན་ཚོར་སྐྱོན་བརྗོད་བྱས་ཏེ། ཀློག་དེབ་དེ་དག་བེད་སྤྱོད་མི་གནང་རྒྱུར་འབོད་སྐུལ་ཞུས་པ་ཡིན།” ཅེས་བརྗོད་འདུག ཡིན་ནའང་དྲ་ཚིགས་སྟེང་གི་པར་རིས་དེ་དག་རྒྱ་ནག་རྒྱལ་ཡོངས་སུ་ཁྱབ་བསྒྲགས་ཆེན་པོ་ཕྱིན་ཏེ། བཟང་ཕྱོགས་དང་ངན་ཕྱོགས་གཉིས་ཐད་ནས་གླེང་བཞིན་ཡོད་འདུག
ཀློག་དེབ་དེ་དག་ནང་ཕོ་མོའི་ལུས་འབྲེལ་སྐོར་གྱི་རྒྱུན་ཤེས་མང་པོ་ཞིག་བཀོད་ཡོད་པ་མ་ཟད། མ་དང་བྱིས་པའི་འཕྲོད་བསྟེན་སྐོར། འཁྲིག་སྤྱོད་ཀྱི་བདེ་ཐང་དང་གནོད་སྐྱོན། ཕོ་མཚན་དང་མོ་མཚན་གྱི་གནད་དོན། མཚན་མཐུན་འཁྲིག་སྤྱོད་སོགས་འཁོད་ཡོད་པ་མ་ཟད། ད་དུང་པར་རིས་གྱི་ལམ་ནས་ཕོ་མོའི་ལུས་འབྲེལ་བྱེད་སྟངས་དང་། བུད་མེད་ཀྱི་ཟླ་མཚན་སྐོར་སོགས་ཀྱང་ཡོད་འདུག
པེ་ཅིན་ཆིན་ཧྭ་སློབ་ཆེན་གྱི་སྤྱི་ཚོགས་རིག་པའི་མཁས་དབང་ཅིན་ཅཱང་(Jing Jun)ལགས་ཀྱིས་ན་ནིང་འདི་གར་སི་ཨན་ཨན་གསར་ཁང་དུ་བརྗོད་དོན། “ འདི་གའི་ང་རང་གི་སློབ་ཕྲུག་མང་པོ་ཞིག་ལ་སློབ་ཆེན་འགྲིམ་པའི་ལོ་དང་པོར་གཞི་ནས་འཁྲིག་སྤྱོད་སྐོར་གྱི་སློབ་གསོ་མྱོང་བའི་གོ་སྐབས་རག་གི་ཡོད་པ་མ་གཏོགས། དེའི་སྔོན་ལ་རྩ་བ་ནས་ཐོབ་མྱོང་མི་འདུག” ཅེས་བརྗོད་འདུག
རྒྱ་ནག་གི་བགོས་ནད་དང་རེག་དུག་སྔོན་འགོག་ལྟེ་གནས་ཁང་ལྟར་ན། ༢༠༡༥ ལོར་རྒྱ་ནག་ནང་རེག་དུག་ནད་པ་གསར་བ་ ༡༡༥༠༠༠ ཙམ་གྱིས་ཐོ་འགོད་བྱས་ཡོད་པ་དང་། དེའི་ཁྲོད་ཀྱི་ནད་པ་ ༡༧༠༠༠ ཙམ་ལོ་ན་ ༡༥ ནས་ ༢༤ བར་ཡིན་འདུག དཔྱད་ཞིབ་པ་ཚོས། རྒྱ་ནག་གི་བུད་མེད་ཁྲོད་མངལ་ཆགས་རྒྱུ་མེད་པ་བཟོ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་གི་ན་གཞོན་མང་པོར་རེག་དུག་ན་ཚ་ཕོག་ཡོད་པ་སོགས་ནི། རྒྱ་ནག་གི་སློབ་གསོའི་ཁྲོད་ཀྱི་ཞན་ཆ་ཞིག་ཡིན་པ་གསལ་བོར་བསྟན་ཡོད་སྐོར་བརྗོད་ཡོད།
རྒྱ་ནག་གཞུང་གིས་བྱིས་པ་ཚོར་འཁྲིག་སྤྱོད་སློབ་གསོའི་གོ་སྐབས་སྤྲད་པ་དེ་ནི། རྒྱ་ནག་ལ་མཚོན་ན་འགྱུར་བ་ཆེན་པོ་ཞིག་དང་། དཔེ་དེབ་དེ་དག་ཀློག་པ་པོ་ཚོར་མཚོན་ནའང་གནས་ཚུལ་དེ་རིགས་ལ་ལྟ་ཀློག་བྱེད་རྒྱུ་ནི་ཧ་ཅང་རྒྱུན་ལྡན་ཞིག་དང་མིའི་མི་ཚེའི་འཕྲོད་བསྟེན་ཐོག་ཏུའང་དགོས་ངེས་ཤིག་ཆགས་ཡོད་པ་རེད།
མི་མང་པོ་ཞིག་གིས་དྲ་ལམ་གྱི་པར་དེ་དག་ཐོག་བསམ་ཚུལ་འདྲ་མིན་བརྗོད་ཡོད་པའི་ཁྲོད་དུ། ཁག་ཅིག་གིས་ཀློག་དེབ་དེ་དག་བྱིས་པ་ཚོར་རན་པོ་མི་འདུག བྱིས་པ་ཚོས་ག་རེ་མཐོང་བ་དེ་བཞིན་དུ་ལག་བསྟར་བྱེད་སྲིད་པའི་ཉེན་ཁ་ཡོད་ཚུལ་བརྗོད་ཡོད་པ་དང་། ཁག་ཅིག་གིས་ཀློག་དེབ་དེ་དག་ཧ་ཅང་ཡག་པོ་དང་རན་པོ་འདུག་ཅེས་དཔེ་དེབ་དེ་དག་རྩོམ་སྒྲིག་བྱེད་མཁན་ལ་བསྔགས་བརྗོད་དང་དཔེ་ཚོང་ཁག་གི་བདག་དབང་སྲུང་སྐྱོབ་བྱེད་ཀྱིན་ཡོད་པ་རེད།
པེ་ཅིན་ནོ་ཧྲི་ཧྥིན་སློབ་ཆེན་གྱིས་ “ང་ཚོས་དཔེ་དེབ་དེ་དག་ལ་ཞིབ་འཇུག་ཡག་པོ་བྱས་ཡོད་པ་མ་ཟད། ཕ་མ་དང་ཕྲུག་གུ དགེ་རྒན་སོགས་ལའང་གྲོས་བསྡུར་མང་པོ་བྱས་ཏེ་དཔར་བསྐྲུན་བྱས་བ་ཡིན། རྒྱ་ནག་ནང་བྱིས་པ་ཚོར་འཁྲིག་སྤྱོད་སྐོར་གྱི་སློབ་གསོ་མེད་པ་དེས་བྱིས་པའི་འཚར་ལོངས་ལ་ཤུགས་རྐྱེན་མི་ལེགས་པ་ཐེབས་ཀྱི་ཡོད་པའི་གནད་དོན་ལ་གཞུང་ངོས་ནས་ད་བར་སྣང་མེད་བཏང་ཡོད་སྟབས། རྒྱ་ནག་གི་ཁྱིམ་ཚང་དང་སློབ་གྲྭ་གཉིས་ཀའི་ནང་ད་བར་འཁྲིག་སྤྱོད་སྐོར་གྱི་སློབ་གསོ་ཡོད་པ་མ་རེད།” ཅེས་བརྗོད་འདུག
པེ་ཅིན་སློབ་ཆུང་(Elementary School in Beijing)གི་དགེ་རྒན་རུས་མིང་ལ་ཡཱོ་(Yu)ཟེར་བ་ཞིག་གིས། ད་ལྟ་ཀློག་དེབ་དེ་དག་འཛིན་གྲྭའི་ནང་གི་ལོ་ན་ ༡༢ ནས་ ༡༣ བར་གྱི་སློབ་ཕྲུག་ཚོར་དངོས་སུ་སློབ་ཁྲིད་བྱེད་ཀྱིན་ཡོད་ཚུལ་བརྗོད་ཡོད་པ་དང་། དགེ་རྒན་དེས་འདི་ག་སི་ཨན་ཨན་གསར་ཁང་ལ་བརྗོད་དོན། “ང་རང་གི་བསམ་པར། ཀློག་དེབ་དེ་དག་བརྒྱུད་དེ་བྱིས་པ་ཚོར་འཕྲོད་བསྟེན་རང་བཞིན་གྱི་འཁྲིག་སྤྱོད་སློབ་གསོ་རག་ཐུབ་ཀྱི་ཡོད་པ་དེ་ཧ་ཅང་ཡག་པོར་མཐོང་སོང་། ད་དུང་ཀློག་དེབ་དེ་དག་གིས་མཚན་མཐུན་ལུས་འབྲེལ་ནི་ངན་པ་ཞིག་མིན་པ་དང་། མི་སུ་ཞིག་ཡིན་རུང་དེ་ནི་འཇིགས་སུ་རུང་བ་ཞིག་ལ་བརྩི་རུང་བ་སོགས་དམིགས་སུ་བཀར་ནས་བསྟན་ཡོད་པ་དེར་ང་རང་ཧ་ཅང་དགའ་པོ་བྱུང་སོང་།” ཞེས་བརྗོད་འདུག
ད་ལྟ་ད་དུང་རྒྱ་ནག་ནང་མཚན་མཐུན་གཉེན་སྒྲིག་བྱེད་པ་ནི་ཁྲིམས་མཐུན་ཆགས་མེད། རྒྱ་ནག་གི་སྤྱི་ཚོགས་རིག་གནས་དང་འཁྲིག་སྤྱོད་སློབ་གསོའི་མཁས་པ་ལི་ཡི་ཧི་(Li Yinhe)ལགས་ཀྱིས་ཀློག་དེབ་དེ་དག་ཏག་ཏག་རན་པོ་དང་འཚམས་པོ་འདུག་ཅེས་བརྗོད་པ་དང་། མོས་རྒྱ་ནག་གཞུང་ངོས་ནས་ད་དུང་ཕོ་མོའི་ལུས་འབྲེལ་སློབ་གསོའི་ཐད་ལམ་སྟོན་དང་ལག་བསྟར་གྱིས་འདང་གི་མེད་སྐོར་བརྗོད་དོན། “ང་ཚོར་ད་དུང་འཁྲིག་སྤྱོད་སྐོར་གྱི་སློབ་ཚན་སློབ་དེབ་མེད་པ་མ་ཟད། འཁྲིག་སྤྱོད་སློབ་གསོའི་ཆེད་ལས་དགེ་རྒན་ཡང་ཡོད་པ་མ་རེད། ཐེངས་འདིའི་ཕྱོགས་བསྡུས་རང་བཞིན་ཅན་གྱི་དཔེ་དེབ་དེ་དག་གིས་སློབ་དེབ་ཀྱི་ཚབ་བྱེད་ཀྱིན་ཡོད་པ་རེད།” ཅེས་བརྗོད།
ལྕམ་ལི་ཡིས་དཔེ་དེབ་འདི་དག་ནང་མཚན་མཐུན་སྐོར་གླེང་ཡོད་པར་བསྔགས་བརྗོད་དང་། འདིས་ཁོ་ཚོ་ཁེར་རྐྱང་མིན་པ་ར་སྤྲོད་བྱུང་ཡོད་ཚུལ་བརྗོད་དོན། “མཚན་མར་གནད་དོན་ཡོད་མཁན་གྱི་སློབ་ཕྲུག་མང་པོ་ཞིག་ལ་གཞན་གྱི་མགོ་སྐོར་ཐེབས་པ་དང་། མཐའ་ན་རང་ཤི་རྒྱག་པ་སོགས་ཀྱི་གནད་དོན་ཡོང་གི་ཡོད་པ་རེད། ད་ལྟ་དཔེ་ཆ་འདི་དག་གིས་སློབ་ཕྲུག་ཚོ་དབྱེ་འབྱེད་ཀྱི་ས་མཚམས་ལས་བརྒལ་ཏེ། ཕན་ཚུན་བར་གུས་ཞབས་དང་མཛའ་འབྲེལ་བྱེད་ཆོག་པའི་སློབ་སྟོན་བྱས་ཡོད།” ཅེས་བརྗོད་ཡོད།
ལྕམ་ལི་ཡིས་ད་དུང་སློབ་དེབ་དེ་དག་གིས་བྱིས་པར་གནོད་སྐྱོན་ཐེབས་སྲིད་པར་དགོངས་མཁན་ཕ་མ་ཚོར་དམིགས་ཏེ་བརྗོད་དོན། “ རང་གི་བྱིས་པར་འཁྲིག་སྤྱོད་སློབ་གསོ་བཀག་འགོག་བྱེད་པ་དེས་བྱིས་པའི་མ་འོངས་པའི་མི་ཚེ་ལ་གནོད་པ་ཐེབས་ཀྱིན་ཡོད་”ཅེས་བརྗོད་འདུག
རྒྱ་ནག་གིས་ད་བར་འཆར་ལྡན་བུ་སྐྱེའི་སྲིད་བྱུས་འོག་བྱིས་པར་འཁྲིག་སྤྱོད་སློབ་གསོ་ཡང་དག་ཅིག་སྤྲད་མེད་ཀྱང་། ད་ཆར་རྒྱ་ནག་ནང་མི་འབོར་གྱི་སྐྱེ་འཆིའི་བར་སྟོང་གི་དཀའ་ངལ་ཡོང་གི་ཡོད་སྟབས། བྱིས་པར་འདོད་པའི་བསྟན་བཅོས་ཀྱི་སློབ་གསོ་མི་སྤྲོད་ཐབས་མེད་ཆགས་ཡོད་པ་རེད།