བོད་རིགས་བུ་མོ་འདུར་རྒྱུག་པ་ཤེས་རབ་མཚོ་ལགས་ཀྱིས་རྒྱལ་སྤྱིའི་ན་གཞོན་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེད་མའི་འདུར་རྒྱུག་འགྲན་སྡུར་ཁྲོད་དང་པོ་བླངས་ཡོད་འདུག
ཨར་ཇིན་ཊི་ནཱ་(Argentina)ནང་འཚོགས་བཞིན་པའི་ན་གཞོན་ཨོ་རྩལ་འགྲན་ཚོགས་སྟེང་། བོད་རིགས་བུ་མོ་འདུར་རྒྱུག་པ་ཤེས་རབ་མཚོ་ལགས་ཀྱིས་རྨིད་ ༥༠༠༠ ཅན་གྱི་འདུར་རྒྱུགས་འགྲན་སྡུར་ཁྲོད་ཨང་དང་པོ་བླངས་ཡོད་པ་དང་། སང་ཉིན་འགྲན་སྡུར་ཐེངས་གཉིས་པ་དེ་བྱ་རྒྱུ་ཡིན་འདུག
འདུར་རྒྱུག་འགྲན་སྡུར་ཐེངས་དང་པོའི་ཁྲོད་བོད་རིགས་བུ་མོ་ཤེས་རབ་མཚོ་ལགས་ཀྱིས་རྒྱང་ཐག་རྨིད་ ༥༠༠༠ ལ་སྐར་མ་ ༢༢ དང་སྐར་ཆ་ ༢༣ ལས་མ་འགོར་བར་ཨང་དང་པོ་བླངས་ཡོད་འདུག་པ་དང་། བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། སྐར་ཆ་ ༡།༡༨ གིས་མ་གཏོགས་ན་གཞོན་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱུགས་ཚད་ཟིན་ཐོ་ལས་བརྒལ་ཏེ་ཟིན་ཐོ་གསར་པ་ཞིག་ཟིན་ཡོད་འདུག
རྒྱ་ནག་ཤིན་ཧྭ་གསར་ཁང་གིས་ཤེས་རབ་མཚོ་ལགས་སུ་བཅར་འདྲི་བྱེད་སྐབས་མོས། ད་བར་དུ་ངས་ང་རང་ས་ཆ་འདི་འདྲའི་ཐག་རིང་ཞིག་ལ་སོང་ནས་འགྲན་ཞུགས་བྱེད་ཐུབ་ངེས་རེད་བསམ་མ་སོང་། འཛམ་གླིང་ནི་འདི་འདྲའི་རྒྱ་ཆེན་པོ་ཞིག་ཡིན་པ་ཡང་བསམ་མ་མྱོང་། འོན་ཀྱང་ངའི་རེ་བ་ནི་ཕྱི་ལོ་ ༢༠༢༠ ལོའི་ཉི་ཧོང་ཨོ་རྩལ་འགྲན་ཚོགས་ཆེན་མོའི་ནང་ཞུགས་ཐུབ་རྒྱུ་དེ་ཡིན། ཅེས་བརྗོད་འདུག
གཞན་ཡང་། འདི་ལོའི་ཕྱི་ཟླ་ ༧ པའི་ནང་ཐེ་ལན་ཌིའི་རྒྱལ་ས་ནང་ཚོགས་པའི་ན་གཞོན་ལུས་རྩལ་འགྲན་ཚོགས་སྟེང་། བུ་མོ་ཤེས་རབ་མཚོ་ལགས་ཀྱིས་རྨིད་ ༥༠༠༠ ཅན་གྱི་ཨེ་ཤེ་ཡའི་བུད་མེད་འདུར་རྒྱུགས་འགྲན་བསྡུར་ཁྲོད། ཀོ་རི་ཡ་དང་ཉི་ཧོང་སོགས་ཀྱི་འགྲན་ཞུགས་པ་རྣམས་ལས་རྒྱལ་ཏེ་ཨང་དང་པོ་བླངས་ཡོད་འདུག
བོད་རིགས་བུ་མོ་འདུར་རྒྱུག་པ་ཤེས་རབ་མཚོ་ལགས་ནི་མཚོ་ལྷོ་ཁུལ་མང་ར་རྫོང་ཐར་ཤུལ་ཀ་རྒྱ་རུ་ཕ་མཐུ་སྟོབས་དང་མ་འབུམ་མཚོ་སྐྱིད་གཉིས་སུ་སྐྱེས་ཤིང་། ད་ལྟ་རང་ལོ་ ༡༧ ཡིན་འདུག ཕྱི་ལོ་ ༢༠༡༥ ལོའི་ལོ་མཇུག་ཏུ་རྫོང་རིམ་པ་ནས་རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོགས་ནང་འདེམས་ཐོན་བྱུང་སྟེ། ད་ལྟ་ཧྲན་ཞི་ལུས་རྩལ་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་ཡོད་འདུག
ལོན་ཊོན་ཨོ་རྩལ་ཐོག་ཨང་གཉིས་པ་ཐོབ་པའི་བོད་རིགས་ཨོ་རྩལ་བ་ཆོས་དབྱིངས་སྐྱིད་ལགས་ཀྱི་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱིས་བོད་ཁུལ་གྱི་ན་གཞོན་མང་པོར་ལུས་རྩལ་ཐད་རྨི་ལམ་གསར་པ་ཞིག་བསྐྲུན་ཡོད་པ་ལྟར། ལྷ་ས་སྟག་རྩེ་རྫོང་ཁོངས་ནས་ཡིན་པའི་བོད་རིགས་ཨོ་རྩལ་བ་སྟོབས་རྒྱལ་ལགས་ཀྱིས་འདི་ལོའི་ཨེ་ཤ་ཡའི་རྒྱང་རྒྱུག་འགྲན་སྡུར་སོགས་རྒྱལ་སྤྱི་དང་རྒྱ་ནག་རྒྱལ་ཡོངས་རང་བཞིན་གྱི་རྒྱུག་འགྲན་མང་པོའི་ཁྲོད་གསེར་དངུལ་གྱི་རྟགས་མ་མང་པོ་བླངས་ཡོད་པ་དང་། དེ་བཞིན། ཕྱི་ལོ་ ༢༠༡༣ ལོའི་རྒྱ་ནག་རྒྱལ་ཡོངས་སྐབས་བཅུ་གཉིས་པའི་ལུས་རྩལ་འགྲན་ཚོགས་ཐོག་མཚོ་བྱང་ཁུལ་མདའ་བཞི་རྫོང་ནས་ཡིན་པའི་བོད་རིགས་ལུས་རྩལ་བ་མཚོ་མོ་སྐྱིད་ལ་གསེར་གྱི་རྟགས་མ་ཐོབ། གཞན་ཡང་། ཕྱི་ལོ་ ༢༠༡༥ ལོར་ཁོ་ཊར(Qatar) གྱི་རྒྱལ་ས་ཌོ་ཧཱ་རུ་ཚོགས་པའི་ཨེ་ཤ་ཡའི་ན་གཞོན་མཆོང་རྒྱུག་འགྲན་ཚོགས་ཐོག རྨིད་ ༥༠༠༠ ཅན་གྱི་སྐྱེད་མའི་རྒྱུག་འགྲན་ནང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་ནས་ཡིན་པའི་བོད་རིགས་བུ་མོ་ཆོས་སྐྱིད་སྒྲོལ་མ་ལགས་ལ་ཨང་གཉིས་པའི་རྒྱལ་ཁ་ཐོབ་ཡོད་པ་རེད།
གསར་འགོད་པ། ཀླུ་མགོན་ཐར།
རྒྱ་ནག་ཤིན་ཧྭ་གསར་ཁང་གིས་ཤེས་རབ་མཚོ་ལགས་སུ་བཅར་འདྲི་བྱེད་སྐབས་མོས། ད་བར་དུ་ངས་ང་རང་ས་ཆ་འདི་འདྲའི་ཐག་རིང་ཞིག་ལ་སོང་ནས་འགྲན་ཞུགས་བྱེད་ཐུབ་ངེས་རེད་བསམ་མ་སོང་། འཛམ་གླིང་ནི་འདི་འདྲའི་རྒྱ་ཆེན་པོ་ཞིག་ཡིན་པ་ཡང་བསམ་མ་མྱོང་། འོན་ཀྱང་ངའི་རེ་བ་ནི་ཕྱི་ལོ་ ༢༠༢༠ ལོའི་ཉི་ཧོང་ཨོ་རྩལ་འགྲན་ཚོགས་ཆེན་མོའི་ནང་ཞུགས་ཐུབ་རྒྱུ་དེ་ཡིན། ཅེས་བརྗོད་འདུག
མོ་ལ་རྟེན་འབྲེལ་ཞུ།