མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

 ཕྱི་ལོ་ ༢༠༢༡ ལོའི་བཙན་བྱོལ་བོད་མིའི་སྲིད་སྐྱོང་འོས་དམིགས་འགའ་ལ་དཔྱད་པ།

བོད་ཀྱི་དུས་བབ།
༢༠༢༠/༠༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

གེ་སར་རྒྱལ་པོ། 

ཕྱི་ལོ་ ༢༠༢༡ ལོར་བཙན་བྱོལ་བོད་མིའི་སྲིད་སྐྱོང་དུ་མི་ག་འདྲ་ཞིག་འདེམས་རྒྱུ་ཡིན་མིན་ནི་ང་ཚོ་མི་རིགས་འདི་ལ་བློ་སེམས་ཅི་ཙམ་དཀར་མིན་དང་། སྤྱི་པའི་ཁེ་ཕན་དང་སྒེར་གྱི་ཁེ་ཕན་གཉིས་ལས་གང་འདེམས་རྒྱུ་ཡིན་མིན་གྱི་ཐག་གཅོད་ཅིག་ཡིན་ལ། ཐག་གཅོད་འདིའི་ཁྲོད་ནས་ང་ཚོས་རང་ཉིད་ཕམ་པར་རྒྱག་སྲིད་ལ་རྒྱལ་དུའང་འཇུག་སྲིད་པ་རེད། གང་ལྟར་ང་ཚོར་ད་ལྟ་ནས་ཚོད་དཔག་བྱེད་བཞིན་པའི་འོས་དམིགས་འགའ་ཡོད་པ་རེད།  

ནང་སྲིད་བཀའ་ཟུར་རྒྱ་རི་སྒྲོལ་མ།འདི་ལོའི་ཕྱི་ཟླ་ ༡ ཚེས ༡༧ ཉིན་ལྡི་ལིའི་ཀི་རོ་རི་མཱལ་མཐོ་སློབ་(Kirori Mal College) ཀྱི་སློབ་མའི་འདུ་ཚོགས་ཤིག་གི་ཐོག བཀའ་ཟུར་རྒྱ་རི་སྒྲོལ་མས་ང་རང་ ༢༠༢༡ ལོའི་སྲིད་སྐྱོང་འོས་བསྡུའི་ནང་ཞུགས་བློ་ཡོད་མཁན་ཞིག་ཡིན་ཞེས་བཤད་ཆོག ང་རང་ད་ལྟ་དངོས་སུ་འོས་དམིགས་ཤིག་མིན་ཡང་། འོས་བསྡུའི་ནང་ཞུགས་བློ་ཡོད་མཁན་ཞིག་ཡིན། མི་ཚང་མའི་རྒྱབ་སྐྱོར་ལ་བརྟེན་ནས་ང་ལ་སླར་ཡང་མི་མང་ལ་ཞབས་ཞུ་སྒྲུབ་རྒྱུའི་གོ་སྐབས་ཤིག་འཐོབ་པའི་རེ་བ་བྱེད་ཀྱི་ཡོད། ཅེས་བསྒྲགས་ཡོད་པ་དང་། དེ་བཞིན་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༨ ཉིན་ཨ་རི་རླུང་འཕྲིན་ཁང་གིས་ཁོང་མོར་བཅར་འདྲི་ཞིག་བྱས་པའི་ནང་། རང་གི་འཛིན་སྐྱོང་དང་ཁྲིམས་བཟོ། དེ་བཞིན་བོད་དོན་ཞུ་གཏུག་སོགས་ཀྱི་ཉམས་མྱོང་དང་ལོ་ན་སོགས་ཀྱི་ཆ་ནས་ད་ལྟ་ནུས་པ་སྤུང་རྒྱུའི་དུས་ལ་བསླེབས་བསྡད་ཡོད་པ་དང་།  ཞབས་ཕྱི་ཞུ་རྒྱུའི་འདུན་པ་ཡོད་སྐོར་བརྗོད་ཡོད་པ་རེད།  ཁོང་མོ་ནི་ཡོངས་ཁྱབ་ཐོག་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་དམིགས་ནང་ལངས་མཁན་ཐོག་མ་དེ་དང་། སྲིད་སྐྱོང་འོས་དམིགས་ནང་ལངས་པ་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད། ཁོང་མོར་མཚོན་ན། བཙན་བྱོལ་བོད་མིའི་ལོ་རྒྱུས་ཁྲོད་དུ་བུད་མེད་གོ་གནས་མཐོ་ཤོས་དང་འགན་འཁྲི་ཆེ་ཤོས་ལེན་མཁན་མཛུབ་རྩེར་བགྲངས་ཆོག་པ་འགའ་ཡོད་པའི་ཁྲོད་ཀྱི་གཅིག་ཡིན་པ་རེད།

བཀའ་ཟུར་རྒྱ་རི་སྒྲོལ་མ་ཕྱི་ལོ་ ༡༩༩༡ དང་། ༡༩༩༦། ༢༠༠༡། ༢༠༠༦ ལོ་བཅས་སྐབས་བཞི་ལ་བསྟུད་མར་བོད་མི་མང་སྤྱི་འཐུས་སུ་མདོ་སྟོད་མི་མང་གིས་འོས་འདེམས་བྱུང་ཡོད་པ་མ་ཟད། སྤྱི་འཐུས་ལྷན་ཚོགས་ནང་སྐབས་ ༡༣ དང་ ༡༤ བསྟུད་མར་ཚོགས་གཞོན་གྱི་འགན་འཁུར་ཡོད་པ་དང་། ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེས་སྣེ་འཁྲིད་པའི་བཀའ་ཤག་སྐབས་བཅུ་བཞི་པར་ནང་སྲིད་བཀའ་བློན་གྱི་ལས་གནས་འཁུར་ཡོད། གང་ལྟར་འདས་པའི་ལོ་ ༢༠ ལྷག་ལ་མོ་རང་གིས་སྤྱི་འཐུས་དང་ནང་སྲིད་བཀའ་བློན་བྱས་པའི་རིང་བོད་མིའི་གཞིས་སྒར་དང་དགོན་སྡེ་ཁག་གི་ས་ཁང་དཀའ་རྙོག་དང་། སུད་ཚོང་བའི་དཀའ་ངལ་སོགས་རྒྱ་གར་གཞུང་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐོག་ཕྱག་ལས་གྲུབ་འབྲས་ལྡན་པ་བྱུང་ཡོད་པ་སོགས། ཁོང་མོར་འཛིན་སྐྱོང་གི་ཉམས་མྱོང་གང་ཙམ་འདང་ངེས་ཡོད་པའི་ཐོག་ལ་གནས་ཡུལ་རྒྱ་གར་གྱི་ཆབ་སྲིད་པའི་ཁྲོད་དུ་མཁས་པོ་ཡོད་པའི་ངོས་འཛིན་དེ་དོན་དངོས་དང་མཐུན་པོ་ཡོད་ལ། སྤྱི་ཡོངས་ཀྱི་ཕྱི་འབྲེལ་སྲིད་བྱུས་ཐད་ནས་ཡིན་ནའང་ང་ཚོས་ད་ལྟ་ཚོད་དཔག་བྱེད་བཞིན་ཡོད་པའི་སྲིད་སྐྱོང་འོས་མི་ཚོའི་ཁྲོད་ནས་རྩེ་གྲས་མིན་པའི་དབང་དུ་བཏང་ནའང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོར་ཕྱི་འབྲེལ་ལས་དོན་ཐད་ནས་གྱོང་སྤྲོད་མཁན་དེ་འདྲ་གཏན་ནས་མ་རེད།

འདས་པའི་ཁོང་མོའི་ལོ་རྒྱུས་ནང་སྤྱི་ཚོགས་ཁྲོད་ལབ་གླེང་ཆེ་ཤོས་གཅིག་ནི། བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་གི་འབྲུ་དོན་ནང་ཁ་གསལ་མེད་པའི་གོ་སྐབས་བཟུང་ནས། ཕྱི་ལོ་ ༢༠༡༦ ལོའི་འོས་བསྡུའི་སྐབས་བཀའ་བློན་ལས་ཐོག་རྒྱ་རི་སྒྲོལ་མ་དང་ཤེས་རིག་བཀའ་བློན་རྣམ་གཉིས་ནས་བོད་པའི་སྤྱི་ཚོགས་ནང་རྙོག་ཟིང་ཧ་ཅང་ཆེ་བའི་སྲིད་སྐྱོང་འོས་མིའི་དྲིལ་བསྒྲགས་ནང་དམིགས་བཙུགས་ཀྱི་ཆ་ཤས་བླངས་བར་བརྟེན། བཀའ་བློན་རྣམ་པ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བའི་ཁོངས་སུ་གཏོགས་དགོས་མིན་དང་། གལ་སྲིད་གཏོགས་ཀྱི་ཡོད་ན་ལས་ཐོག་སྲི་ཞུ་བས་འོས་བསྡུའི་དྲིལ་བསྒྲགས་ནང་ཆ་ཤས་ལེན་མི་ཆོག་པའི་སྒྲིག་གཞི་དང་འགལ་ཡོད་པར་བརྟེན། དབུས་འོས་བསྡུ་ལས་ཁང་ནས་ངེས་པར་དུ་ཐག་གཅོད་ལེན་དགོས་པའི་བསམ་ཚུལ་སྤྱི་ཚོགས་ནང་ཤུགས་ཆེན་པོ་བསླེབས་ཡོད། ཡང་ལབ་གླེང་ཆེན་པོ་གཞན་ཞིག་ནི། བཀའ་བློན་ལས་ཡུན་འཁྱུར་བའི་རྗེས་ཤིག་ལ། བོད་པའི་སྤྱི་ཚོགས་ནང་མངོན་གསལ་དོད་པོ་བྱས་ནས་མར་ཐོན་ཡོང་སྟེ་༧གོང་ས་མཆོག་ལ་གཞི་རྩ་མེད་པའི་མཚན་སྨད་དང་བོད་གཞུང་གི་མི་རབས་རྒན་པ་ཚོར་བསྙད་འདོགས་ཟུར་ཟ་བྱེད་མཁན་གྱི་ཉག་རོང་དོན་གྲུབ་དང་འབྲེལ་འདྲིས་ཆེ་བ་མ་ཟད། མི་ཚོགས་ཀྱི་སྡིངས་ཆའི་ཐོག་མཉམ་དུ་ལངས་ནས་པར་བརྒྱབ་པ་ཞིག་སྤྱི་ཚོགས་དྲ་གནས་མང་པོར་ཁྱབ་སྟེ་ཁོང་མོར་དགའ་མོས་བྱེད་མཁན་མང་པོ་ཞིག་ལ་བློ་ཕམ་ཡོང་གཞི་ཆགས་པ་མ་ཟད། ཁོང་མོའི་ལངས་ཕྱོགས་ངོ་མ་དེ་ག་འདྲ་ཡིན་མིན་ཐེ་ཚོམ་ཡོང་དགོས་པ་ཞིག་ཆགས་ཡོད་པ་རེད། དེ་མ་ཡིན་པའི་ལབ་གླེང་ཟེར་ན་འདྲ་མོ་རང་གི་འདས་པའི་ལོ་རྒྱུས་ཀྱིས་བཟོས་པའི་སྤྱི་ཚོགས་ནང་སྐད་ཆ་གཞན་ཞིག་ཡོད་པ་ནི། གནད་དོན་ཆེ་ཆུང་ལ་མ་ལྟོས་པར་ལམ་སང་མིག་ཆུ་འདོན་ཞིང་ཧ་རི་ཧུ་རི་འདྲ་བྱེད་པ་དེ་ནི་བོད་མིའི་སྲིད་སྐྱོང་རིམ་པར་འོས་འཚམ་མེད་པ་ཞིག་གམ་སེམས་ཁྲལ་བྱེད་དགོས་པའི་གནས་ཤིག་ཀྱང་ཡིན་པ་རེད།

ད་ལྟ་བཙན་བྱོལ་བོད་མི་ཚོས་བུད་མེད་ཅིག་སྲིད་སྐྱོང་དུ་འདེམས་པའི་གདེང་ཚོད་རྙེད་ཡོད་མེད་ཤེས་ཀྱི་མི་འདུག་ཀྱང་། གང་ལྟར་ཁོང་མོ་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་དམིགས་བུད་མེད་རྡོག་གཅིག་པོ་དེ་ཡིན་སྲིད་པ་རེད། མོ་རང་ལ་ལ་དྭགས་གཞིས་ཆགས་ཁག་གཙོ་བོར་གྱུར་བའི་གཞིས་ཆགས་ཁག་ན་རྒྱབ་སྐྱོར་བ་མང་པོ་ཡོད་ལ། དམིགས་བསལ་སུད་ཚོང་བའི་ཁྲོད་ན་མང་པོ་ཡོད་པ་རེད། ཁོང་མོའི་རྒྱབ་སྐྱོར་བ་དེ་ཙམ་མ་རེད། ད་དུང་ལས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་ཡི་རྒྱབ་སྐྱོར་བ་མང་དག་ཅིག་གིས་མཐའ་མའི་མཐའ་མ་དང་། བརྒྱ་བཤད་སྟོང་གི་ཚིག་རྩ་དེ་ཁོང་མོར་འབབ་ཐུབ་པའི་གདེང་ཚོད་ཆེན་པོ་བསྐྲུན་ཚར་ཡོད་པ་རེད།

  བྱང་ཨ་རིའི་དོན་ཟུར་སྤེན་པ་ཚེ་རིང་།བཙན་བྱོལ་ནང་སྐད་གྲགས་ཆེ་བའི་ཁ་མཆུ་ཨང་ ༢༠ པའི་ཁྲོད་ནས་སྤེན་པ་ཚེ་རིང་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་དང་། གྱོད་ཡ་བཀའ་ཤག་གིས་ཀྱང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲ་དང་ལེན་གནང་རྗེས། སྤེན་པ་ཚེ་རིང་གིས་ཨ་རིའི་ནང་གི་བོད་མི་གནས་སྡོད་ཆེ་བའི་ས་ཆ་ཁག་ལ་སྐོར་བསྐྱོད་བྱས་ནས་གཏམ་བཤད་དང་མི་མང་དང་ལྷན་དུ་དྲི་བ་དྲིས་ལན་བྱེད་ཀྱི་ཡོད་ལ། མ་འོངས་པ་ལ་ཡོ་རོབ་སོགས་ཀྱི་ནང་དུའང་འགྲོ་འཆར་ཡོད་པ་ཐོས།  ད་ལྟའི་ཆར་ཁོང་གིས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་དམིགས་སུ་ལངས་པ་ཡིན་ཞེས་ཡོངས་ཁྱབ་ཐོག་བསྒྲགས་མེད་ནའང་། མི་མང་པོ་ཞིག་གིས་སྲིད་སྐྱོང་འོས་དམིགས་ནང་ལངས་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག་ལ། བསྐྱར་དུ་ལངས་པ་ཡིན་ན་ཁོང་ཡང་སྲིད་སྐྱོང་འོས་དམིགས་སུ་ལངས་པ་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད།

སྤེན་པ་ཚེ་རིང་ལ་མཚོན་ན། ཕྱི་ལོ་ ༡༩༩༦ ལོའི་སྐབས་ ༡༢ པའི་བོད་མི་མང་སྤྱི་འཐུས་སུ་མདོ་སྨད་མི་མང་གིས་འོས་བླུགས་ཏེ་བདམས་ཡོད་པ་དང་། དེ་ནས་སྤྱི་འཐུས་སྐབས་ ༡༣ དང་ ༡༤། ༡༥ བཅས་བསྟུད་མར་སྤྱི་འཐུས་སུ་སྐབས་ ༤ ལ་འདེམས་ཐོན་བྱུང་ཡོད་པ་མ་ཟད།  སྐབས་ ༡༤  དང་ ༡༥ པར་ཚོགས་གཙོའི་ལས་འགན་འཁུར།  དེ་བཞིན་ཕྱི་ལོ་ ༢༠༠༡ ཟླ་ ༡༠ པ་ནས་ལོ་བདུན་དང་ཕྱེད་རིང་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དུ་བསྐོ་གཞག་བྱུང་། ཕྱི་ལོ་ ༢༠༡༥ ལོར་སྲིད་སྐྱོང་དུ་ལངས་ནས་དངོས་གཞིའི་འོས་བསྡུའི་ཁྲོད་ཆ་ཤས་ལེན་མཁན་ ༥༤༢༤༨ ལྷག་གི་ཁྲོད་ནས་ཁོང་ལ་འོས་གྲངས་ ༢༤༧༧༦ ཐོབ་སྟེ། འོས་ལྡུག་མཁན་བརྒྱ་ཆ་ ༤༢ ལྷག་གིས་རྒྱབ་སྐྱོར་བྱས་ཡོད་པ་རེད། ང་ཚོ་བོད་པའི་སྤྱི་ཚོགས་རང་དང་ལྷག་པར་དུ་གངས་ཅན་སྐྱིད་གཤོངས་ཀྱི་ར་བའི་ནང་དུ་མི་ལོ་ ༢༠ ལྷག་རིང་ཞབས་ཕྱི་ཞུས་མྱོང་བའི་མི་འདིས། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་སྤྱི་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱི་ནང་གི་ལས་དོན་མང་པོ་ཞིག་ལ་དོན་འབྲས་ལྡན་པའི་ཞབས་འདེགས་ཞུས་ཡོད་པ་སྨོས་མེད་རེད།  འཛིན་སྐྱོང་གི་ཉམས་མྱོང་ཡང་གང་ཙམ་ཆེན་པོ་ཡོད་པ་རེད། ཕྱི་འབྲེལ་གྱི་ལས་དོན་ཕྱོགས་ནས་ཁོང་རང་སྤྱི་འཐུས་ཚོགས་གཙོ་ཡིན་པའི་སྐབས་སུ་སྤྱི་འཐུས་རྣམ་པ་ཆ་བགོས་ཐོག་རྒྱ་གར་ནང་ཙམ་མ་ཟད། བོད་མི་མང་པོ་གནས་སྡོད་བྱེད་ཀྱི་ཡོད་པའི་ཕྱིའི་རྒྱལ་ཁབ་ཁག་གི་དཔོན་རིགས་དང་གནད་ཡོད་མི་སྣར་ཐུག་འཕྲད་བྱས་ཏེ། བོད་དོན་ཞུ་གཏུག་གི་ལས་གཞི་ཤུགས་ཆེན་པོ་བརྩམས་ཡོད་པ་སོགས་ལ་ལྟ་བ་ཡིན་ན། ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མི་རྣམས་ཀྱི་ཁྲོད་ནས་ཕྱི་འབྲེལ་ནུས་པའང་འདང་ངེས་ཡོད་པ་ཞིག་ཏུ་ངོས་འཛིན་བྱས་ན་འགྲིག

སྤེན་པ་ཚེ་རིང་ནི་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་དམིགས་རྣམས་ཀྱི་ཁྲོད་ནས་རི་ལུང་ཐང་གསུམ་བརྒྱུད་དེ་དཀའ་ངལ་དང་རྙོག་གླེང་མང་པོ་ཞིག་ལ་གདོང་ལེན་བྱས་ནས་ཡོང་མཁན་ཤུགས་ཆེ་ཤོས་ཤིག་དེ་ཡིན་པ་རེད། ཕྱི་ལོ་ ༢༠༡༦ ལོའི་སྲིད་སྐྱོང་འོས་མིར་ལངས་སྐབས་ཁོང་ལ་མི་ཁག་ཅིག་གིས་ཁོས་མི་བསད་ཡོད་པའི་ཉེས་འཛུགས་དང་།  དུས་རྒྱུན་ཆང་རག་མང་པོ་འཐུང་གི་ཡོད་པའི་ལབ་གླེང་མང་པོ་བྱུང་། ༢༠༡༦ ལོའི་འོས་བསྡུ་གྲུབ་རྗེས། སྤེན་པ་ཚེ་རིང་ཧོབ་དེ་བྱང་ཨ་རིའི་དོན་གཅོད་དུ་བསྐོས་ཡོད་པ་དང་། སྤྱི་ཚོགས་ནང་དགྲ་ཟླའི་ངོ་བོར་ཤུགས་ཆེན་པོ་བཟོས་ཡོད་པའི་སྲིད་སྐྱོང་བློ་བཟང་སེང་གེ་དང་སྤེན་པ་ཚེ་རིང་གཉིས་ཀྱི་བར་ལ་གནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་གི་རྣམ་པ་ལེགས་པོ་ཞིག་མངོན། སྟབས་མ་ལེགས་པ་ཞིག་ལ། ལོ་གཅིག་དང་ཟླ་གཉིས་ལྷག་ལས་མ་འགོར་བར་བཀའ་ཤག་གིས་དོན་གཅོད་འཕོ་འགྱུར་བཏང་བ་ཡིན་པའི་བཀོད་ཁྱབ་བཏང་བ་མ་ཟད། འཕོ་འགྱུར་གཏོང་དགོས་པའི་རྒྱུ་མཚན་བཅུ་ཅན་ཞིག་ཀྱང་གཞུང་འབྲེལ་གྱི་བརྒྱུད་ལམ་དུ་བཀྲམས། བཀའ་ཤག་གི་སྔ་རྗེས་ཀྱི་གནང་སྟངས་དེས་སྤེན་པ་ཚེ་རིང་གིས་རང་འཁྲིའི་ལས་དོན་ལ་འགན་ཁྱོན་ནས་ཡག་པོ་འཁུར་མེད་པ་དང་བྱ་སྤུ་གནོན་གྱི་འགྲོ་སྟངས་ལ་བརྩི་བཀུར་མ་བྱས་པ་སོགས་ཀྱི་གོ་བརྡ་ཞིག་སྤྱི་ཚོགས་ནང་སྤྲད་ཡོད་པ་དང་། མི་མང་པོས་སྤེན་པ་ཚེ་རིང་གིས་བྱས་ཉེས་ཆེན་པོ་བསགས་ཡོད་པར་ངོས་འཛིན་གཏན་གཏན་བྱས་ཡོད་པ་མ་ཟད། ཁོང་ལ་མི་དགའ་མཁན་ཚོས་གླེང་རྙོག་ཆེན་པོ་བཟོས་པ་དང་། དུས་རྒྱུན་སྤེན་པ་ཚེ་རིང་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་མཁན་ཚོ་སོམ་ཉིའི་གནས་སུ་ལྷུང་བཅུག་པ་རེད། ཡིན་ནའང་། བཀའ་ཤག་གིས་རྒྱུ་མ་ཕུ་འདེད་གཏོང་རྒྱུ་མང་དྲག་པར་བརྟེན། བཙན་བྱོལ་བོད་མིའི་བླ་ན་མེད་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤེན་པ་ཚེ་རིང་ལ་ནག་ཉེས་གང་ཡང་མེད་པའི་བཅད་ཁྲ་བཏང་པ་དང་། བཀའ་ཤག་གིས་ཀྱང་འཕོ་འགྱུར་གཏོང་དགོས་ཀྱི་རྒྱུ་མཚན་བཅུ་དེ་མ་ཉེས་ཁེག་གཡོགས་ཡིན་པ་ངོས་ལེན་བྱས་ཏེ་དགོངས་སེལ་ཞུས་ཟིན་པར་བརྟེན། སྤེན་པ་ཚེ་རིང་ལ་བཙུགས་པའི་སྔར་གྱི་ནག་ཉེས་ཐམས་ཅད་གཞི་འཛིན་ས་མེད་པ་ཞིག་ཏུ་གྱུར་ཚར་བ་རེད།

སྤེན་པ་ཚེ་རིང་གིས་ཁོང་རང་ཁྲིམས་ཐོག་ནས་དཀར་པོ་ཆགས་པའི་གོ་སྐབས་འདི་དམ་འཛིན་བྱས་ཏེ་མི་མང་ནང་ཁོང་རང་གཙང་མ་གཙང་རྐྱང་ཞིག་ར་སྤྲོད་ཐུབ་ན་དགེ་མཚན་ཆེ་བའི་བསམ་ཚུལ་འཛིན་གྱི་ཡོད་པ་རེད་ལ། གནད་དོན་ཤེས་འདོད་དང་གོ་འདོད་ཡོད་མཁན་ཚོས་ཁོང་ལ་ནག་ཉེས་མེད་པའི་ངེས་ཤེས་གསལ་པོ་རྙེད་ཚར་བ་མ་ཟད། སྔར་ལྷག་གིས་ཁོང་ལ་གདེང་འཇོག་དང་ཡིད་ཆེས་བྱེད་མཁན་མང་དུ་ཕྱིན་ཡོད་པ་དེ་བཤད་མ་དགོས་པ་རེད། ཡིན་ནའང་། ཁོང་ལ་སྔར་ནས་འདོད་པ་མེད་མཁན་དང་མཐའ་གཅིག་ཏུ་དགག་པ་རྒྱག་མཁན་ཚོས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤེན་པ་ཚེ་རིང་ལ་ནག་ཉེས་མེད་པའི་བཅད་ཁྲ་ཐེངས་བརྒྱ་བཏང་ནའང་སོ་སོའི་ལག་པའི་ནང་དུ་ཡོད་པའི་འོས་ཤོག་གཅིག་པོ་དེ་སྤེན་པ་ཚེ་རིང་ལ་བླུག་གི་མ་རེད།

ལྡི་ལི་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ། ༢༠༢༡ ལོའི་སྲིད་སྐྱོང་གི་འོས་དམིགས་ནང་ཡོང་གི་ཡོད་པའི་གནད་ཡོད་ཅིག་ནི་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་རེད། མི་མང་པོ་ཞིག་གིས་ཁོང་འོས་དམིགས་སུ་ལངས་ཀྱི་མ་རེད་ཅེས་རྒྱུ་མཚན་དུ་མ་རེ་བགྲང་ཡོང་གི་ཡོད་ནའང་། རེ་བ་རྒྱག་མཁན་ཡང་མང་པོ་འདུག ཁོང་སྲིད་སྐྱོང་འོས་མིར་ལངས་པ་ཡིན་ན་འོས་མི་གསར་པ་ཞིག་ཡིན་པ་དང་། བཙན་བྱོལ་བོད་མི་ཙམ་དུ་མ་ཟད། བོད་ནང་གི་བོད་མི་མང་པོས་སྔར་ནས་གོ་ཐོས་སུ་གྱུར་ཞིང་ཡིད་ཆེས་ཆེན་པོ་བྱེད་ས་ཞིག་ཡིན་པ་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་ཚོའི་ཁ་ནས་མང་པོ་གོ་རྒྱུ་ཡོད་པ་རེད།

ཁོང་ཕྱི་ལོ་ ༡༩༧༧ ནས་གཞུང་ཞབས་ཁོངས་སུ་ཞུགས་ཏེ། ཕྱི་ལོ་ ༡༩༩༣ ནས་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེ་དང་། ཕྱི་ལོ་ ༢༠༠༧ ལོར་བཀའ་ཤག་སྐབས་བཅུ་གསུམ་པའི་བདེ་སྲུང་བཀའ་བློན་དུ་བསྐོས། ཕྱི་ལོ་ ༢༠༡༡ ལོའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་བཀའ་ཤག་གསར་པའི་ངོས་ནས་བསྐྱར་དུ་ཁོང་བདེ་སྲུང་བཀའ་བློན་དུ་བསྐོ་བཞག་གནང་ཡོད་པ་རེད། འདས་པའི་ལོ་ངོ་ ༤༠ ལྷག་གི་རིང་ཁོང་གིས་༧གོང་ས་མཆོག་གི་སྐུ་ཕྱཱར་སྲུང་སྐྱོབ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ནང་བོད་ཕྱི་ནང་གཉིས་ཀྱི་ཟམ་པ་ལྟ་བུའི་ལས་འགན་འཁུར་ཏེ་ཕན་འབྲས་རླབས་ཆེན་ཐོན་ཡོད་པ་རེད།

བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལྟ་བུར་མཚོན་ན་དེ་སྔ་སྤྱི་ཚོགས་ནང་ལབ་གླེང་གྲགས་འགུལ་རིགས་དེ་ཙམ་མེད་ཀྱང་། ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༦ ཉིན་བཀའ་ཤག་གིས་གློ་བུར་དུ་འབྲོང་ཆུང་དངོས་གྲུབ་བཀའ་བློན་གྱི་ལས་གནས་ནས་དགོངས་པ་ཞུས་ཡོད་པའི་གསལ་བསྒྲགས་སྤེལ། ཡང་དྷ་རམ་ས་ལའི་གསར་འགོད་པ་ཚོ་མཉམ་རུབ་ཐོག་ཁོང་གི་སར་ཕྱིན་ནས་ཅིའི་ཕྱིར་རྩ་དགོངས་ཞུས་པ་ཡིན་འདྲི་དུས། ཁོང་གིས་རྩ་དགོངས་ཞུ་དགོས་བའི་རྒྱུ་མཚན་གཙོ་བོ་བར་ལམ་རྣམ་པ་ཚོ་ཚང་མས་མཁྱེན་གསལ་ལྟར་སྨན་རྩིས་ཁང་གི་མཛད་སྒོའི་ཐོག་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བཀའ་སློབ་ལྗིད་པོ་ཕེབས་གནང་ཡོད་པ་དང་། དེའི་ཐོག་ཉེ་ཆར་གྲོས་ཚོགས་གྲོལ་རྗེས་ཆོས་སྐྱོང་ཚོ་སྤྱན་འདྲེན་ཞུས་སྐབས་བཀའ་ལུང་ལྗིད་པོ་ཞེ་བོ་ཕེབས་འདུག དེ་འདྲ་ལ་བརྟེན་ནས་སོ་སོའི་འགན་དེ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་བ་ཡིན་ཙང་འགན་འཁུར་མ་ཐུབ་པའི་གནས་སྟངས་ཞིག་སེམས་ལ་རྡོག་ཁྲེས་ཡོད་པ་ཡིན་ཙང་བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུས་པ་ཡིན་ཞེས་བརྗོད་ཡོད་པ་རེད། སྐབས་དེར་སྤྱི་ཚོགས་ནང་འུར་ཟིང་ཆེ་བས་ཡང་བཀའ་བློན་ཞིག་གིས་རྩ་དགོངས་ཞུས་འདུག་ཅེས་ཡར་འཐེན་མར་འཐེན་གྱི་དོགས་སློང་ཤུགས་ཆེན་པོ་བྱུང་བ་མ་ཟད། ཁོང་དང་འབྲེལ་འདྲིས་ཟབ་པའི་ལས་བྱེད་དང་ཆབ་སྲིད་བཙོན་ཟུར། དེ་བཞིན་རྩོམ་པ་པོ་མི་ཉུང་བ་ཞིག་གིས་ནམ་ཡང་དྲན་པར་འོས་པའི་བདེ་སྲུང་བཀའ་བློན་མི་རྗེ་འབྲོང་ཆུང་དངོས་གྲུབ་མཆོག་ཞེས་པ་སོགས་ཀྱི་རྩོམ་ཡིག་དང་། ཁོང་ལ་བསྟོད་པའི་གཞས་ཚིག་བརྩམས་པ་དང་གཟེངས་བསྟོད་ཕུལ་བ་སོགས་བྱས་ཏེ་བཀའ་དྲིན་རྗེས་དྲན་ཞུས།

ཁོང་གིས་མི་ལོ་ ༤༠ ལྷག་རིང་འཛིན་སྐྱོང་ནང་ལས་ཀ་བྱས་པའི་ཉམས་མྱོང་དེ་ནི་མ་འོངས་པའི་སྲིད་སྐྱོང་འོས་མི་ཞིག་ལ་ཤིན་ཏུ་ཚང་བར་དཀོན་པའི་ཆ་རྐྱེན་བླ་ན་མེད་པ་ཞིག་ཡིན་ངེས་པ་རེད། འོན་ཀྱང་། ཁོང་སྲིད་སྐྱོང་འོས་མིར་ལངས་ཀྱི་མ་རེད་ཟེར་མཁན་ཚོར་རྒྱུ་མཚན་འདི་འདྲ་རེ་བགྲང་རྒྱུ་འདུག ཁོང་ལ་ནང་མིའི་འཕྲོད་བསྟེན་གྱི་ཐོག་ནས་སྤྱི་དོན་རྒྱ་ཆེན་པོ་དེར་ལོ་ནས་ལོ་བསྟུད་ཀྱི་ཆུ་ཚོད་གཏོང་ཐུབ་པར་དཀའ་ངལ་ཆེན་པོ་ཡོད་པ་དང་། ཡང་གནས་སྟངས་གཞན་ཞིག་ནི་ཆབ་སྲིད་ཀྱི་མཁའ་དབུགས་འབག་བཙོག་ཁྲོད་ཆེ་ཆུང་དང་ངོས་འཛིན་ག་འདྲ་ཡིན་མིན་ལ་མ་ལྟོས་པར་བོད་ཕྱི་ནང་གཉིས་ཀྱི་གཞི་རྟེན་དུ་གྱུར་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དེ་ནི་ཁ་གསལ་ནམ་ལངས་ཤིག་ཡིན་དགོས་པར་འདོད་པས། བཀའ་ཟུར་ཁོང་གི་གསུང་སྐད་ཀྱི་ཐོག་ནས་དཀའ་ངལ་ཡོད་པ་དང་། སྲིད་སྐྱོང་ནི་ཆབ་སྲིད་ཀྱི་གཡུལ་སར་འགྲོ་མཁན་ཞིག་ཀྱང་ཡིན་པས། གཞན་སེམས་འཕྲོག་པའི་གཏམ་གྱི་རྩལ་མཉེན་ལྕུག་ལྡན་པ་ཞིག་ཀྱང་མེད་དུ་མི་རུང་བས། ཁོང་གིས་འདི་ལྟ་བུའི་གཡུལ་སར་ཞུགས་འདོད་གནང་ཁག་པོ་ཡིན་ལ། གདེང་ཚོད་ཀྱང་དེ་ཙམ་གྱིས་མེད་སྲིད་པ་རེད།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས།
ད་ལྟ་སྤྱི་ཚོགས་ནང་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་དམིགས་གཅིག་ཏུ་གླེང་གི་ཡོད་པའི་གནད་ཡོད་མི་སྣ་གཞན་ཞིག་ནི་པདྨ་འབྱུང་གནས་རེད། གལ་སྲིད་ལངས་པ་ཡིན་ན་ཁོང་སྲིད་སྐྱོང་འོས་དམིགས་གསར་པ་ཞིག་ཆགས་ཡོད་པ་རེད། ཁོང་ནི་སྤྱི་ཚོགས་ནང་གླེང་གཞི་ཆེན་པོ་མེད་པའི་གངས་ཅན་སྐྱིད་གཤོངས་ཀྱི་མི་སྣ་རྒན་གྲས་ཤིག་ཏུ་གྱུར་ཡོད་པ་རེད།
ཕྱི་ལོ་ ༡༩༨༨ ལོ་ནས་སྐབས་ལྔ་བསྟུད་མར་ས་སྐྱའི་སྤྱི་འཐུས་སུ་འདེམས་ཐོན་བྱུང་ཡོད་པ་དང་། སྐབས་ ༡༥ དང་ ༡༦ གཉིས་ཀར་དབུས་གཙང་སྤྱི་འཐུས་སུ་བདམས་ཡོད་པ་མ་ཟད། སྐབས་ ༡༣ པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་། སྐབས་ ༡༦ པའི་དུས་ཡུན་ལོ་གཉིས་དང་ཕྱེད་རིང་གི་ཚོགས་གཙོའི་ལས་འགན་འཁུར་བཞིན་ཡོད་པ་རེད། འདས་པའི་ལོ་ ༣༠ ལྷག་གི་རིང་མང་ཚོགས་རྩིས་ཁྲ་ཚོགས་ཆུང་དང་། བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་སོགས་སྤྱི་ལྷན་གྱི་ཚོགས་ཆུང་ཁག་ ༣༠ ནང་ཆེད་བསྐོས་གནང་ཡོད་སྟབས། ཁྲིམས་བཟོའི་ཕྱོགས་ནས་ད་ལྟའི་སྲིད་སྐྱོང་འོས་དམིགས་རྣམས་ཀྱི་ཁྲོད་ནས་ཁོང་ནི་ཉམས་མྱོང་རྩེར་སོན་པ་དེ་རེད་ལ། འཛིན་སྐྱོང་གི་ཉམས་མྱོང་ཡང་གང་ལེགས་ཡོད་པ་རེད།
ད་ལྟ་ཚོད་དཔག་བྱེད་མཁན་ཚོ་ཐེ་ཚོམ་གྱི་གནས་སུ་ལྷག་བསྡད་ཡོད་པ་ཞིག་ནི། ཁོང་ལ་ཕྱོགས་འབྲེལ་གྱི་ནུས་པ་ཅི་ཙམ་ཡོད་མེད་དེ་རེད། དེ་ནི་སྲིད་སྐྱོང་ཞིག་ལ་མེད་དུ་མི་རུང་བའི་ཆ་རྐྱེན་གལ་ཆེན་ཞིག་ཀྱང་ཆགས་ཡོད་པ་རེད། ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༡༢ ཚེས་༡ ཉིན་ཁོང་གིས་ཚོགས་གཙོའི་ལས་འཁུར་དམ་བཅའ་ཕུལ་ཏེ་ཕྱག་ལས་དངོས་སུ་མགོ་འཛུགས་སྐབས། དྷ་ས་རམ་ས་ལ་ཁུལ་གྱི་གསར་འགོད་པ་ཚོ་འཚང་ཤིག་ཤིག་གིས་ཁོང་གི་གམ་དུ་བཅར་ཏེ། ཚོགས་གཙོའི་ལས་ཡུན་ཕྱེད་དེའི་རིང་ཕྱག་ལས་གཙོ་བོ་ག་རེ་གནང་གི་ཡིན་ཞེས་བརྡ་འདེད་གཏོང་སྐབས། ཁོང་གིས་ང་ཚོ་རྒྱ་གར་ལུང་པའི་ནང་བསྡད་ཡོད་དུས་རྒྱ་གར་གྱི་མངའ་སྡེའི་གྲོས་ཚོགས་གང་མང་མང་ལ་འབྲེལ་བ་འཛུགས་ཐུབ་ཐབས་ཐད་ཤུགས་རྒྱག་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད། ཁོང་ལ་སྔར་ནས་ཡོད་པའི་འདུན་པ་དེ་དང་ད་ལྟ་སྤྱི་འཐུས་རྣམ་པ་ཆ་བགོས་བྱས་ནས་རྒྱ་གར་དབུས་སའི་དཔོན་རིགས་དང་། དེ་བཞིན་ཕྱི་རྒྱལ་ཁག་ཏུ་མང་པོ་བསྐྱོད་དེ་བོད་དོན་གོ་རྟོགས་སྤེལ་བ་དང་། བོད་དོན་རྒྱབ་སྐྱོར་འཚོལ་ཐབས་བྱེད་ཀྱི་ཡོད་པ་དེའང་ཁ་ཡོད་སར་ལག་པ་ཐོན་པ་ཞིག་ཏུ་ངོས་འཛིན་བྱེད་དགོས་པ་རེད།
གང་ལྟར་ཁོང་སྤྱི་འཐུས་སུ་བསྟུད་མར་འདེམས་ཐོན་བྱུང་སྐབས་ཆོས་བརྒྱུད་ས་སྐྱ་བ་དང་དབུས་གཙང་མི་མང་གིས་རྒྱབ་སྐྱོར་དང་ཡིད་ཆེས་ཆེན་པོ་བྱས་པ་ལ་བརྟེན་ནས་བྱུང་བ་རེད་ལ། ལྷག་པར་དུ་མངའ་རིས་ཁོངས་ན་ཁོང་ལ་རྒྱབ་སྐྱོར་ཧ་ཅང་ཤུགས་ཆེན་པོ་ཡོད་པ་རེད། འོས་མི་གཞན་གྱི་འཚང་ཁ་མ་ཐེབས་ན་ཕྱི་ལོ་ ༢༠༢༡ ལོར་ཁོང་ལ་སྔར་བཞིན་རྒྱབ་སྐྱོར་ཡོད་ངེས་རེད།

བོད་ཀྱི་ཐེབས་རྩ་ཁང་གི་འགན་འཛིན་བཀའ་ཟུར་བློ་བཟང་སྙན་གྲགས།ཁོང་ནི་ང་ལ་མཚོན་ན་ཆེས་རྒྱུས་མངའ་ཆུང་བའི་སྲིད་སྐྱོང་འོས་དམིགས་ཤིག་ཡིན། ང་ཙམ་མ་ཟད་བོད་མི་མང་པོ་ཞིག་ལའང་དེ་འདྲ་ཡིན་སྲིད། གང་ཡིན་ཟེར་ན། ཁོང་ཕྱི་རྒྱལ་དུ་བཞུགས་ཡུན་རིང་བ་དང་ནམ་རྒྱུན་བོད་པའི་སྤྱི་ཚོགས་ནང་ཐོན་པའང་ཅུང་དཀོན་པོ་ཡིན་པར་སྣང་། ངས་ཁོང་གི་གསུང་བཤད་ཧྲིལ་པོ་ཞིག་ཉན་པ་ནི། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༥ ཉིན་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སིའི་དབུ་མའི་ལམ་ལས་འགུལ་ཁང་དབུ་བརྙེས་ནས་ལོ་གཅིག་འཁོར་བའི་མཛད་སྒོའི་སྟེང་། སྐུ་མགྲོན་གཙོ་བོ་ཡིན་པའི་ཐོག་ནས་ཁོང་གིས་དབུ་མའི་ལམ་གྱི་སྐོར་ལ་གསུང་བཤད་གནད་ལ་ཁེལ་བ་ཞིག་བྱས་པ་དེ་ཡིན།

ཁོང་ཕྱི་ལོ་ ༡༩༩༦ ལོར་བོད་མི་མང་སྤྱི་ལྷན་སྐབས་ ༡༢ པའི་མདོ་སྟོད་སྤྱི་འཐུས་སུ་འདེམས་ཐོན་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༠༡ ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དང་། ཕྱི་དྲིལ། འཕྲོད་བསྟེན་བཅས་ཀྱི་བཀའ་བློན་བྱས། དེ་ནས་ཕྱི་ལོ་ ༢༠༠༩ ནས་ ༢༠༡༣ བར་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་ལས་འཁུར་ཞུས་ཤིང་། ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡ ནས་བཟུང་ད་བར་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་གི་འགན་འཛིན་གྱི་ལས་འགན་འཁུར་གྱི་འདུག ཁོང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ནང་མ་ཞུགས་གོང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཞོན། དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གསར་འཛུགས་བྱེད་མཁན་གྱི་གྲས་སུ་ཡང་ཡོད་པ་སོགས། མང་ཚོགས་རང་བཞིན་གྱི་ཚོགས་སྡེ་ཁག་དང་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ནང་ལོ་མང་ལས་ཀ་བྱས་ཡོད་པ་དང་། ལྷག་པར་དུ་ཨ་རིའི་གནད་ཡོད་གཞུང་འབྲེལ་མི་སྣ་དང་ཕྱི་འབྲེལ་སྲིད་བྱུས་སོགས་ཀྱི་ཐད་ལ་རྒྱུས་མངའ་ཆེན་པོ་ཡོད་ངེས་པས། ང་ཚོས་ཚོད་དཔག་བྱེད་བཞིན་པའི་སྲིད་སྐྱོང་འོས་དམིགས་རྣམས་ཀྱི་ཁྲོད་ནས་ཕྱི་འབྲེལ་ཐད་ཉམས་མྱོང་དང་གོ་རྟོགས་མཐོ་ཤོས་དེ་ཡིན་སྲིད་པ་རེད།

ད་ལྟ་ཁོང་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་དུ་ལངས་པའི་ཆེད་གཉེར་ངོ་དེབ་ཅིག་ཀྱང་མཐོང་རྒྱུ་འདུག འདས་པའི་ཉམས་མྱོང་ལ་གཞིགས་ནས་བཤད་ན། ཁོང་གིས་འོས་བསྡུའི་དྲིལ་བསྒྲགས་མགོ་བཙུགས་ཏེ་གཞིས་ཆགས་དང་དགོན་སྡེ། དེ་བཞིན་བོད་མི་འདུས་སྡོད་ཁུལ་དུ་ཕྱིན་པ་ཡིན་ན། གཞོན་སྐྱེས་མང་པོ་ཞིག་གིས་དགའ་མོས་བྱེད་སྲིད་པའི་ཆ་རྐྱེན་ཞིག་ཁོང་ལ་ཚང་ངེས་རེད་བསམ་གྱི་འདུག འོན་ཀྱང་། དངོས་གཞིའི་ནང་བཀའ་ཟུར་ཁོང་དང་བཀའ་ཟུར་རྒྱ་རི་སྒྲོལ་མ་གཉིས་ཁེལ་སོང་བ་ཡིན་ན། ཁོང་གཉིས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན་ཚོའི་འོས་ཤོག་དེ་འཐོར་སྲིད་པའི་ཉེན་ཁ་ཡོད་པ་རེད།

སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་རྡོར།ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་དམིགས་སུ་ལངས་རྒྱུ་ཡིན་པའི་ཚོད་དཔག་ཤུགས་ཆེ་ཤོས་བྱེད་ཀྱི་ཡོད་པའི་མི་སྣ་གཅིག་ནི་དབུ་དཀར་ཚང་སྐལ་རྡོར་རེད། ཁོང་ནི་འོས་དམིགས་ཁྲོད་ཀྱི་ལོ་ན་གཞོན་ཤོས་དེ་ཡིན་སྲིད་ལ། གངས་ཅན་སྐྱིད་གཤོངས་སུ་ལས་ཡུན་ཐུང་ཤོས་ཀྱི་འོས་དམིགས་གསར་པ་ཞིག་ཆགས་ཡོད་པ་རེད། ཕྱི་ལོ་ ༢༠༡༡ ལོའི་ཡར་སྔོན་དུ་བོད་པའི་སྤྱི་ཚོགས་ནང་ཁོང་ལ་རྒྱུས་ཡོད་མཁན་ཉུང་ཉུང་ཡིན་པ་རེད།

ཕྱི་ལོ་ ༢༠༡༡ ལོར་བློ་བཟང་སེང་གེ་མཆོག་སྲིད་སྐྱོང་དུ་འདེམས་ཐོན་བྱུང་བ་དང་བསྟུན། ལོ་དེར་དབུ་དཀར་ཚང་སྐལ་རྡོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དམིགས་བསལ་སློབ་སྟོན་པའི་གྲས་སུ་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ལོར་སྐབས་དེའི་ཨ་རིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་ཀྱིས་རྩ་དགོངས་ཞུས་པའི་རྐྱེན་གྱིས། ལོ་དེའི་ཕྱི་ཟླ་ ༩ ནས་ཕྱི་ལོ་ ༢༠༡༦ ཟླ་ ༨ བར་གྱི་ལོ་གསུམ་རིང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་འགན་འཁུར་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ནང་ལས་ཀ་བྱས་མ་མྱོང་ཞིང་། བོད་མིར་རྒྱུས་མངའ་ཆུང་བའི་ཁོང་ཐད་ཀར་ཨ་རིའི་དོན་གཅོད་དུ་བསྐོ་བཞག་གནང་རྗེས། བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་ནང་ལབ་གླེང་མང་པོ་ཞིག་བྱུང་ཡོད་པ་རེད།

སྐལ་རྡོར་ནི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་བློ་ཐག་ཉེ་བའི་གྲོགས་པོ་ཞིག་ཡིན་ལ། དེ་ལ་བོད་ཀྱི་སྲོལ་རྒྱུན་ལྟར་ལབ་ན། ཁོང་ནི་སྲིད་སྐྱོང་མཆོག་གི་སྤྱན་གསལ་ཡིན་སྟབས། ད་ལྟ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཁོང་གཉིས་ཀྱིས་གཅིག་ལ་གཅིག་རྟེན་གྱི་རོགས་འདེགས་འོག་སྐལ་རྡོར་ལ་སྲིད་སྐྱོང་འོས་མིའི་རྒྱལ་ཁ་འཐོབ་པར་ཐབས་ཇུས་གཏིང་རིང་པོ་འཛིན་གྱི་ཡོད་པར་ངོས་འཛིན་བྱེད་ཀྱི་འདུག

ཨ་རིའི་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་འཕོ་འགྱུར་བཏང་རྗེས། སྐལ་རྡོར་གནད་དོན་དེ་ལ་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་ཞིག་ཏུ་གྱུར་བ་རེད། དོན་གཅོད་ཁང་གི་ཨ་སྒོར་ས་ཡ་ ༡ དང་ཕྱེད་ཀའི་གནད་དོན་དེར་བོད་པའི་སྤྱི་ཚོགས་ཁྲོད་གླེང་གཞི་ཆེན་པོ་ཆགས་པ་མ་ཟད། ཨ་རིའི་འབྲེལ་ཡོད་ལས་ཁུངས་ནས་ཀྱང་དེ་ལ་ཡིག་ཐོག་ནས་གསལ་བཤད་བྱེད་དགོས་ཁེལ་ཡོད་པ་རེད། ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༤ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཏང་བའི་ཁ་མཆུ་ ༢༠ པའི་བཅད་ཁྲའི་ནང་དུ། དོན་ཟུར་སྐལ་རྡོར་གྱིས་བུ་ལོན་གྱི་གན་ཡིག་དེ་དོན་གཅོད་གསར་པར་རྩིས་སྤྲོད་བྱས་མེད་པའི་ཐོག ལས་ཁུངས་ཀྱི་ཡིག་སྣོད་ནང་དུའང་བཞག་མི་འདུག ཅེས་བཀོད་ཡོད་པ་རེད།

དེ་བཞིན་སྤྱི་ཚོགས་ནང་ཁོང་ལ་ལབ་གླེང་སྐྱོན་བརྗོད་གཞན་ཞིག་ནི། ཁོང་ཨ་རིའི་དོན་གཅོད་ཡིན་སྐབས་ཏེ་ཕྱི་ལོ་ ༢༠༡༤ ལོར་༧གོང་ས་མཆོག་ཨ་རིར་ཆིབས་བསྒྱུར་སྐྱོང་སྐབས། དོལ་རྒྱལ་རྗེས་འབྲང་བ་ཕྱི་རྒྱལ་གྱི་ཨ་ནེ་ཞིག་ཁོང་གི་སྐུ་གམ་དུ་བཅར་སྟེ་རྙོག་དྲ་བཤད་པའི་བརྙན་ཐུང་ཞིག་སྤྱི་ཚོགས་དྲ་ལམ་དུ་ཁྱབ་རྗེས། བོད་མི་སོགས་དོ་སྣང་ཅན་མང་པོ་ཞིག་ལ་སེམས་འཚབ་བྱུང་ནས་འབྲེལ་ཡོད་དོན་གཅོད་ཀྱིས་ཡིད་གཟབ་མ་བྱས་པའི་སྐྱོན་བརྗོད་མང་པོ་བྱུང་ཡོད་པ་དང་། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་དུའང་ཚོར་ཤུགས་ཆེན་པོས་གླེང་སློང་བྱུང་ཡོད་པ་མ་ཟད། རྗེས་ཕྱོགས་འབྲེལ་ཡོད་ལས་ཁུངས་དང་འགན་འཁུར་བ་ཚོས་ཉེན་ཚབས་ཆེ་བའི་གནད་དོན་དེ་འདྲ་གཏན་ནས་འབྱུང་དུ་འཇུག་རྒྱུ་མེད་པའི་ཉེན་བརྡ་བཏང་ཡོད་པ་རེད།

སྐལ་རྡོར་ནི་ད་ལྟ་ང་ཚོས་ཚོད་དཔག་བྱེད་བཞིན་པའི་སྲིད་སྐྱོང་འོས་དམིགས་གཞན་དང་བསྡུར་ན། ཁོང་ལ་སྤྱི་ཚོགས་ནང་ངོས་འཛིན་ག་འདྲ་ཞིག་ཡོད་མེད་དང་། མ་འོངས་པར་འོས་བསྡུའི་དྲིལ་བསྒྲགས་ནང་ཞུགས་ཡོང་སྐབས་མི་མང་ལ་གྲུབ་འབྲས་ཅི་ཞིག་འཁྱེར་ཡོང་རྒྱུ་ཡོད་མེད་དེ་བཤད་ཚོད་ཐིག་ཁག་པོ་རེད།  ཡིན་ནའང་། ཕྱི་ལོ་ ༢༠༡༡ ནས་བཟུང་ཁོང་གིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུ་འཁྲིད་པའི་བོད་མིའི་སྒྲིག་འཛུགས་ཀྱི་གལ་གནད་ཆེ་བའི་ལས་འགན་ཁག་ཅིག་གི་ཐོག་འགན་བླངས་ཡོད་པ་དང་། ཕྱི་ལོ་ ༢༠༡༩  ཟླ་ ༦ པ་ནས་ཟླ་གཅིག་རིང་ཁོང་དང་ལས་རོགས་ཤིག་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་མ་དངུལ་ཆེད་ཨ་རི་དང་ཁེ་ན་ཌའི་ནང་སྐོར་བསྐྱོད་བྱས་ཏེ། ཨ་སྒོར་ས་ཡ་ ༡ རག་ཡོད་པའི་གསལ་བསྒྲགས་གནང་ཡོད་པ་ལྟར་ལས་དོན་ལ་གྲུབ་འབྲས་ཀྱང་མང་པོ་སོན་ཡོད་ངེས་རེད།  གང་ལྟར་ལས་ཐོག་སྲིད་སྐྱོང་མཆོག་གི་རྒྱབ་སྐྱོར་བའི་ནང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་གང་ཙམ་མང་པོ་ཡོད་སྲིད་པ་རེད།

མི་མང་གི་ཚོད་དཔག་ལ་མཐའ་མེད་པ་བཞིན་ངས་གོང་དུ་ཞུས་པའི་འོས་དམིགས་རྣམས་ཀྱི་ནང་དུ་མ་ཚུད་པའི་འོས་དམིགས་གཞན་འགའ་རེའང་འདུག དེ་དག་ནི་ཉམས་མྱོང་ཆེ་ཞིང་རྒྱ་གར་གྱི་ཆབ་སྲིད་སྤྱི་ཚོགས་ནང་འབྲེལ་བ་བཟང་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་དང་། ཁྲིམས་བཟོ་དང་འཛིན་སྐྱོང་གཉིས་ཀར་ཉམས་མྱོང་ལྡན་པའི་དཔལ་འབྱོར་བཀའ་བློན་ལས་ཐོག་ཀརྨ་ཡེ་ཤེས། ད་དུང་ཨ་རིའི་གཞུང་གི་དཔོན་གནས་མཐོ་ཤོས་སུ་བསླེབས་པའི་བོད་རིགས་དང་པོར་ངོས་འཛིན་ཞུས་པའི་ཨ་རིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་ཟུར་པ་བསྟན་འཛིན་རྡོ་རྗེ་སོགས་མི་མང་གི་ཁ་ནང་མིག་ནང་ན་རྒྱུ་བཞིན་པའི་འོས་དམིགས་རེ་རེ་ཆགས་བསྡད་ཡོད་ལ། ད་དུང་ཁུ་སིམ་སིམ་ངང་ཧོབ་ཏེ་ཐོན་ཡོང་མཁན་གྱི་འོས་དམིགས་རེའང་ཡོད་སྲིད་པ་རེད་དོ།།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སོག་པོའི་སྲིད་བློན་ཛན་དྷན་ཤ་ཏར་གོམ་བྷོ་ཇ་ཝི་མཆོག་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༦།༡༣
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སོག་པོའི་སྲིད་བློན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༦/༡༣
རྒྱ་ནག་གཞུང་གིས་བོད་དིང་རིའི་བསྐྱར་གསོའི་རྣམ་པ། དྲ་ལམ་གྱི་པར།
Mobile App

རྒྱ་གཞུང་གི་བསྐྱར་གསོ་འཛུགས་སྐྲུན་གྱིས་བོད་མི་རྣམས་ལ་གྱོང་གུད་ཆེན་པོ་ཐེབས་རྒྱུ་ཡིན་པ་ཉམས་ཞིབ་པས་བརྗོད།

༢༠༢༥/༠༦/༡༣
Mobile App

ཧི་མ་ཅལ་གྱི་འཕགས་བོད་ཚོང་ལམ་ཤིབ་ཀི་ལ་བསྐྱར་དུ་སྒོ་ཕྱེས་འདུག

༢༠༢༥/༠༦/༡༢
༧སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག ༢༠༢༥།༦།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

 ཝེ་ཐི་ནམ་སོགས་ཀྱི་དད་ལྡན་དོན་གཉེར་བ་ ༣༠༠ ལྷག་གིས་མཇལ་བཅར་ཞུས།

༢༠༢༥/༠༦/༡༢
Mobile App

སྐུ་པར་རྙིང་བ་ཞིག

༢༠༢༥/༠༦/༡༢
མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་སླར་ཡང་འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་རྟགས་མ་ཐོབ་སོང་། ༢༠༢༥།༠༦།༡༡ དུས་བབ་ཀྱི་པར།
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་སླར་ཡང་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་གཟེངས་རྟགས་ཐོབ། 

༢༠༢༥/༠༦/༡༢

མཆན། 0

  1. Khenrap,Lobsang says:
    ལོ་ 5 སྔོན།

    According to my understanding, I think, Mr. Kador la is a great leader and man of vision. He could be one of the best Syikong candidates.

    Reply
  2. བློ་བཟང་། says:
    ལོ་ 5 སྔོན།

    གེ་སར་རྒྱལ་པོ་ལགས་ནས་ཕྱོགས་སྒྲིགས་ཡག་པོ་ཞེ་དྲག་གནང་འདུག ངོས་རང་ལ་མཚོན་ནའང་བོད་སྤྱི་ལ་ཕན་པའི་སྲིད་སྐྱོང་ཞིག་ཡོང་བའི་རེ་བ་ཧ་ཅང་བཅང་བཞིན་ཡོད། ད་ལྟའི་དུས་ཚོད་ནང་བཟང་སྤྱོད་གོང་འཕེལ་གཏོང་དགོས་པ་གཟིགས་མཁན་ཕྱི་ནང་གི་བསམ་ཤེས་ཅན་མང་པོ་འདུག བྱས་ཙང་ང་ཚོའི་སྲིད་སྐྱོང་ཡང་བོད་ཙམ་མ་ཡིན་པར་འཛམ་གླིང་སྤྱིའི་སྐྱེས་འགྲོའི་བདེ་སྡུག་ལ་བསམ་བློ་གཏོང་ཐུབ་མཁན་ཞིག་དགོས་ངེས་རེད། དེ་ནི་རང་བཞན་གཉིས་ཀར་ཕན་པའི་ཆབ་སྲིད་གཏིང་རིང་པོ་ཞིག་དང་། ཀུན་གྱི་ཡིན་སྨོན་རགས་པའི་ཆབ་སྲིད་གཅིག་ཡིན་པས། བོད་ཀྱི་དཀའ་རྙོག་སེལ་བ་ལའང་དེས་ཕན་རླབས་ཆེ།
    གཉིས་ནས། འོས་མི་ནང་ནས་ངོས་རང་རྒྱུད་མངའ་ཆེ་ཤོས་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་རེད་འདུག ཁོང་ནི་གཞུང་འཛིན་ཉམས་མྱོང་ཡོད་པའི་མི་སྣ་གཅིག་ཡིན་པ་སྨོས་མེད་ཁར། བོད་རྒྱ་འབྲེལ་ལམ་ཐོག་རྒྱུད་མངའ་ཆེ་བ། ནང་ཁུལ་གྱི་དཀའ་རྙོགས་རིགས་བསལ་བ་ལ་རྣམ་དཔྱོད་ཡངས་ཤིང་། བོད་དོན་ཕུགས་རྒྱང་རིང་པོའི་དགོངས་པ་ཞེ་མཁན་གཅིག་ཀྱང་རེད། དཔེར་ན། མ་འོངས་པ་བོད་རྡོག་རྩ་གཅིག་དྲིལ་ཡོང་བར་༧གོང་ས་མཆོག་གི་མཚན་གནས་རྒྱུན་འཛིན་དགོས་པ་གཟིགས་ནས་དགའ་ལྡན་ཕོ་བྲང་དེ་ཉིད་འཛམ་གླིང་སྤྱི་ངོས་འཛིན་དང་ཡུན་གནས་ཐུབ་པར་འབད་རྩོན་གནང་དང་གནང་བཞིན་པ་རེད། མ་ཟད་རང་གཞན་ཚང་མའི་བདེ་སྡུག་སེལ་བ་ལ་ཤེས་ཡོན་དགོས་གལ་ཆེན་པོ་ཡིན་པ་ངོས་འཛིན་གནང་བ། གནད་དོན་གལ་ཆེ་སར་གཞན་བསམ་ཤེས་ཅན་དང་གྲོས་བསྡུར་ཡང་ཡང་གནང་བ་ལས་རང་ཤེས་བཙན་པོ་དབང་ཡོད་གནང་མཁན་མིན། མ་ཟད་གཞན་ལ་བརྟུན་མཁས་ཀྱི་ཉན་འཇོག་གནང་བ་ལས་ང་རྒྱལ་ཆེ་མཐོང་ཅན་ཞིག་མ་ཡིན་པ་སོགས་ད་བར་ངོས་རང་སྒེར་གྱི་ཉམས་མྱོང་ཡོད། མུས་འཐུད་འགྲེལ་བརྗོད་ཞུ་ཆོག

    Reply
    • ཚེ་བརྟན་འགྱུར་མེད says:
      ལོ་ 5 སྔོན།

      ༑ ཐུབ་བསྟན་ཚེ་འཕེལ་ལཌ་ནས་གེ་སར་རྒྱལ་པོས་ཕྱོགས་སྒྲིགས་ལ་མོས་གཉེས་ཆེན་པོ་གནང་འདུག གཅིག་བྱས་ན་ཁོང་གི་རྒྱུས་མངའ་ཆེ་བས་བཀའ་ཟུར་ལགས་ལོ་རྒྱུས་རྒྱས་པོ་དང་ཆེ་བསྟོད་ཞུས་པ་དེའི་ཡིན་སྲིད། ཡིན་ཀྱང་ངོས་ནས་དཔྱད་ཞིབ་པ་དཔྱད་པ་དྲང་ལྡན་མེད་པ་མ་ཚད་ཕྱོགས་ལྷུངས་ཀྱི་དྲི་ཡི་གཡོས་འདུག་པའི་དཔེ་རུ་རྒྱལ་རི་སྒྲོལ་མ་ལཌ་དང་སྤེན་པ་ཚེ་རིང་ལཌ་གཉིས་ཀྱི་མི་ལོ་ ༢༠ ལོ་རྒྱུས་ཉམས་མྱོང་འགྲེལ་བཤད་ལ་ཉེ་རིང་ཡོད་སྐོར་དེ་སྔ་ཞུས་ཡོད།
      ད་རིང་སླར་ཞུས་ན། དེ་བཞིན་ཁོང་ཚོའི་དཔར་ལ་གཟིགས་དང། གཞན་ཚང་མའི་དཔར་གཅིག་མཚུངས་ཀྱང་རྒྱལ་རིའི་དཔར་ག་འདྲ་ཞིག་འདུག ལས་མྱོང་ནང་འགའ་རེས་སྒེར་ལས་ཀྱང་སྤྱི་ཚོགས་བྱས་རྗེས་སུ་བཀོད་ནའང་རྒྱ་རི་སྒྲོལ་མས་བྱས་རྗེས་ནང་བོད་པའི་སྤྱི་ཚོཌ་ནང་ལས་དོན་ཞུས་པ་དཔེ་ན་དབུས་བོད་ཀྱི་གཞོན་ལྷན་ནང་ཞབས་ཞུ་ཞུས་པ་གསལ་མིན་སོགས། ང་རྒྱལ་རི་སྒྲོལ་མར་ཞེན་ནས་མ་བཟོད་པར་ཞུས་མིན། སྤྱི་ཚོགས་ནང་དྲང་པོ་དང་མཐུན་པོ་དགོས་པའི་མ་སྐུལ་དྭང་ལང་ཞུ་མཁན་གྱི་མི་དང་ལྡིང་ཆ་ཡིན་ཁུལ་ལས་དོན་དུ་དེ་ལས་ལྡོག་པའི་ལས་ལ་འབད་ཀྱི་འདུག་ཅེས་དྲན་སྐུལ་ཡང་ཡང་ཞུ་གི་ཡོད།

      ཐུབ་ཚེ་ནས་བཀའ་ཟུར་བློ་བཟང་སྙན་གྲགས་ལཌ བོད་དོན་ཕུགས་རྒྱང་རིང་པོའི་དགོངས་པ་ཞེ་མཁན་གཅིག་ཀྱང་རེད། དཔེར་ན། མ་འོངས་པ་བོད་རྡོག་རྩ་གཅིག་དྲིལ་ཡོང་བར་༧གོང་ས་མཆོག་གི་མཚན་གནས་རྒྱུན་འཛིན་དགོས་པ་གཟིགས་ནས་དགའ་ལྡན་ཕོ་བྲང་དེ་ཉིད་འཛམ་གླིང་སྤྱི་ངོས་འཛིན་དང་ཡུན་གནས་ཐུབ་པར་འབད་རྩོན་གནང་དང་གནང་བཞིན་པ་རེད། ཅེས་ག་རེ་གསུང་གི་ཡོད་དམ། བསྟོད་ཆེ་བ་མིན་ནམ། ༸གོང་ན་མཆོག་ནི་འཛམ་གླིང་ནང་ཆེར་སྙན་གྲགས་ཅན་ཞིག་ཡིན། བློ་བཟང་སྙན་གྲགས་ལགས་འཛམ་གླིང་ཕར་བཞག་བོད་པའི་ནང་ཧ་མ་གོ་བས་ཁྱེད་ལ་འགྲེལ་བཤད་རྒྱབ་དགོས་བྱུང་རེད། བོད་པའི་དཔེ་ལྟར་དྲིལ་བུ་ལས་བླ་མ་གལ་ཆེ། དུས་ཀྱི་དགོས་མཁོ་ལས་དགའ་ལྡན་ཕོ་བྲང་དེ་ཉིད་འཛམ་གླིང་སྤྱི་ངོས་འཛིན་དང་ཡུན་གནས་ཐུབ་པར་འབད་རྩོན་གནང་དགོས་ན་བོད་གཞུང་དང་དེའི་ལས་སྣེ་རིམ་པ་ཡོད། ལས་སྣེ་ལ་མཁས་པའི་མི་སྣ་ཡོད། བོད་མིར་ཚང་མར་འགན་ཡང་ཡོད། མང་པོ་ཞུ་འདོད་མེད།
      བོད་རྒྱ་འབྲེལ་ལམ་ལས་བོད་རྒྱ་འབྲེལ་མོལ་གྱི་གཞི་རྩ་དེ་ཤེས་རྒྱུ་གལ་ཆེ། མཐར་ཐུག་ན་དེ་སྔ་འབྲེལ་ལམ་ལ་རྒྱུས་མངའ་མེད་པས་ལུས་མེད་ལ་ད་ལྟ་རྒྱུས་མངའ་ཆེ་བས་ལྷགས་པ་ཡང་ག་ན་ཡོད། དེ་ལས་འབྲས་བུ་སོན་སྐབས་དེ་སྔ་ལོ་མང་འབད་པའི་འབྲས་བུ་ད་སོན་སོང་སྙམ་པའི་འདུ་ཤེས་དགོས་རྒྱུ་གལ་ཆེ་ཡིན་ལགས།

      Reply
  3. ཇ་ཚེ། says:
    ལོ་ 5 སྔོན།

    གང་དུ་འགྲོ་སོང་།

    Reply
  4. དཔོན་སྟོད། says:
    ལོ་ 5 སྔོན།

    ༢༠༢༡ སྲིད་སྐྱོང་ལྷག་བསམ་ཅན་ཞིག་ཡོང་བའི་རེ་བ་ཡོད།

    Reply
  5. Abharu Jigwang says:
    ལོ་ 5 སྔོན།

    ད་ལེན་ ༢༠༢༡ ལོའི་སྲིད་སྐྱོང་བེུད་གཅིག་ངེས་པར་དགོས་པར་བརྟེན་་་བཀའ་ཟུར་རྒྱ་རི་སྒྲོལ་མ་ངེས་པར་འདེམས་དགོས།
    བུད་མེད་ཚོ་ངེས་པར་དཡ་ཤུགས་བརྒྱག་དགོས། དེ་མིན་སྤྱི་ཚོགས་ནང་ཕོ་མོ་དབྱེར་མེད་དགོས་ཀྱི་འདུག་ཞེས་སྟོང་བཤད་
    ག་ཚོད་རྒྱག་ཀྱང་ཕན་འབྲས་ཡོད་པ་མ་རེད། ད་ལེན་བུད་མེད་ལ་ཐོབ་ཐང་དགོས་ན་ངེས་པར་ལེན་ཆོག་འདུག་པས་
    ཐུགས་བསམ་བཞཻས་དགོས་སོ། ཨ་རོ་ཚོ།

    Reply
  6. མཐུ་སྟོབས་དབང་ཕྱུག་གཡུ་ཐོག་ says:
    ལོ་ 5 སྔོན།

    ཚེ་བརྟན་འགྱུར་མེད་ལགས་ནས་གུས་པས་མཆན་མང་ཆེ་ལ་མོས་མཐུན་གནང་བར་ཐུགས་རྗེ་ཆེ་ཞུ་།
    མང་གཙོའི་བཅའ་ཁྲིམས་ལ་གུས་བསྐུར་དང་གལ་ཆེན་བརྩི་གི་ཡོད་། སྤྱི་འཐུས་ལྷན་ཚོགས་སམ་ཁྲིམས་བཟོ་ལྷན་ཚོགས་ནས་དུས་ཚོད་དང་གནས་སྟངས་ལ་བསྟུན་ནས་ཡར་རྒྱས་དང་འགྱུར་བ་ངེས་པར་གཏོང་དགོས་པ་རེད་། ང་ལ་ཚོར་སྣང་ཆེན་པོའི་ཐོག་ནས་སྤྱི་འཐུས་ལྷན་ཚོགས་ལ་དྲི་བ་འབུལ་རྒྱུ་ལ་ ང་ཚོ་བཙན་བྱོལ་བཅའ་ཁྲིམས་ནང་བཙན་བྱོལ་བོད་མི་ཞིག་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་ལ་ཁྲིམས་བསྟུགས་བྱ་ཆོག་པའི་ཆ་རྐྱེན་དང་ཆ་ཡོད་དམ? གལ་སྲིད་ཡོད་ན་བཅའ་ཁྲིམས་དོན་ཚན་གང་ནང་ཡོད? དྲི་བ་འདི་ང་ཙམ་མ་ཡིན་པར་བོད་མི་མང་པོ་ཞིག་ལ་ཚོར་སྣང་དང་བློ་འཚབས་ཆེན་པོ་ཡོད་པ་གསལ་པོ་རེད་།
    ཁ་མཆུ་ཨང་ ༢༠ ཟེར་བ་དེ་དང་པོ་ཁྲིམས་ལ་བསྟུགས་རྒྱུ་དེ་རང་བཟང་སྤྱོད་དང་མ་མཐུན་ཞིང་མཐའ་ཤལ་ཡིན་པ་མ་ཟད་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ངོས་ལེན་གནང་རྒྱུ་དེ་ཡང་དགྲ་དགའ་གཉེན་སྡུག་དང་ཐབས་ཟད་ཀྱི་ལས་ངན་འཚབས་ཆེན་རེད་ཞུ་། གནས་ཚུལ་འདི་ང་ཚོ་བོད་ཀྱི་རྩ་དོན་དང་གཞིས་བྱེས་བོད་མིའི་མངོན་འདོད་ལ་ཕན་ཐོགས་ཡོད་དམ?

    Reply
  7. ཇ་ཚེ། says:
    ལོ་ 5 སྔོན།

    ༢༠༢༡ ལོའི་སྲིད་སྐྱོང་འོས་ཤོག་ནང་ཁོང་རྣམ་མེད་པའི་རེ་བ་ཡོད།
    བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ཁོང་ནི་བདེ་སྲུང་བཀའ་བློན་འགན་ཁུར་མ་ནུས་མཁན་ཞིག་གིས་སྲིད་སྐྱོང་མི་ཡོང་བར་གསལ་བོ་རེད།
    བཀའ་ཟུར་རྒྱ་རི་སྒྲོལ་མ་ཁོང་ནི་སྤྱི་སེམས་ཅན་ཞིག་རེད་འདུག་སྟེ། གང་ལྟར་དབུ་ཁྲིད་ཞིག་ཡིན་དུས་ཁོག་ཡངས་སྣ་རིང་ཞིག་ངེས་པར་དུ་དགོས་རེད།
    ཚོགས་ཟུར་སྤེན་པ་ཚེ་རིང་ཁོང་ནི་སྤྱི་ཚོགས་ནང་ལབ་གླེང་ཅན་དང་ལྷག་བསམ་མེད་མཁན་ཞིག་རེད་འདུག་པས་དེའི་སྲིད་སྐྱོང་གི་འོས་བབ་མི་འདུག་གོ
    ༢༡ སྲིད་སྐྱོང་ཁོང་ནི་སྤྱི་སེམས་ཅན་དང་། ༧གོང་ས་མཆོག་གི་བཀའ་དགོངས་ནང་བཞིན་སྒྲུབ་མཁན་ཞིག །ལྷག་བསམ་དང་འཇོན་ཐང་ཅན་ཞིག་ད་ལྟའི་སྲིད་སྐྱོང་ནང་བཞིན་ཞིག་ངེས་པར་དུ་དགོས་འདུག ། །།

    Reply
  8. ཚེ་བརྟན་འགྱུར་མེད། says:
    ལོ་ 5 སྔོན།

    གཡུ་ཐོག་མཐུ་སྟོབས་དབང་ཕྱུག་ལཌ་ཀྱི་མཆན་མང་ཆེ་བར་མོས་མཐུན་ཡོད། དཔྱད་ཞིབ་པ་དཔྱད་པ་དྲང་ལྡན་མེད་པ་མ་ཚད་ཕྱོགས་ལྷུངས་ཀྱི་དྲི་ཡི་གཡོས་འདུག དཔེ་ན་རྒྱལ་རི་སྒྲོལ་ལགས་ཀྱི་མི་ལོ་ ༢༠ ལྷག་རིང་ཞབས་ཕྱི་ཞུས་པར་འཛིན་སྐྱོང་གི་ཉམས་མྱོང་གང་ཙམ་འདང་ངེས་ཡོད་ཅེས་དང། ཡང། སྤེན་པ་ཚེ་རིང་ལགས་ཀྱིས་མི་ལོ་ ༢༠ ལྷག་རིང་ཞབས་ཕྱི་ཞུས་པས་འཛིན་སྐྱོང་གི་ཉམས་མྱོང་ཡང་གང་ཙམ་ཆེན་པོ་ཡོད་པ་རེད།་ལྟ་བུ། རྒྱལ་རི་སྒྲོལ་མ་ལགས་ཀྱི་སྐྱོན་གནད་ནང་ཁོང་ངུ་ཆོག་ཆོག་ཡོད་པ་བཀོད་པར་གཞན་ཞིག་ནས་དེ་ལན་གནང་འདུག་པར་གཟིགས། སྤེན་པ་ཚེ་རིང་ལགས་ཀྱི་སྐྱོན་གནས་ཆེ་ཤོས་ནི་ཆོལ་གསུམ་དུམ་པུར་གཏོང་མཁན་གྱི་ནག་ཉེས་བཙུགས་ཡོད། དེ་ཡང་ཁོང་དང་ད་ལྟའི་སྲིད་སྐྱོང་གཉིས་འོས་བསྡུའི་སྐབས་བྱུང་ཡིན་ཀྱང་སྲིད་སྐྱོང་གིས་དེའི་སྔོན་དུའང་འོས་བསྡུའི་ལས་རིམ་ཞིག་ཞུས་པས་དེ་སྐབས་དེ་ལྟའི་རྙོགས་ཁྲ་ཕལ་ཆེར་བྱུང་མེད།

    ཉག་རོང་དོན་གྲུབ་དང་འབྲེལ་གནས་དང་སོགས་སྐོར་ངོས་སུ་གོ་མཐོས་བྱུང་བ་དང་པོ་ཡིན་ཀྱང་རྒྱལ་རི་སྒྲོལ་མ་ལགས་ནས་ལན་འདེབས་གནང་རེ། སྤེན་ཚེ་ལགས་སྐོར་དེ་མིན་གྱི་གནས་ཚུལ་བོད་ཀྱི་དུས་བབས་སོགས་ནང་མང་པོ་གོ་ཤེས་འདུག

    ད་ལྟའི་སྲིད་སྐྱོང་གི་རྒྱབ་སྐྱོར་དེ་ཕལ་ཆེར་སྤེན་ཚེ་ལགས་ཙམ་ལས་དེ་མིན་ད་ལྟའི་ཁྱེད་ནས་བཏོན་པའི་འོས་མི་སུ་ལའང་ཐོབ་སྲིད། ངས་འོས་ནི་ང་རང་གི་དཔྱད་གཞི་ནས་གནས་ཚད་བཟང་ཤོས་དེ་ལ་ཕུལ་ལོ། དེ་སྔའང་དེ་ལྟར་ཞུས་ཡིན།

    སྡིག་པ་མིག་འཚུམ་མ་བྱེད་དོ།

    Reply
  9. གཞུང་པ་ཚེ་དབང་བསོད་ནམས། says:
    ལོ་ 5 སྔོན།

    བཅའ་ཁྲིམས་ནོར་བུ་མ་ནོར་ལམ་སྟོན་འོག།
    སྲིད་སྤྱིའི་འོས་བསྡུའི་ལས་རིམ་སྒྲ་སྒྲིག་དགོས།
    ཕྱོགས་གཏོགས་ཆབ་སྲིད་ལུང་ཚན་སྐབས་ཚོལ་སོགས།
    ནམ་ཡང་འགྲོ་ས་མེད་པ་བཅའ་སྒྲིག་འགན།

    མང་གཙོའི་རང་དབང་བཅའ་སྒྲིག་འོག་ཏུ་སྲུང།
    དམངས་གཙོའི་རང་དབང་གྲལ་རིམ་འོག་ཏུ་སྲུང།
    དེ་གཉིས་མ་ནོར་མང་གཙོ་ཚད་དང་ལྡན།
    དེ་གཉིས་ནོར་ན་མང་གཙོ་དམངས་གཙོར་རྒྱུར།

    མི་མང་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་འོག།
    གྲལ་རིམ་དམངས་གཙོ་གང་ཟག་དབང་བསྒྱུར་འོག།
    འགོ་འདྲེན་རིང་ལུགས་གྲལ་རིམ་དམངས་གཙོའི་འོག།
    སྐབས་ཚོལ་རིང་ལུགས་གོ་སྐབས་དེ་ནས་ཐོབ།

    Reply
  10. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 5 སྔོན།

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་བཙན་བྱོལ་བོད་མིའི་འོས་བསྔུའི་སྒྲིག་སོགས་དང་མ་འགལ་བའི་ཐོག་ནས་སྲིད་སྐྱོང་མི་མང་ནས་འདེམས་དགོས་པ་ལས་ཆོལ་ཁ་དང་ལུང་ཚན་སྤྱི་ཚོགས་ཀྱི་གྲལ་རིམ་སོགས་ལ་འགན་འཁུར་ནས་སྲིད་སྐྱོང་ལ་ལང་
    མཁན་དང་སྲིད་སྐྱོང་ལ་འོས་འཕེན་མཁན་ཡོད་ན་མང་གཙོ་དམངས་གཙོ་ངོ་མ་ཤེས་པ་ངོས་འཛིན་བྱེད་ཆོག་པ་བཅས།

    Reply
  11. Abharu Jigwang says:
    ལོ་ 5 སྔོན།

    བདེ་སྐྱིད་ཆོས་དབྱངས་ཁས་བཤད་ལག་ལེན་མེད། ལས་དུས་གཅིག་ཀྱང་མ་ཐུབ་རྩ་དགོངས་ཞུས།
    འདི་འདྲའི་འུར་བཤད་མི་ལ་ཡིད་ཆེས་དཀོན། ནམ་ཡང་སྤྱི་ཚོགས་ནང་གི་འགོ་དཔོན་ཡོང་བ་དཀོན།

    Reply
  12. Abharu Jigwang says:
    ལོ་ 5 སྔོན།

    བདེ་སྐྱིད་ཆོས་དབྱངས་མེད་པའི་རྒྱུ་མཚན་ནི་། འདིའི་གོང་ལ་བྱེད་རྒྱུ་བཏང་རྒྱུ་ཡོད་མདོག་མང་དག་བཤད་ནས་
    མི་མང་གིས་ཡར་བཏོན་ཡང་་་ལས་རྒྱུན་་ལོ་གསུམ་ཡང་མ་འཁྱོལ་བར་བརྟེན་མང་པོ་ཞིག་རེ་བཅོལ་བརླགས་པ་རེད།
    ང་ཡང་དེའི་ཁོང་ཡིན། བློས་བྲོད་པར་བཅོལ། བྲོད་པས་ཆུ་གློད་པ་རེད།

    Reply
  13. མཐུ་སྟོབས་དབང་ཕྱུག་གཡུ་ཐོག་ says:
    ལོ་ 5 སྔོན།

    མང་གཙོའི་བཅའ་ཁྲིམས་མ་འགལ་བ་བྱ་རྒྱུ་ཧ་ཅང་གལ་ཆེ་རེད་། དེ ལས་གལ་གནད་ཆེ་བ་བཅའ་ཁྲིམས་ནང་གནད་དོན་ཆ་ཚང་ཁ་གསལ་དང་གོ་བདེ་བཟོ་རྒྱུ་གལ་ཆེ་རེད་བསམ་།
    ༢༠༢༡ ལོའི་སྲིད་སྐྱོང་འོས་མི་བཞེང་རྒྱུ་སྔོན་མ་ལས་ཞེ་དྲག་དཀའ་ལས་ཁག་པ་ཡོད་འགྲོ་བསམ་གི་འདུག་ གང་ཡིན་ཟེར་ན་འདས་པའི་ལོ་བཅུ་ཙམ་ནང་སྲིད་སྐྱོང་འབུམ་རམས་པ་སྐུ་ངོ་བློ་བཟང་སེང་གེ་ལགས་ཀྱིས་སྣེ་འཁྲིད་པའི་བོད་མིའི་སྒྲིག་འཛུགས་ཀྱིས་ལས་དོན་སྤྱི་དང་ལྷག་པར་དུ་རྒྱལ་སྤྱིའི་ཆབ་སྲིད་གླེང་རྟེགས་ནང་ཟེངས་སུ་ཐོན་པའི་ཕྱག་ལས་གྲུབ་འབྲས་ལྡན་པ་བྱང་ཡོད་པ་མངོན་གསལ་རེད་། དེར་རྟེན་མ་འོངས་ ༢༠༢༡ ལོའི་སྲིད་སྐྱོང་འོས་མི་བཞེང་མཁན་རྣམས་ནས་འདས་པའི་སྲིད་སྐྱོང་གིས་ལས་དོན་ལས་ལྷག་པ་ཞིག་མ་བྱུང་ནའང་ཉམས་རྒུད་མ་སོང་བ་གནང་རྒྱུ་གལ་གནད་ཆེ་ཤོས་རེད་།
    ད་ང་ཚོའི་བོད་མི་རྣམས་ཤེས་ཚད་ལྡན་ཞིང་ཆབ་སྲིད་གནས་ཚད་ཞེ་དྲག་མཐོ་བོ་ཡོད་པ་མ་ཟད་ གཞན་ཟེར་གི་འོག་ཏུ་མ་ཚུད་པར་རང་ཐག་རང་གིས་གཅོད་ཐུབ་མཁན་ བཟང་ངན་དབྱེ་བ་དང་དྲང་ཚུགས་ལྡན་པ་ཤ་སྟག་རེད་ ལས་སླ་བོ་ཡོད་མ་རེད་།
    མ་གཞི་དེང་དུས་ཀྱི་ཤེས་ཚད་ཕྱུགས་ཤིང་རྒྱལ་གཅེས་ལྷག་བསམ་གཏོང་ཕོད་ཅན་གཞོན་སྐྱེས་མང་པོ་ཐོན་ཡོང་འདོགས་ཁ་བོ་རེད་། གཞན་པ་ང་ཚོ་བོད་ཀྱི་གཏམ་དཔེ་ལ་ཨ་འབགས་ནང་ལ་གང་ཡོད་འཛོགས་འགོ་རྒྱུས་ཡོད་རེད་ཟེར་བ་ལྟར་ང་ཚོ་བོད་མིའི་སྤྱི་ཚོགས་ནང་གང་དང་སུ་ཡོད་ཆ་ཚང་ཧ་གོ་དོན་སྟོགས་རེད་།
    བོད་མིའི་སྒྲིག་འཛུགས་བཀའ་ཤག་གམ་གཞུང་གིས་བཀའ་དགོངས་གྱེན་ལོགས་བྱས་པ་མ་ཟད་གཞུང་ཁྲིམས་ལ་སྦྱར་བ་དང་ཁྲིམས་ཞིབ་པས་ཀྱང་དྲང་ལྡན་རྩ་བ་ནས་མེད་པར་དགྲ་དགའ་གཉེན་སྡུག་གི་གནས་སྟངས་ཆེད་བཟོས་ཀྱིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་ནག་ཐིག་ཕོགས་པ་བཟོ་མཁན་ཞིག་སྒྲིག་འཛུགས་ད་གའི་སྲིད་སྐྱོང་འོས་མིའི་ཆ་རྐྱེན་ཚང་རྒྱུ་ཕར་བཞོགས་བསམ་བློ་ཡང་འཁོར་ས་མི་འདུག་།
    དཔྱད་ཞིབ་པ་གེ་སར་རྒྱལ་པོས་དཔྱད་པའི་ནང་”བཙན་བྱོལ་ནང་སྐད་གྲགས་ཆེ་བའི་ཁ་མཆུ་ཨང་ ༢༠ པའི་ནས་སྤེན་པ་ཚེ་རིང་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་” ཟེར་བ་དེ་ཡང་དྲང་ལྡན་དང་གཁས་མཛངས་ཀྱིས་དཔྱད་པ་མ་ཡིན་པར་ཕྱོགས་ལྷུངས་ཁོ་ནས་དཔྱད་པ་ཞིག་ལ་ངོས་འཛིན་ཐུབ་། སྤེན་པ་ཚེ་རིང་ལ་ཁྲིམས་ཞིབ་པ་ཚོས་རྒྱལ་ཁ་སྤྲད་པ་རེད་མ་གཏོགས་ཐོབ་པ་ཞིག་ལ་ངོས་མེད་ལ་བོད་མི་མང་ཆེ་བའི་བློ་སེམས་ནང་རྨ་ཁ་ཆེན་པོ་བཟོས་ཡོད་མོད་།།།

    Reply
  14. ཚེས་བཅུ་སྒྲོལ་མ། says:
    ལོ་ 5 སྔོན།

    གལ་ཏེ་སྤེན་པ་ཚེ་རིང་སྲིད་སྐྱོང་འདེམས་ཐུབ་སོང་ན།དེ་ཉིན་མོ་ནས་བཟུང་བཙན་བྱོལ་སྒྲིག་འཛུགས་ལ་འབྲེལ་བ་རྩ་བ་ནས་མེད་ཟེར་གསལ་སྒྲགས་བྱ་རྒྱུ་ཡིན།

    Reply
  15. Abharu Jigwang says:
    ལོ་ 5 སྔོན།

    ༄༅། མི་མང་གི་སྤྱི་ཚོགས་ནང་། ལྷག་པར་དུ་དམངས་གཙོའི་སྤྱི་ཚོགས་ནང་ལྟ་བ་འདྲ་མིན་།
    བསམ་ཚུལ་འདྲ་མིན་ཡོང་དགོས་པ་ཡིན། གཏམ་དཔེར་་གཡག་སུམ་བཅུ་ལ་་་ར་ཅོ་་་དྲུག་ཡོད་པ་ལྟར་རེད།
    སྐྱོན་དང་ནོར་འཕྲུལ་གང་ཡང་མེད་པ་དཀར་པོ་དཀར་རྐྱང་ཡོང་མི་སྲིད།
    སངས་རྒྱས་ལའང་སྐྱོན་འཛུགས་གནང་མཁན་ན་་་འཇིག་རྟེན་གྱི་མི་ལ་་་དུག་གསུམ་གྱིས་བཏུམས་ནས་ཡོད་སྟབས།
    དགེ་སྐྱོན་མེད་པ་མི་སྲིད་པ་ཡིན་ནོ།A

    Reply
  16. བློ་བཟང་། says:
    ལོ་ 5 སྔོན།

    བདེ་སྐྱིད་ཆོས་དབྱངས་མེད་པ་ཅི་རེད་དམ

    Reply
    • ཕུན་ཚོགས་ཆོས་སྡོང་ says:
      ལོ་ 5 སྔོན།

      ངོ་མ་སྤྱད་པ་ཡག་པོ་བྱད་འདཡག་

      Reply
  17. ནག་ཆུ་ཀུན་དགའ says:
    ལོ་ 5 སྔོན།

    བདེ་སྐྱིད་ཆོས་དབྱངས་མེད་པ་ཅི་རེད་དམ

    Reply
  18. གཞུང་པ་ཚེ་དབང་བསོད་ནམས། says:
    ལོ་ 5 སྔོན།

    མང་གཙོ་དང་རང་དབང་ལ་འགན་འཁུར་ནས་སོ་སོའི་བསམ་ཚུལ་བཤད་པ་ལ་ཐུགས་རྗེ་ཆེ་བཙན་བྱོལ་སྤྱི་ཚོགས་ནང་སྲིད་སྐྱོང་ཟེར་བའི་གོ་གནས་སམ་ཐ་སྙད་དེའི་འོག་ནས་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདི་ཟང་ང་ཟིང་ངེ་བཟོས་སོང་ལ་བོད་མི་ནང་ཁུལ་ལབ་རྒྱུ་གླེང་རྒྱུ་ཡང་བཟོས་སོང་ལ་གལ་ཆེ་ཤོས་དེ་བཙན་བྱོལ་བོད་མིའི་བཅའ་སྒྲིག་ལ་འགན་འཁུར་ཐུབ་པའི་མི་སྣ་སྲིད་སྐྱོང་ལ་སླེབས་ཐུབ་པའི་འགན་བཞེས་དགོས་པ་ལས་ཆོལ་ཁ་དང་ལུང་ཚན་སྤྱི་ཚོགས་ཀྱི་གནས་སྟངས་སོགས་རྒྱུད་ནས་ཕྱོགས་གཏོགས་ཆབ་སྲིད་ལ་འགན་འཁུར་ནས་སྲིད་སྐྱོང་ལ་བཞེངས་མཁན་དང་འོས་འཕེན་མཁན་ཡོད་ན་སྲིད་སྐྱོང་ལ་འོས་ཐོབ་རྒྱུའི་ཚབ་ཏུ་འོས་ཤོག་ཁ་འཐོར་ནས་བརྒྱ་ཆ་མ་ལོངས་ནས་རང་མེད་གཞན་མེད་མི་ཆགས་པའི་ངེས་པ་མེད་སྲིད་པ་མ་རེད་དམ?

    Reply
  19. Abharu Jigwang says:
    ལོ་ 5 སྔོན།

    ༄༅། 2021 ལོའི་སྲིད་སྐྱོང་མང་པོའི་ནང་ནས་བཞི་འདེམས་དགོས་པ་ནི་དང་པོ།
    ༡། བཀའ་ཟུར་རྒྱ་རི་སྒྲོལ་མ་
    ༢། བཀའ་ཟུར་བློ་བཟང་སྙན་གྲགས།
    ༣ བཀའ་ཟུར་གྲོང་ཆུང་དངོས་གྲུབ་། (སྐོུ་ཁོང་ཞལ་བཞེས་གནང་གི་མ་རེད་བསམ་)
    ༤། སྤྱི་འཐུས་ཚོགས་གཙོ་པད་མ་འབྱུང་གནས་བཅས་འོས་བསམ།
    གོང་གསལ་བཞི་ནས་གཉིས་འདེམས།
    ༡། བཀའ་ཟུར་བློ་བཟང་སྙན་གྲགས་
    ༢། བཀའ་ཟུར་རྒྱ་རི་སྒྲོལ་མ་གཉིས།
    གོང་གསལ་ནས་མཐའ་མ་སྲིད་སྐྱོང་གཅིག་དགོས་པས་། བཀའ་ཟུར་རྒྱ་རི་སྒྲོལ་མ་ ༢༠༢༡ གི་སྲིད་སྐྱོང་ལ་འདེམས་གནང་དགོས་པ་ཡིན།
    གང་ལགས་ཟེར་ན་ཁོང་ཐུགས་སེམས་ཆུང་ཞིང་བུད་མེད་གཅིག་ཡིན་པར་བརྟེན་བྱམས་སེམས་ཡང་ཆེ་བ་བཅས་དགེ་མཚན་ཆེ་བར་མཐོང།
    གཞན་པ་རྣམས་བཀའ་བློན་ལ་འདེམས་གནང་དགོས་པའི་བསམ་ཚུལ་དུ་ཕུལ།
    བཀྲིས་བདེ་ལེགས་ཞུ།

    Reply
  20. Khampa says:
    ལོ་ 5 སྔོན།

    None of these are deserve for this post

    Reply
  21. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 5 སྔོན།

    མང་གཙོ་དང་རང་དབང་ལ་འགན་འཁུར་ནས་བསམ་ཚུལ་གླེང་པ་ལ་ཐུགས་རྗེ་ཆེ་གལ་ཆེ་ཤོས་དེ་བཅའ་སྒྲིག་དང་མ་འགལ་བའི་ཐོག་ལ་མི་མང་འཁྲིད་ཐུབ་པའི་མི་ཞིག་སྲིད་སྐྱོང་ལ་འདེམས་དགོས་པ་དེ་རྒྱ་ཆེ་མི་མང་གི་ཐོབ་ཐང་དང་ལས་འགན་ངོ་མ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese