མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

  རྒྱ་ནག་བོས་ཧན་རིམས་ནད་ཀྱི་སྔ་ཕྱི་བར་གསུམ་གྱི་གསང་བ་དང་གཡོ་སྒྱུའི་སྐོར་མདོར་བསྡུས་སུ་གླེང་པ།

བོད་ཀྱི་དུས་བབ།
༢༠༢༠/༠༣/༢༡
Share on FacebookShare on TwitterShare on EmailShare on Whatsapp

——རྩོམ་ཡིག་འདིར་བོད་ཡིག་ཀློག་པ་བོའི་ཆེད་དུ་རྒྱ་ནད་སྐོར་གྱི་གནས་ཚུལ་གལ་ཆེན་ཁག་ཉུང་བསྡུས་སུ་དཔྱད་བརྗོད་བྱས་ཡོད།

སྦྲ་རིགས་སམ་ཀུན་ཚང་ཐོགས་མེད།

ཨོག་སུ་སྤོར་སློབ་གྲྭ་ཆེན་མོ།

གཅིག

དེ་རིང་ཞོགས་པར།  རྒྱ་ནག་བོས་ཧན་གྲོང་ཁྱེར་ལས་སྤྱི་ལེ་དགུ་སྟོང་ལྷག་གིས་བར་ཐག་ཆོད་པའི་ཨིན་ཡུལ་ལུན་གྲོན་(London-UK)གྲོང་ཁྱེར་དུ།  སྐུ་ཚེ་གང་བོར་རང་དབང་དང་དམངས་གཙོའི་ཆེད་དུ་འཐབ་རྩོད་གནང་མཁན་གྲགས་ཅན་ཞིག  རྒྱ་ནད་འདིའི་རྐྱེན་གྱིས་བསྙུངས་ནས་སྐུ་གཤེགས་འདུག་ལ།  ཁོང་ནི་ཨིན་ཡུལ་དུ་རྒྱ་ནད་འདིའི་ཁྲོད་དུ་གྲོངས་མཁན་ཨང ༡༧༧ པ་དེ་ཆགས་འདུག  གནས་ཚུལ་འདི་དང་འདྲ་བར།  བོས་ཧན་ནད་ཡམས་འདི་དེ་རིང་བར་དུ།  ས་ཐག་ཉེ་རིང་ལ་མ་ལྟོས་བར་གླིང་ཆེན་ཁག་ལྔའི་ནང་དུ་རྒྱལ་ཁབ་མི་འདྲ་བ་༡༧༦ ལྷག་གི་མི་གྲངས་འབུམ ༣ མ་ཟིན་ཙམ་ལ་ཁྱབ་ཡོད་ལ།  འདས་པའི་ཟླ་གཉིས་དང་ཕྱེད་ལྷག་གི་རིང་དུ་མི་སེར་སྟོང་ཕྲག ༡༢ ལྷག་འདས་གྲོངས་སུ་ཕྱིན་ཡོད།  བྷིས་བྷིས་སི་གསར་ཁང་གིས་ཛ་དྲག་གནས་ཚུལ་སྤེལ་རྒྱུར།  ཨིས་ཊ་ལིར(Italy)་དེ་རིང་ཉིན་གཅིག་བུར་མི ༤༧༥ འདས་གྲོངས་སུ་ཕྱིན་སོང་ཟེར།  རིམས་ནད་ཆེད་མཁས་པ Kucharski  ལགས་ཀྱིས་སྣེ་ཁྲིད་པའི་ཨ་རིའི་རྒྱལ་ཡོངས་རིམས་ནད་ཞིབ་འཇུག་སྡེ་ཁག་ཁ་ཤས་ཀྱིས་སྔོན་དཔག་ལྟར་ན།  “རིམས་ནད་འདི་ད་དུང་མུ་མཐུད་ཆེ་ཆུང་ལ་མ་ལྟོས་པར་འཛམ་གླིང་འདིར་ལོ་གཅིག་དང་ཡང་ན་གཉིས་ལྷག་ལའང་གནས་སྲིད་པ་རེད་ལ།  ད་དུང་དུས་ཚོད་ངེས་ཅན་གྱི་རྗེས་སུ་མ་གཏོགས་ང་ཚོས་རིམས་ནད་འདིའི་སྐོར་ལ་རྒྱུས་ལོན་ཆ་ཚང་བྱེད་མི་ཐུབ་” ཟེར།  དེ་བཞིན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་གཙོ་ Dr Tedros Adhanom ལགས་ཀྱིས་བཤད་རྒྱུར།  “རིམས་ནད་འདི་སྔོན་འགོག་ཡག་པོ་མ་བྱས་ཚེ། འཛམ་གླིང་གི་མི་འབོར་ས་ཡ ༤༥ ལྷག་གི་ཚེ་སྲོག་ཤོར་སྲིད།” ཅེས་ཉེན་བརྡ་བཏང་ཡོད།  རྒྱ་ནད་འདིས་ད་དུང་གཅེས་སུ་འོས་པའི་མི་བུ་ཚོད་ཅིག་གི་ཚེ་སྲོག་འཕྲོག་འགྲོ་བ་སུས་ཤེས་ཨང་།

རྒྱ་ནད་འཛམ་གླིང་ལ་ཁྱབ་ཚུལ་གྱི་དཔེ་རིས།བདུན་ཕྲག་སྔོན་མ་ནས་བཟུང་།  ང་སྡོད་སའི་ཨོག་སུ་སྤོར་སློབ་ཆེན་(University of Oxford) གྱི་འཛིན་ཁང་དང་།  དཔེ་མཛོད།  ཞིབ་འཇུག་ལྟེ་གནས་ཁག་ཡོངས་སུ་སྒོ་རྒྱག་དགོས་བྱུང་སོང་ལ།  འདི་ནི་འཛམ་གླིང་དམག་ཆེན་ཐེངས་སྔ་ཕྱི་གཉིས་ཀྱི་རྗེས་ནས་བཟུང་གཏན་ནས་བྱུང་མྱོང་མེད་པ་ཞིག་རེད།  ཨ་རིའི་ནེའི་ཡོག་དུས་བབ་ལྟར་ན།  འཛམ་གླིང་ཁྱོན་ཡོངས་སུ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་ཕྲུག་ས་ཡ་མང་བོས་སློབ་མཚམས་འཇོག་དགོས་བྱུང་ཡོད་ལ།  གཞུང་སྒེར་གྱི་ཞིབ་འཇུག་ལས་གཞི་སྟོང་ཕྲག་མང་བོ་ཕྱིར་འཐེན་དང་ངང་སྒུག་བྱེད་དགོས་ཁེལ་འདུག   དེ་བཞིན་སྤྱིར་བཏང་གི་མི་སེར་ས་ཡ་མང་བོའི་ཉིན་རེའི་སྤྱི་ཚོགས་འབྲེལ་ལམ་དང་། ཆོས་ལུགས་ཀྱི་དུས་ཆེན།  ཡུལ་སྐོར་ལྗོངས་རྒྱུ་སོགས་ལ་ཚད་ལས་འདས་པའི་བརྡབ་གསིག་བཏང་ཡོད།  དཔེར་ན།  བོད་ཡུལ་སྟོད་སྨད་བར་གསུམ་དུ་སྨོན་ལམ་དུས་ཆེན་གྱི་འདུ་འཛོམགས་ཁག་ད་དུང་ཡང་འཚོགས་མ་ཐུབ་པར་ལྷག་ཡོད་པ་ལྟ་བུ་རེད།  མདོར་ན།  འཛམ་གླིང་མི་འབོར་དུང་ཕྱུར་ལྷག་གི་རྒྱུན་ལྡན་གྱི་ཉིན་རེའི་འཚོ་བ་ལ་ཐད་ཀར་ཕོག་ཐུག་བཏང་ཡོད།

དེ་བཞིན་ཞེད་སྣང་ཆེ་ཤོས་གཞན་ཞིག་ནི་རྒྱ་ནད་འདིས་བསྐྲུན་པའི་འཛམ་གླིང་གི་དཔལ་འབྱོར་དང་མཉམ་འབྲེལ་ཐད་ཀྱི་གྱོང་གུད་རེད།  དཔེར་ན།  བདུན་ཕྲག་འདི་གཅིག་བུའི་ནང་དུ།  ཡུ་རོབ་མཉམ་འབྲེལ་དངུལ་ཁང་གིས་ཨ་སྒོར་ཐེར་འབུམ $ 820 (Billion)དང་།  ཨ་རི་གཞུང་གིས་ཨ་སྒོར་ཁྲག་ཁྲིག་ཆེན་མོ $1 (Trillion) གཅིག  ཨིན་ཡུལ་གཞུང་གིས་ཨིན་སྒོར་ཐེར་འབུམ £330 (Billion) ལྷག་རྒྱ་ནད་འདིའི་ཆེད་དུ་གཏོང་དགོས་བྱུང་བ་སོགས།   མདོར་ན་རྒྱལ་ཁབ་སོ་སོས་ཆེ་ཆུང་ལ་མ་ལྟོས་པའི་རྒྱ་ནད་འདི་འགོག་ཐབས་ལ་འགྲོ་སོང་ཚད་ལས་འདས་པ་གཏོང་དགོས་ཁེལ་ཡོད།  དཔལ་འབྱོར་ཉམས་ཞིབ་ལྷན་ཁང་ J.P. Morgan ལྟར་ན།  རིམས་ནད་འདིའི་ཤུགས་རྐྱེན་ལ་བརྟེན་ནས་འཛམ་གླིང་དཔལ་འབྱོར་གྱི་གཉན་འཕྲང་ཆེན་པོ་(Global Great Economic Crisis )གཞན་ཞིག་ཡང་ཡོང་སྲིད་པར་བརྗོད་ཡོད།  གཅིག་བྱས་ན།  ཁྱེད་ཀྱིས་རྒྱལ་ཁབ་ཀྱི་གཞུང་འབྲེལ་འགྲོ་སོང་འདི་དག་རང་དང་འབྲེལ་བ་མེད་ངེས་སྙམ་སྲིད་མོད།  དོན་དངོས་ཐོག་རྒྱལ་ཁབ་ཀྱི་རྒྱུ་ནོར་ནི་མི་སེར་གྱི་ཁྲལ་དང་ས་གནས་ཀྱི་ཐོན་ཁུངས་སོགས་ནས་བྱུང་བ་ཡིན་པས།  ད་ལྟའི་འགྲོ་གྲོན་ཕོན་ཆེན་འདི་དག  མ་འོངས་པའི་ལོ་དུ་མར་རིམ་བཞིན་ང་རང་ཚོ་མི་སྒེར་རེ་རེའི་གཞུང་ཁྲལ་དང་།  བདེ་འཇག་འགན་སྲུང་གི་འགྲོ་སོང་སོགས་བརྒྱུད་ནས་འཇལ་དགོས་པ་ཡིན།

 འཛམ་གླིང་མ་རྩའི་ཁྲོམ་རར་ཤུགས་རྐྱེན་ཐེབས་ཚུལ་གྱི་དཔེ་རིས།

གཞན་ཡང་།  འཛམ་གླིང་གི་མཁའ་འགྲུལ་དང་ཡུལ་སྐོར་སྤྲོ་འཆམ་སོགས་ཚོང་ལས་བརྒྱ་ཕྲག་མང་བོའི་མ་རྩ་རྡིབ་བཞིན་ཡོད་པས་མི་འབོར་ས་ཡ་མང་བོའི་ལས་ཀ་ཡང་རང་བཞིན་གྱིས་ཤོར་བཞིན་ཡོད།  དེ་ལ་བརྟེན་ནས།   མ་རྩ་བརྗེ་བསྒྱུར་ཀྱི་ཁྲོམ་རའི་(International Stock Market Exchange) ཁྲོད་དུ་ཉིན་རེ་བཞིན་དུ་ཨ་སྒོར་ཐེར་འབུམ་མང་བོས་གྱོང་འཕོག་བཞིན་ཡོད་སྟབས།  འཛམ་གླིང་སྤྱིའི་ཁྲོམ་རའི་འཁོར་སྐྱོད་དང་བདེ་འཇགས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་བཞིན་ཡོད།  དེ་དག་ལས་ཉེན་ཁ་ཆེ་ཤོས་ནི།  མ་རྩ་ཆུང་འབྲིང་གི་ཚོང་ཁང་དང་ཟ་ཁང་སོགས་ལ་འཕྲད་བཞིན་ཡོད།  བྷིས་བྷིས་སི་གསར་ཁང་གི་ཞིབ་འཇུག་ལྟར། འཛམ་གླིང་ཟ་ཁང་དང་ཚོང་ཁང་ཆུང་འབྲིང་ས་ཡ ༢ ནས ༣ ལྷག་གི་མ་རྩ་རྡིབ་ནས་ཚོང་ལས་ཤོར་རྒྱུ་ཡིན་འདུག་ལ།  དེ་དག་དང་འབྲེལ་ཡོད་ཀྱི་ལས་མི་དང་ནང་མི་ས་ཡ་མང་བོར་དཀའ་ངལ་འཕྲད་རྒྱུ་ཡིན་པའི་སྔོན་དཔག་གནང་འདུག

 ཚོང་ལས་ཆུང་འབྲིང་ལ་ཤུགས་རྐྱེན་ཐེབས་ཚུལ་གྱི་དཔེ་རིས།བསམ་ཡིད་ལས་འདས་པའི་གནད་དོན་དེ་དག་གི་རྒྱུ་རྐྱེན་ངོ་མ་དེ་སུ་དང་གང་རེད་ཅེ་ན།  དེ་ནི་རྒྱ་ནག་བོས་ཧན་ནས་བྱུང་བའི་རིམས་ནད་དང་རྒྱ་ནག་གཞུང་གིས་དེ་ལ་སྟངས་འཛིན་དོ་དམ་བྱེད་ཕྱོགས་གཉིས་ལས་བྱུང་བ་རེད་ཅེས་ངོས་འཛིན་གསལ་བོ་ཐོབ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།  ཕྱི་ལོ ༢༠༡༩  ལོའི ཟླ ༡༢ བར།  རིམས་ནད་དེ་ཐོག་མར་བོས་ཧན་གྱི་བདག་མེད་སེམས་ཅན་གསོན་པོ་བཤས་ཚོང་བྱེད་སའི་ཁྲོམ་ར་ཞིག་ནས་མཆེད་འགོ་བརྩམས།  ནམ་རྒྱུན་བཞིན་རྒྱ་གཞུང་གིས་ཐོག་མར་ཆེད་ལས་སྨན་པ་Li Wenliang གཙོས་རིམས་ནད་གནས་ཚུལ་སྤེལ་མཁན་ཁག་ལ་འཇིགས་སྐུལ་དང་བཙན་གནོན་བཀག་སྡོམ་བཅས་བྱས་པ་མ་ཟད།  ཕྱི་ལོ ༢༠༢༠ ཟླ་ ༠༡ ཚེས  ༡༧ བར་དུ།  གཞུང་འབྲེལ་བརྒྱུད་ཁག་ཏུ་ན་ཚ་དེ་ཉེན་ཁ་ཆུང་རབས་ཀྱི་གནས་ཚུལ་རྫུན་མ་ཤུགས་ཆེན་པོས་སྤེལ་བ་མ་ཟད།  ད་དུང་ཟླ་དང་པོའི་ཚེས ༡༨ ཉིན།  སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱ་ནག་གཞུང་གིས་རིམས་ནད་དེ་ལས་སླ་བོས་ངང་སྟངས་འཛིན་བྱེད་ཐུབ་རབས་གླེང་བར་བརྟེན།  ཟླ ༠༡ ཚེས ༢༣ གྱི་ཞོགས་པའི་པེ་ཅིན་གྱི་ཆུ་ཚོད ༡༠ བར་བོས་ཧན་ཛ་དྲག་འགྲིམ་འགྲུལ་བཀག་སྡོམ་གྱི་སྟངས་འཛིན་འོག་ཏུ་མ་བཞག་བར་དུ།  བོས་ཧན་གྲོང་ཁྱེར་སྤྱི་ཁྱབ་ Zhou Xianwan པས་བཤད་པ་ལྟར་ན།  “བོས་ཧན་མི་སེར་ས་ཡ ༥ ལྷག་འཛམ་གླིང་ས་ཕྱོགས་གང་སར་ལུགས་རྙིང་ལོ་སར་དང་བསྟུན་གཉེན་ཉེ་ནང་མི་ཐུག་འཕྲད་དུ་བསྐྱོད་ཟིན་”  ཟེར།  རྒྱ་གཞུང་གི་བྱེད་སྟངས་འདི་དག་ལ་བརྟེན་ནས་དེ་རིང་གི་འཛམ་གླིང་འདིར་མི་རྒྱུ་གཉིས་ལ་གྱོང་གུད་བློ་ཡིད་ལས་འདས་པ་འཕོག་བཞིན་པ་འདི་རེད།  དེ་ནམ་ཡང་ལོ་རྒྱུས་སུ་བརྗེད་མི་རུང་པ་ཞིག་རེད།

ད་དུང་།  རིམས་ནད་དེའི་ཐོག་མའི་གནས་སྐབས་སུ།  འཛམ་གླིང་ཆེད་མཁས་སྨན་པ་དང་ཚོགས་པ་གཅིག་ཀྱང་བོས་ཧན་ཡུལ་དངོས་སུ་བསྐྱོད་དུ་བཅུག་མེད།  དཔེར་ན།  ཨ་རིའི་རིམས་ནད་སྟངས་འཛིན་དང་སྔོན་འགོག(Centres for Disease Control and Prevention) སྡེ་ཁག་གི་སྐུ་ཚབ་པས།  “ང་ཚོས་རྒྱ་ནག་བོས་ཧན་དུ་བསྐྱོད་ནས་རིམས་ནད་དེའི་ཡུལ་དངོས་སུ་བརྟག་དཔྱད་དང་སྨན་བཅོས་རོགས་རམ་བྱེད་རྒྱུའི་རེ་འདུན་ལ།  རྒྱ་གཞུང་གིས་ཡ་མེད་བཏང་ནས་འདོད་མོས་མེད་པའི་རྣམ་འགྱུར་བསྟན་སོང་”  ཟེར།  དེ་བཞིན་ཡུ་རོབ་མཐུན་ཚོགས་ངོས་ནས་ཀྱང་རྒྱ་གཞུང་གི་ལྐོག་ལྐོག་སུད་སུད་ཀྱི་བྱེད་སྟངས་དེར་སྐྱོན་བརྗོད་བྱས་ཡོད་པ་མ་ཟད་།  རྒྱ་ནག་ལྷོ་ཞོགས་ཚགས་པར་གྱི་ཞིབ་འཇུག་ལྟར་ན།  བོས་ཧན་གྱི་ས་གནས་རང་ནས་རང་སྲོག་ལ་མ་འཛེམས་པར་གནས་ཚུལ་ངོ་མ་སྤེལ་མཁན་རྒྱ་རིགས་གསར་འགོད་པ Chen Qiushi དང་ Fang Bin སོགས་མང་བོ་ཞིག་ཀྱང་རེ་རེ་བཞིན་དུ་གར་སོང་ཆ་མེད་དུ་གྱུར་ཡོད།  ང་ཚོས་རྒྱ་ནད་འདི་གླེང་སྐབས།  དམར་བོའི་ཁ་གཏད་དུ་ལངས་པའི་སྙིང་སྟོབས་ཅན་གྱི་མི་བུ་འདི་དག་གཏན་ནས་བརྗེད་མི་རུང་ཨང་།

 བོར་བརླག་ཏུ་སོང་པའི་གསར་འགོད་པ་སྙིང་སྟོབས་ཅན་གཉིས།དེར་བརྟེན།  རིམས་ནད་འདིའི་འབྱུང་རྐྱེན་ཐོག་མཐའ་བར་གསུམ་དུ་རྒྱ་དམར་གཞུང་ལ་ཐུག་ཡོད་པས།  ཨ་རི་སྲིད་འཛིན་ཁྲོམ་ཕུར་གྱིས་ཀྱང་རིམས་ནད་འདི་ལ་རྒྱ་ནད་(Chinese Virus) ཅེས་བཏགས་པ་ནི་དོན་ལ་གནས་པ་ཞིག་རེད།  ཨ་རིའི་ཆབ་སྲིད་སྐབས་འཚོལ་བ་དང་རྒྱ་ནག་མི་རིགས་རིང་ལུགས་པ་ཁ་ཤས་ཀྱིས་བཏགས་མིང་དེ་ནི་མི་རིགས་དབྱེ་འབྱེད་ཀྱི་སྐད་ཆ་ཡིན་པའི་སྐྱོན་བརྗོད་བྱེད་བཞིན་པ་ནི་རང་ཉིད་མཐོང་རྒྱ་ཆུང་བའི་སྐྱོན་དུ་ཟད།  དེ་ལ་ཨ་རིའི་ཕོ་བྲང་དཀར་བོའི་ངོས་ནས་བྱེའུ་སྐད་(Twitter)བརྒྱུད་ལན་འདེབས་བྱས་ཡོད།  “སི་པེན་ཆམས་ནད། ནེལ་ནུབ་མའི་རིམས་ནད། ཨེས་བོ་ལ་སོགས་ཚང་མ་ས་ཆའི་མིང་རིམས་ནད་དེ་དག་དང་མཉམ་དུ་སྦྱར་ཡོད་པ་རེད།  གསར་འགྱུར་བརྒྱུད་ལམ་དུ་ཁོང་ཁྲོ་རྫུན་མ་ཁྱབ་སྤེལ་མ་བྱས་པའི་སྔོན་དུ།  ཐ་ན་ཨ་རིའི་ CNN གསར་ཁང་གིས་ཀྱང་རྒྱ་ནག་གི་རིམས་ནད་ཅེས་བྱེད་སྤྱོད་བྱས་ཡོད།” ཟེར།  ཞིབ་འཇུག་པ་དང་རང་དབང་འཐབ་རྩོད་པ་གྲགས་ཅན Maura Moynihan གྱིས་ཨ་རིའི་བསམ་བློའི་སྣེ་ཁྲིད་ཅེས་པའི་ལེ་ཚན་གྱི་བཅར་འདྲའི་སྐབས་སུ།   རྒྱ་ནད་འདིའི་སྔ་ཕྱི་བར་གསུམ་གྱི་འགན་ཆ་ཚང་རྒྱ་དམར་གཞུང་ལ་ཡོད་པ་ལོ་རྒྱུས་དང་ཆབ་སྲིད་ཀྱི་རིགས་པ་མཐར་ཆགས་སུ་བཀོད་ནས་སྒྲུབ་བྱེད་ཚ་ནན་བཏང་ཡོད།   འོན་ཀྱང་།  རྐུན་མ་ཧམ་ཆེན་ངོར་སྡང་ཅེས་པའི་དཔེ་བཞིན།  ཉིན་འདི་ཚོར་རྒྱ་གཞུང་ཉིན་རེའི་ཚགས་པར་དང་ཞིན་ཧ་གསར་ཁང་སོགས་ཀྱིས་རྒྱ་ནད་འདིའི་སྐབས་སུ་རྒྱ་གཞུང་གིས་འཛམ་གླིང་ལ་རོགས་སྐྱོར་བྱེད་བཞིན་ཡོད་རབས་ཀྱི་ཧམ་བཤད་ཡང་སྐོར་བསྐྱར་སྐྱོར་བྱས་ནས་ནོར་འཁྲུལ་ངོས་ལེན་ལས་གཡོལ་ཐབས་བྱེད་བཞིན་ཡོད།

 ཨ་རིའི་ཕོ་བྲང་དཀར་བོའི་ལན་འདེབས།གལ་སྲིད།  གནད་དོན་ཚབས་ཆེན་འདི་ལ་རྒྱ་ནག་གཞུང་འགན་མེད་ན།  གཞན་མ་འོངས་པར་འཛམ་གླིང་ནང་དུ་འདི་འདྲའི་འཇིགས་སུ་རུང་བའི་དོན་རྐྱེན་བཟོ་མཁན་སླེབས་ཚེ་སུས་ཀྱང་བྱས་ཉེས་ཀྱི་འགན་འཁུར་མི་དགོས་པ་ཆགས་རྒྱུ་ཉག་ཅིག་རེད།  འཛམ་གླིང་སྤྱིའི་མ་འོངས་འགན་འཁྲིའི་འདུ་ཤེས་ཀྱི་ཆེད་དུ།  དོན་དངོས་འདི་ནམ་ཡང་གསོང་བོར་སྨྲ་དགོས་པ་ལས་འདི་ལ་ཆབ་སྲིད་ཀྱི་བརྡ་ཆད་འདྲ་མིན་བཏགས་ནས་སྦས་བསྐུང་བྱེད་པ་ནི་མདོར་དེད་ན་དམར་གཞུང་གི་ཁྱབ་བསྒྲགས་ལ་རྒྱབ་སྐྱོར་བྱས་པ་དང་གཉིས་སུ་མེད།  ད་ལྟའི་བོད་ཀྱི་གཞུང་སྒེར་གསར་ཁང་ཚང་མས་ད་དུང་རྒྱ་ནད་འདི་ལ་”ཏོག་དབྱིབས་ནད་དུག”་ ཟེར་བ་ལས།  རྒྱ་ནད་ COVID-19  དང་ཡང་ན་རྒྱ་ནག་བོས་ཧན་རིམས་ནད་ཟེར་མཁན་ཕལ་ཆེར་གཅིག་ཀྱང་མཐོང་མ་བྱུང་།  འདི་ལ་བོད་ཀྱི་གསར་འགྱུར་ལས་རིགས་མཁན་ཚོས་བསྐྱར་དུ་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད།

གཉིས།

གནད་དོན་འདི་དང་འབྲེལ་ནས།  ད་ལྟ་རྒྱ་དམར་གཞུང་གིས་གཡོ་ཇུས་གཞན་ཞིག་སྤེལ་བཞིན་པ་ནི།  བོས་ཧན་རིམས་ནད་ཀྱི་འབྱུང་ཁུངས་ཨ་རིའི་དམག་དཔུང་ཡིན་ཚུལ་གསལ་ལ་མི་གསལ་བ་ཞིག་ཤུགས་ཆེན་པོས་སྒྲོགས་བཞིན་པ་དེ་རེད།  བྱེད་སྟངས་དེ་ལ་ཆབ་སྲིད་རིག་པའི་བརྡ་སྐད་དུ (Political Conspiracy Theory) ཟེར་ལ།  དེ་ནི་དངོས་ཡོད་གནས་ཚུལ་རབ་རིབ་བཟོ་བར་བདེན་དཔང་མེད་པའི་གླེང་ཕྱོགས་སྣ་ཚོགས་བཟོ་བ་དེ་རེད།  རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ  Zhao Lijian  གྱིས་སྤྱི་ཚོགས་དྲ་ལམ་དུ།  “ཨ་རིའི་ནང་དུ་རིམས་ནད་དེ་ཐོག་དང་བོར་ག་དུས་འགོ་ཚུགས་པ་རེད།  མི་ག་ཚོད་ལ་ན་ཚ་དེ་ཕོག་ཟིན་པ་རེད།  གཅིག་བྱས་ན་ཨ་རིའི་དམག་མིས་རིམས་ནད་དེ་རྒྱ་ནག་བོས་ཧན་དུ་ཁུར་ཡོང་བ་ཡིན་སྲིད།  ཕྱི་གསལ་ནང་གསལ་བྱོས།  ཡིག་ཆ་མི་མང་ལ་སྟོན།  ཨ་རིས་ང་ཚོ་རྒྱ་ནག་ལ་གནས་ཚུལ་དེ་འགྲེལ་བཤད་གསལ་བོར་རྒྱག་དགོས་” ཞེས་བཀོད་ཡོད།  དེ་མ་ཐག་ལྷོ་ཨ་ཕི་རི་ཀའི་(South Africa)རྒྱ་ནག་གི་སྐུ་ཚབ་སོགས་རྒྱ་དམར་མཐོ་རིམ་དཔོན་རིགས་མང་བོ་ཞིག་གིས།  གཅིག་རྗེས་གཉིས་མཐུད་དུ་གླེང་ཕྱོགས་དེ་ཤུགས་ཆེ་རུ་བཏང་ཡོད་ལ་རྒྱ་ནག་ནང་གི་གསར་འགྱུར་བརྒྱུད་ལམ་དུའང་གནས་ཚུལ་དེ་ཤུགས་ཆེར་སྤེལ་ཡོད།

 རྒྱ་ནད་འདིའི་འབྱུང་ཁུངས་སྐོར་གྱི་རྩོད་ཡིག

ནེའུ་ཡོག་དུས་བབ་ཀྱིས་བཤད་ན།  “གནས་ཚུལ་རྫུན་མ་སྤེལ་ནས་བསྙོན་འཛུགས་པའི་ཐབས་ཇུས་འདི།  རྒྱ་ནག་ལ་མཚོན་ན་གསར་བ་གང་ཡང་མིན།  འདིས་ཕྱོགས་གཅིག་ནས་རྒྱ་ནག་ནུབ་ཕྱོགས་པའི་འོག་ཏུ་ལོ་རབས་མང་བོར་སྡུག་བསྔལ་མྱངས་ཚུལ་གྱི་ལོ་རྒྱུས་རྙིང་བ་དྲན་གསོ་བྱས་ནས།  རྒྱ་ནག་རིང་ལུགས་ཀྱི་འདུ་ཤེས་སྤེལ་ཏེ་མི་མང་དམར་གཞུང་གི་ཕྱོགས་སུ་འགུག་ཐབས་དང་།  གཞན་ཞིག་ནི་བོས་ཧན་རིམས་ནད་འདིའི་འབྱུང་ཁུང་རྩོད་རྙོག་ཅན་དང་མག་མོག་ཏུ་བཏང་ནས་རྒྱ་དམར་གཞུང་གི་ནོར་འཁྲུལ་གྱི་ལོ་རྒྱུས་བཟོ་བཅོས་བྱེད་ཐབས་འཐེན་བཞིན་ཡོད།”  གནས་ཚུལ་དེའི་ཐད་ཕོ་བྲང་དཀར་བོས་ཝ་ཞིན་གྲོན་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པ་འབོད་འགུགས་བཏང་ནས་གསེད་དཀྲོལ་བཀའ་རྒྱ་བཏང་བ་མ་ཟད།  སྲིད་འཛིན་ཁྲི་རམས་ཀྱིས་བོས་ཧན་རིམས་ནད་ལ་རྒྱ་ནད་(Chinese Virus) དང་ཀོང་རིམས་ཆམ་(Fung-Flu) ཞེས་མིང་འཕར་མའང་བཏགས་ཡོད།

གསུམ།

བོས་ཧན་རྒྱ་ནད་འདི་འཛམ་གླིང་ཡོངས་ལ་ཁྱབ་བཞིན་པའི་སྐབས་སུ།  གནད་དོན་ཚབས་ཆེན་གཞན་ཞིག་འབྱུང་བཞིན་པ་ནི།   རྒྱ་གཞུང་གིས་གོ་སྐབས་འདི་ཆབ་སྲིད་ཀྱི་ལྡིང་ཆར་བཀོལ་ནས་རྒྱ་དམར་གཞུང་གི་ཆེ་མཐོང་བསྐྱར་གསོ་དང་འཛམ་གླིང་ལ་ཤུགས་རྐྱེན་ཆེ་རུ་གཏོང་བཞིན་པ་དེ་རེད།  ནེའུ་ཡོག་དུས་བབ་ཀྱི་ཞིབ་འཇུག་པས་བཤད་རྒྱུར།  “རྒྱ་ནག་དང་འཛམ་གླིང་གཉིས་སུ།  བོས་ཧན་རིམས་ནད་འདིའི་སྐབས་སུ་ཞི་ཅིན་ཕིན་གྱིས་སྣེ་ཁྲིད་པའི་དམར་གཞུང་གི་བྱེད་སྟངས་ལ་སྐྱོན་བརྗོད་ཤུགས་ཆེར་བྱས་ཡོད་པ་མ་ཟད་གཞུང་གི་སྣང་བརྙན་ལའང་དོ་ཕོག་བྱུང་ཡོད།  དེར་བརྟེན།  ད་ལྟ་ཨ་རི་དང་ཡུ་རོབ་སོགས་འཛམ་གླིང་ཡོངས་སུ་རྒྱ་ནད་འདི་ལ་སྟངས་འཛིན་བྱེད་མ་ཐུབ་པར་ཁྱབ་བཞིན་པ་ནི།  རྒྱ་གཞུང་ལ་མཚོན་ན་གོ་སྐབས་གལ་ཆེན་ཞིག་ཡིན།”

ཁས་ཉིན་ཞི་ཅིན་ཕེན་གྱི་ལམ་སྟོན་འོག  རྒྱ་ནག་གི་ཆེད་མཁས་སྨན་པ་དང་སྨན་བཅོས་ཡོ་བྱད་འདྲ་མིན་ཨིས་ཊ་ལིས་(Italy)དང་། སྤི་ལིས་པེན(Philippine)།  ཨིས་རག(Iraq)།  ཨིས་རན(Iran)།  སི་པེན་(Spain)སོགས་ལ་བཏང་ནས་རོགས་སྐྱོར་བྱེད་བཞིན་པ་རྒྱ་གཞུང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཡང་སྐོར་བསྐྱར་སྐོར་གྱིས་བཏང་ནས།  ཕྱོགས་གཅིག་ནས།  རྒྱ་ནག་དེ་རིམས་ནད་འདི་འཛམ་གླིང་ལ་ཐོག་མར་འཁྱེར་ཡོང་མཁན་ཞིག་ནས།  རིམས་ནད་འདི་ལས་སྐྱོབ་མཁན་སྟོབས་ཆེན་རྒྱལ་ཁབ་ཅིག་གི་ངོ་བོར་སྣང་བརྙན་བསྐྱར་བསྐྲུན་བྱེད་བཞིན་ཡོད།  སིར་བིས་ཡན(Serbian)་གྱི་སྲིད་འཛིན་ Aleksandar Vucic ལགས་ཀྱིས་རྒྱ་ནད་སྐོར་གཏམ་བཤད་གནང་སྐབས།  “ང་རྒྱ་ནག་གི་རོགས་སྐྱོར་ལ་ཡིད་ཆེས་ཡོད།  ང་རང་ཉིད་ཀྱི་ཕུ་བོ་དང་གྲོགས་པོ་ཞི་ཅིན་ཕེན་གྱི་རོགས་སྐྱོར་ལ་ཡིད་ཆེས་ཡོད་” ཟེར།  ཡང་ཕྱོགས་གཞན་ཞིག་ནས།  གོ་སྐབས་འདི་བརྒྱུད་རྒྱ་གཞུང་གིས་རིམས་ནད་ལས་སྐྱོབ་མཁན་གྱི་མིང་ཐོག་ནས་རྒྱལ་ཁབ་མང་བོར་རྒྱ་ནག་གི་ཤུགས་རྐྱེན་དར་སྤེལ་དང་ཁྲོམ་ར་རྒྱ་བསྐྱེད་བྱེད་བཞིན་ཡོད།

རྒྱ་ནག་གི་སྨན་པ་ཁག་ཕྱི་རྒྱལ་དུ་རོགས་སྐྱོར་ལ་སྐྱོད་བཞིན་པ།

གཟའ་ལྷག་པའི་ཉིན་རྒྱ་གཞུང་གིས་ཁ་ཐུམ་ས་ཡ་ ༢ དང་ནད་བརྟག་ཡོ་ཆས་སྟོང་ཕྲག་ ༥༠  ཡོ་རོབ་རྒྱལ་ཁབ་ལ་གཏོང་བཞིན་ཡོད་ཟེར།  འོན་ཀྱང་།  ཨིས་ཊ་ལིས་ས་གནས་མི་སེར་མང་བོ་ཞིག་གིས་བཤད་ན།  “རྒྱ་ནག་གིས་འདིར་ཁ་ཐུམ་དང་སྨན་རྫས་ཁག་བཙོང་བཞིན་ཡོད་པ་ལས་རིན་མེད་སྤྲོད་བཞིན་མེད།  རོགས་སྐྱོར་ཉུང་ཤས་ཞིག་ཡོད་པ་དེ་ཨིས་ཊ་ལིར་གནས་སྡོད་རྒྱ་རིགས་རྣམས་ལ་གཙོ་བོར་དམིགས་པ་ཡིན་”  སྐོར་གྱི་སྐྱོན་བརྗོད་ཀྱང་བྱེད་བཞིན་འདུག

ཁ་ལེ་སྤོ་ནི་ཡ་གཙུག་ལག་སློབ་ཆེན(University of California)་གྱི་སློབ་དཔོན་ Professor Minxin Pei གྱིས་བཤད་ན།  “རྒྱ་ནག་གིས་ད་ལྟ་ཤུགས་ཆེན་པོས་རོགས་སྐྱོར་གཏོང་བཞིན་པ་འདིའི་དམིགས་ཡུལ་ག་རེ་རེད་ཟེར་ན།  གཅིག་ནས་རྒྱ་གཞུང་རང་ཉིད་འགན་ཁུར་ཡོད་པ་དང་གཏོང་ཕོད་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པ་སྟོན་ཐབས་དང་།  གཉིས་ནས་གཅིག་སྡུད་དབང་འཛིན་གྱི་ལམ་ལུགས་དེ་དམངས་གཙོའི་ལམ་ལུགས་ལས་ཚག་ཚུད་པོ་དང་ཡག་པོ་ཡོད་པར་སྒྲུབ་ཆེད་དུ་རེད་” ཟེར།  ཡང་ཨིན་ཇིའི་ལྟ་སྲུང་གསར་ཁང་གིས་བརྗོད་ན།  “རྒྱ་ནག་ནི་ཁ་ཐུམ་བཟོ་སའི་འཛམ་གླིང་གི་བཟོ་གྲྭ་ཆེ་ཤོས་དེ་ཡིན་ལ།  བོས་ཧན་རིམས་ནད་སྐབས་སུ་བཟོ་གྲྭ་གློ་བུར་ལྡབ་ ༡༢  གྱིས་ཆེ་རུ་ཕྱིན་ཡོད།  དེར་བརྟེན།  ད་ལྟའི་གོ་སྐབས་འདི་བརྒྱུད་ནས་ཁ་ཐུམ་དང་སྨན་རྫས་ཀྱི་ཁྲོམ་ར་བདག་བཟུང་དང་རྒྱ་བསྐྱེད་བྱེད་བཞིན་ཡོད་” ཟེར།  ནེའུ་ཡོག་དུས་བབ་གསར་འགོད་པས་རྒྱ་ནག་ཕྱིར་ཚོང་ལས་ཁུངས་ཀྱི་འགན་འཛིན་ Li Xingqian ལ།  ད་ལྟ་རྒྱ་ནག་ནས་ཁ་ཐུམ་དང་སྨན་རྫས་ཕོན་ཆེན་པོས་ཕྱིར་ཚོང་བྱེད་པར་སྟངས་འཛིན་ཡོད་མེད་དྲིས་པར།  ནམ་རྒྱུན་གྱི་ཕྱིར་ཚོང་སྒྲིག་གཞི་ཁག་ལས།  ད་བར་དུ་གཞུང་ངོས་ནས་ཁ་ཐུམ་དང་སྨན་རྫས་ཕྱིར་འཚོང་ལ་དམིགས་བསལ་སྟངས་འཛིན་མེད་སྐོར་ལན་འདེབས་བྱས་འདུག

དེ་བཞིན་རོགས་སྐྱོར་གྱི་གོ་སྐབས་འདི་བརྒྱུད་ནས།   རྒྱ་གཞུང་གིས་རྒྱལ་ཁབ་ཁ་ཤས་སུ་རང་གི་དགོས་འདུན་གཞན་པ་ཁག་ཀྱང་འགྲུབ་ཐབས་བྱེད་བཞིན་ཡོད། དཔེར་ན།  ཨི་རག་(Iraq)ཏུ་རྒྱ་གཞུང་གིས་སྨན་བཅོས་རོགས་སྐྱོར་དང་ཆེད་ལས་སྨན་པ་མང་པོ་ཞིག་བཏང་ཡོད་པ་མ་ཟད།  རྒྱ་ནག་གི་དགོས་འདུན་འོག་ཏུ་རོགས་སྐྱོར་གྱི་མིང་ཐོག་ནས་ཕྱོགས་གཉིས་ཀྱི་མཉམ་ལས་ཆིངས་ཡིག་ཅིག་བཞག་ཡོད་ལ།  དེའི་ཁོངས་སུ་མ་འོངས་པའི་ཨི་རག་རྒྱལ་ཁབ་ཀྱི་སྣུམ་འདོན་བཟོ་གྲྭ་དང་གློག་ཆས་འཛུགས་བསྐྲུན་གྱི་ལས་གཞི་ཡང་ཚུད་ཡོད་འདུག

 རྒྱ་ནག་གི་ཁ་ཐུམ་ཕྱིར་ཚོང་བྱེད་བཞིན་པ།

ཨིན་ཇིའི་ལྟ་སྲུང་གསར་འགོད་པའི་ཞིབ་འཇུག་ལྟར་ན།  ཉེ་ཆར་ཞི་ཅིན་ཕེན་ཀྱིས་རྒྱ་ནད་སྔོན་འགོག་དང་འབྲེལ་ནས་ཨིས་ཊ་ལིས་སྲིད་བློན Giuseppe Conte དང་སི་པེན་ཀྱི་སྲིད་བློན Pedro Sánchez གཉིས་ལ་རེ་རེ་བཞིན་དུ།  ཁ་པར་བརྒྱུད་འབྲེལ་བ་བྱས་ཏེ་རོགས་སྐྱོར་གྱི་ཐུགས་གསོའི་ལེགས་སྐྱེས་དང་སྦྲགས།  མ་འོངས་པར་རྒྱ་གཞུང་གི་བརྒྱུད་གཅིག་ལམ་གཅིག་སྣེ་སྐུལ་(One Belt, One Road Initiative) གྱི་ལས་གཞིའི་ཁོངས་སུ་འཛུལ་ཞུགས་བྱས་ན་ཕྱོགས་གཉིས་ལ་ཕན་ཐོགས་ཆེ་རབས་ནན་བཤད་ཀྱང་བྱས་ཡོད་ཟེར།

མཇུག་མཐར་ངེས་པར་དུ་གསལ་བོ་ཤེས་དགོས་པ་ཞིག་ནི།  འདི་འདྲའི་ཛ་དྲག་གཉན་འཕྲང་གི་སྐབས་སུ་ཕན་ཚུན་རོགས་སྐྱོར་དང་དཀའ་ངལ་སེལ་རེས་བྱེད་པ་ནི།  ད་ལྟ་དང་མ་འོངས་པའི་འཛམ་གླིང་གང་ཡིན་ཡང་རྗེས་སུ་ཡི་རངས་དང་བསྔགས་བརྗོད་བྱེད་འོས་པ་ཞིག་ཡིན་འོས།  འོན་ཀྱང་།  རང་ཉིད་སོ་སོའི་ནོར་འཁྲུལ་ངོས་ལེན་བྱེད་རྒྱུ་ཕར་ཟད།  ད་དུང་ཧམ་པ་ངོ་སོར་ཁུར་ནས་འཆི་གསོན་གྱི་གནས་བབས་སྐྱོ་བོ་འདི་འདྲ་ཡང་།  སོ་སོའི་ཆབ་སྲིད་དང་ཁེ་བཟང་རྩོད་ལེན་གྱི་གོ་སྐབས་སུ་སྒྱུར་མཁན་རྣམས་ནི་ཐོག་མཐའ་བར་གསུམ་དུ་ངོས་ཟིན་དགོས་པ་དེའང་གལ་ཆེའོ།།

འབྲེལ་ཡོད་གསར་འགྱུར།

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

སྐར་མ ༡༠ སྔོན་ལ།
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༤ སྔོན་ལ།
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

ཆུ་ཚོད་ ༤ སྔོན་ལ།
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

༢༠༢༥/༠༧/༠༢
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

༢༠༢༥/༠༧/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese