ཐའེ་ཝན་གྱི་སྲིད་འཛིན་སྐབས་བཅོ་ལྔ་པ་ལྕམ་ཚའེ་ཡེན་ཝིན་མཆོག་ནས་སྲིད་འཛིན་གྱི་དམ་འབུལ་མཛད་སྒོའི་ཐོག་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་རྩིས་མེད་བཏང་སྟེ་ཐའེ་ཝན་གསར་པ་ཞིག་འཛུགས་སྐྲུན་གནང་རྒྱུ་ཡིན་སྐོར་གསུངས།འདི་ལོའི་ཕྱི་ཟླ་ ༡ པོའི་ནང་ཐའེ་ཝན་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་སྲིད་འཛིན་ཚའེ་ཡེན་ཝིན་མཆོག་གི་དམངས་གཙོ་ཡར་ཐོན་ཚོགས་པར་ཚད་མཐོའི་རྒྱལ་ཁ་ཐོབ་ཡོད་པ་ལྟར། དེ་རིང་ས་གནས་ཀྱི་སྔ་དྲོའི་ཆུ་ཚོད་ ༡༠ པའི་སྟེང་ཐའེ་པའེ་གསོལ་མགྲོན་ཁང་དུ། སྲིད་འཛིན་སྲིད་བློན་གྱི་དམ་འབུལ་མཛད་སྒོ་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་སྲིད་འཛིན་ཚའེ་ཡེན་ཝིན་མཆོག་གིས་ཐའེ་ཝན་དང་རྒྱ་ནག་བར་གྲོས་མོལ་བརྒྱུད་ཞི་མཐུན་མཉམ་གནས་བྱ་རྒྱུ་ལས། རྒྱ་ནག་གཞུང་གི་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཞེས་པ་དེར་ངོས་ལེན་རྩ་བ་ནས་གནང་རྒྱུ་མིན་ལ། ཐའེ་ཝན་རྒྱལ་སྤྱིའི་སྡིངས་ཆའི་ཐོག་འདོན་རྒྱུར་ཤུགས་སྣོན་བརྒྱབ་རྒྱུ་ཡིན་སྐོར་གསུངས།
ལྕམ་ཚའེ་ཡེན་ཝིན་མཆོག་གིས་དམ་འབུལ་གསུང་བཤད་གནང་སྐབས། ད་ལན་ངས་ཞི་བདེ་དང་། འདྲ་མཉམ། དམངས་གཙོ། གྲོས་མོལ་ཞེས་པའི་ཚིག་དེ་དག་ནན་བརྗོད་བྱ་འདོད་བྱུང་། ང་ཚོས་ནམ་ཡང་པེ་ཅིན་གཞུང་གི་མགོ་འཁྲིད་ཚོས་ཐའེ་ཝན་གྱི་གནས་བབ་དང་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དམའ་འབེབ་སྣང་ཆུང་གཏོང་ཆེད་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཞེས་པ་སྤྱོད་བཞིན་པ་དེར་ངོས་ལེན་བྱེད་ཐབས་མེད། ཅེས་དང་། རྒྱ་ནག་དང་ཐའེ་ཝན་གྱི་འབྲེལ་ལམ་དེ་ལོ་རྒྱུས་རང་བཞིན་ལྡན་པའི་དཀྱོག་མཚམས་ཤིག་ཏུ་བསླེབས་ཡོད་པ་དང་། ཕྱོགས་གཉིས་ཀར་ཕུགས་རྒྱང་རིང་པོར་ཞི་མཐུན་མཉམ་གནས་ཡོང་རྒྱུ་དང་། ཕན་ཚུན་བར་གྱི་འགལ་ཟླ་དང་རྩོད་རྙོག་ཉུང་འཕྲི་བྱ་རྒྱུའི་འགན་འཁྲི་ཡོད། གནས་སྟངས་ཀྱི་འགྱུར་འགྲོས་ལ་གཞིགས་ཏེ། ངས་རང་ཉིད་ཀྱི་གཞི་རྩའི་ལྟ་གྲུབ་སྙིང་བཅངས་བྱས་ཏེ། གུ་ཡངས་པོའི་ཐོག་ནས་དཀའ་རྙོག་སེལ་ཐབས་དང་རང་ཉིད་སྲིད་འཛིན་ཡིན་པའི་འགན་འཁྲི་གཙང་ལེན་བྱ་རྒྱུ་ཡིན། ངས་རྒྱ་ནག་ཕྱོགས་ཀྱི་མགོ་འཁྲིད་ཚོས་ཀྱང་ཕྱོགས་གཉིས་ཀྱི་ཕུགས་རྒྱང་རིང་པོའི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་ཐད་འགན་འཁྲི་ལེན་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཅེས་གསུངས་འདུག
ཡང་ལྕམ་སྐུ་ཁོང་གིས། འདི་ལོའི་རྒྱལ་ཡོངས་འོས་བསྡུ་དང་། ད་ཐེངས་ཀྱི་ཏོག་དབྱིབས་གཉན་རིམས་འགོག་རྒོལ་གྱི་ལས་དོན་ཁྲོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐའེ་ཝན་ལ་དགའ་བསུ་དང་ཡི་རངས་བསྔགས་བརྗོད་བྱས་ཡོད་པ་ལྟར། ཐའེ་ཝན་ངོས་ནས་དུས་ནམ་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ལ་རོགས་འདེགས་བྱ་རྒྱུའི་འདུན་པ་ཡོད་སྐོར་དང་། མ་འོངས་པར་ཐའེ་ཝན་གྱི་རྒྱལ་ཡོངས་དཔལ་འབྱོར་དང་། བཟོ་སྐྲུན། སྤྱི་ཚོགས་བདེ་འཇགས། སྨན་བཅོས་བདེ་འཇགས། ནད་འགོག་ནུས་སྟོབས། རྒྱལ་སྲུང་། རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཞུགས་རྒྱུ་བཅས་ལ་སྔར་ལྷག་ཤུགས་སྣོན་བརྒྱབ་སྟེ། ཐའེ་ཝན་གསར་པ་ཞིག་བསྐྲུན་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུགཐའེ་ཝན་གྱི་བུད་མེད་སྲིད་འཛིན་ཐོག་མ་ཚའེ་ཡེན་ཝིན་མཆོག་གི་སྲིད་འཛིན་ལས་ཡུན་གཉིས་པའི་དམ་འབུལ་མཛད་སྒོར། ཐའེ་ཝན་དང་ཕྱི་འབྲེལ་སྲིད་བྱུས་ཡོད་པའི་རྒྱལ་ཁབ་ ༡༥ ཡི་གཙོས་པའི་ལྷོ་ཀོ་རི་ཡ་དང་། ཉི་ཧོང་། ཧྥི་ཇི། དབྱིན་ཡུལ། ཅེག་སྤྱི་མཐུན་རྒྱལ་ཁབ། འཇར་མ་ནི་བཅས་རྒྱལ་ཁབ་མི་ཉུང་བས་འཚམས་འདྲི་བྱས་ཡོད་པ་མ་ཟད། ཨ་རིའི་རྒྱལ་སྲུང་དྲུང་ཆེ་ལགས་ནས་ལོ་རྒྱུས་ནང་ཐེངས་དང་པོར་ཐའེ་ཝན་གྱི་སྲིད་འཛིན་ལ་འཚམས་འདྲི་ཞུས་ཡོད་འདུག དེ་ཡང་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་པོམ་པིའོ་ (Mike Pompeo) ལགས་ཀྱིས། ལྕམ་ཚའེ་ཡེན་ཝིན་མཆོག་ཚད་མཐོའི་རྒྱབ་སྐྱོར་འོག་སྲིད་འཛིན་དུ་འོས་འདེམས་བྱུང་བ་དེས། ཁོང་མོར་ཐའེ་ཝན་མི་མང་གིས་གུང་བརྩི་དང་། དགའ་མོས། ཡིད་ཆེས་བྱེད་ཀྱི་ཡོད་པ་མཚོན་གྱི་ཡོད་ཅིང་། ཁོང་མོས་ཐའེ་ཝན་དེ་ཉིད་དམངས་གཙོའི་ལམ་བུར་འཁྲིད་རྒྱུའི་སྙིང་སྟོབས་དང་འཆར་སྣང་དེས་ཐའེ་ཝན་ཙམ་དུ་མ་ཟད། འཛམ་གླིང་ཧྲིལ་པོ་སེམས་འགུལ་ཐེབས་སུ་བཅུག་ཡོད། ཅེས་དང་། ལྕམ་ཚའེ་ཡེན་ཝིན་མཆོག་གི་སྣེ་ཁྲིད་འོག་མ་འོངས་པར་ཨ་རི་དང་ཐའེ་ཝན་དབར་གྱི་འབྲེལ་ལམ་ཇེ་རྒྱས་སུ་འགྲོ་རྒྱུའི་གདེང་ཚོད་ཡོད་སྐོར་གསུངས་འདུག་ལ། དེ་བཞིན་ཨ་རིའི་ཤར་བརྒྱུད་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་རྒྱལ་སྲིད་དྲུང་ཆེ་གཞོན་པ་ཌེ་ཝིད་སི་ཊིལ་ཝེལ་(David Stilwell) དང་། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་ (Marco Rubio) དང་། ཊེད་ཁུ་རུ་ཛི་ (Ted Cruz)། ཪོ་བྷར་ཊི་མེ་ནན་ཌེ་ཛི་ (Robert Menendez) སོགས་ཀྱིས་ཀྱང་འཚམས་འདྲི་གནང་ཡོད་འདུག
འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༢ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྕམ་ཚའེ་ཡེན་ཝིན་མཆོག་སྲིད་འཛིན་དུ་བསྐྱར་འདེམས་བྱུང་བར་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་ཏེ། སྲིད་འཛིན་ཚའེ་ཡེན་ཝིན་མཆོག་གི་སྣེ་ཁྲིད་འོག་ཐའེ་ཝན་གྱི་མི་སེར་རྣམས་ལ་ཞི་བདེ་བསྐྲུན་ཐུབ་རྒྱུར་ཡིད་ཆེས་ཡོད་ལ། ཐའེ་ཝན་མི་མང་གིས་དམངས་གཙོ་ཙམ་མ་ཟད། དཔལ་འབྱོར་དང་། ཤེས་རིག རང་གི་རིག་གཞུང་གོམས་སྲོལ་གཅེས་འཛིན་ཐད་གཟེངས་སུ་ཐོན་པའི་ཕྱག་ལས་གནང་བར་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད་སྐོར་གསུངས་ཡོད་པ་རེད། དེ་བཞིན་སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཀྱང་འཚམས་འདྲི་གནང་བའི་ནང་། སྲིད་འཛིན་ཚའེ་ཡེན་ཝིན་མཆོག་ནས་ཐའེ་ཝན་གྱི་རང་དབང་དང་། འདྲ་མཉམ། དམངས་གཙོ་སྲུང་སྐྱོབ་ཐད་རླབས་ཆེན་གྱི་མགོ་འཁྲིད་ནུས་པ་གསལ་སྟོན་བྱས་པ་དེར་བསྔགས་བརྗོད་དང་སྦྲགས། ཁོང་མོ་སྲིད་འཛིན་དུ་བསྐྱར་འདེམས་བྱུང་བ་དེས་མི་མང་གི་ཆོད་སེམས་དང་དམངས་གཙོའི་སྟོབས་ཤུགས་མཚོན་གྱི་ཡོད་སྐོར་གསུངས་ཡོད་པ་རེད།
ཕྱི་ལོ་ ༢༠༡༦ ལོར་ལྕམ་ཚའེ་ཡེན་ཝིན་མཆོག་ཐའེ་ཝན་གྱི་སྲིད་འཛིན་དུ་འོས་འདེམས་བྱུང་བ་ནས་བཟུང་། རྒྱ་ནག་གཞུང་གིས་ཐའེ་ཝན་མཚོ་འགག་ཉེ་འཁྲིས་སུ་དམག་དོན་བྱ་འགུལ་སྤེལ་ཤུགས་ཆེ་རུ་གཏང་ཡོད་པ་མ་ཟད། རྒྱལ་སྤྱིའི་སྡིངས་ཆའི་ཐོག་ལའང་ཐའེ་ཝན་དང་ཕྱི་འབྲེལ་སྲིད་བྱུས་འཛིན་གྱི་རྒྱལ་ཁབ་མང་པོར་དཔལ་འབྱོར་སོགས་ཀྱི་གནོན་ཤུགས་དང་བསླུ་བྲིད་འོག་རང་ཕྱོགས་སུ་འགུག་ཐབས་བྱས་ཡོད་ཅིང་། རྒྱལ་སྲུང་གི་དམིགས་ཡུལ་གཙོ་གནད་གྲས་སུ་ཐའེ་ཝན་རྒྱ་ནག་སྐམ་ས་ཆེན་མོ་དང་མཉམ་སྒྲིལ་བྱ་རྒྱུ་སོགས་འཁོད་ཡོད་ཅིང་། ཐའེ་ཝན་དེ་ཉིད་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་མཚོན་པའི་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ནང་ཞུགས་རྒྱུར་བཀག་འགོག་བརྒྱུད། ཐའེ་ཝན་གྱི་གནད་དོན་དེ་ནང་སྲིད་ཀྱི་གནད་དོན་ཞིག་ཏུ་འགྱུར་རྒྱུར་གཞོལ་ཡོད་ཅིང་། ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་རྒྱ་ནག་གིས་ཐའེ་ཝན་དང་གཞུང་འབྲེལ་བརྒྱུད་གྲོས་མོལ་བྱ་རྒྱུ་མཚམས་བཞག་ཡོད་པ་རེད།
ད་ལྟའི་ཆར་རྒྱ་ནག་གིས་སྲིད་འཛིན་ལྕམ་ཚའེ་ཡེན་ཝིན་མཆོག་གི་དམ་འབུལ་མཛད་སྒོ་དང་བསྟུན་གཞུང་འབྲེལ་བསྒྲགས་གཏམ་ལྟ་བུ་གང་ཡང་སྤེལ་མི་འདུག་ཀྱང་། རྒྱ་ནག་གི་གཞུང་འབྲེལ་དབྱིན་ཡིག་གོ་ལའི་དུས་བབ་ (Global Times) ཀྱི་རྩོམ་སྒྲིག་པའི་གཏམ་ནང་ཨ་རིའི་རྒྱལ་སྲིད་དྲུང་ཆེས་སྲིད་འཛིན་ཚའེ་ཡེན་ཝིན་ལ་འཚམས་འདྲི་བྱས་དེ་ནི་རྒྱ་ནག་ལ་བསྙད་འཚོལ་ཐབས་ཤིག་ཡིན་སྐོར་དང་། རྒྱ་ནག་ངོས་ནས་གོ་སྐབས་དམ་འཛིན་གྱིས་མཐའ་མཇུག་དེར་ཨ་རི་དང་ཐའེ་ཝན་གྱི་བྱུས་ངན་དེ་བཅོམ་བརླག་གཏོང་རྒྱུ་ཡིན་སྐོར་དང་། རྒྱ་ནག་གི་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་པ་དང་བསྟུན། ཐའེ་ཝན་གྱི་ས་ཁོངས་བདག་དབང་ལེན་རྒྱུའི་ནུས་པ་ཡང་ཇེ་ཆེར་འགྲོ་བཞིན་ཡོད། ད་ལྟ་ཨ་རི་དང་ཐའེ་ཝན་གྱི་དོན་མེད་ཅོལ་ཆུང་གི་ཐབས་བྱུས་འཐེན་བཞིན་ཡོད་ཀྱང་། རྒྱ་ནག་གིས་ཁོ་ཚོར་བསམ་ཡུལ་ལས་འདས་པའི་ཕོག་ཐུག་གཏང་རྒྱུ་ཡིན་སྐོར་སོགས་འཁོད་འདུག
དེ་ཡང་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༡ ཉིན་ཐའེ་ཝན་གྱི་སྲིད་འཛིན་འོས་བསྡུ་བྱས་ཡོད་པ་དང་། འོས་འཕེན་ཐོ་འགོད་བྱེད་མཁན་ས་ཡ་ ༡༩ ལྷག་བྱུང་ཡོད་པའི་ཁྲོད་ནས། གྲངས་ཉུང་མི་རིགས་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་ཇམ་སི་སོན (James Soong) ལགས་ལ་འོས་གྲངས་ ༦,༠༨,༥༩༠ སྟེ་འོས་ཀྱི་བརྒྱ ཆ་ ༤.༣་དང་། གོང་མིན་ཏང་ཚོགས་པའི་སྲིད་འཛིན་འོས་མི་ཧན་ཀོ་ཡས་ (Han Kuo-yu) ལ་འོས་ཤོག་གྲངས་ ༥༥,༢༢,༡༡༩ སྟེ་འོས་ཀྱི་བརྒྱ་ཆ་ ༣༨.༦ ། དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཚའེ་ཡེན་ཝིན་མཆོག་ལ་འོས་གྲངས་ ༨༡,༧༠, ༢༣༡ དང་འོས་ཀྱི་བརྒྱ་ཆ་ ༥༧.༡ ཐོབ་སྟེ་ཡང་བསྐྱར་སྲིད་འཛིན་དུ་འདེམས་ཐོན་བྱུང་ཡོད་པ་རེད།
གསར་འགོད་པ། པ་སངས་ཚེ་རིང་།
རྒྱ་ནག་ངོས་ནས་གོ་སྐབས་དམ་འཛིན་གྱིས་མཐའ་མཇུག་དེར་ཨ་རི་དང་ཐའེ་ཝན་གྱི་བྱུས་ངན་དེ་བཅོམ་བརླག་གཏོང་རྒྱུ་ཡིན་སྐོར་དང་། རྒྱ་ནག་གི་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་པ་དང་བསྟུན། ཐའེ་ཝན་གྱི་ས་ཁོངས་བདག་དབང་ལེན་རྒྱུའི་ནུས་པ་ཡང་ཇེ་ཆེར་འགྲོ་བཞིན་ཡོད། ད་ལྟ་ཨ་རི་དང་ཐའེ་ཝན་གྱི་དོན་མེད་ཅོལ་ཆུང་གི་ཐབས་བྱུས་འཐེན་བཞིན་ཡོད་ཀྱང་། རྒྱ་ནག་གིས་ཁོ་ཚོར་བསམ་ཡུལ་ལས་འདས་པའི་ཕོག་ཐུག་གཏང་རྒྱུ་ཡིན་སྐོར་སོགས་འཁོད་འདུག great ? ? ? ? ?
ཡིན་ད། རྒྱ་དམར་གླན་ལྐུག་ཚོ་ ཡིན་ད། ཤུག་རྒྱག་ཤོག་ཨ། ང་ཚོ་ཁྱེད་ལྟད་མོ་ལ་སྒུག་དོ།