——རྒན་རབས་པ་མའོ་ཀྲུའུ་ཞིས་གསུངས་པའི་སྐད་ཆ་ཞིག་བདག་གིས་ལོ་ཆུང་གཞོན་ནུའི་སྐབས་ནས་ད་ལྟ་སྐྲ་དཀར་པོ་ཆགས་རག་བར་སྟེ། ལོ་ངོ་ ༥༩ རིང་ལ་སེམས་ལ་ཉར་ཡོད།
བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པའི་མཆན། འགྱུར་རྩོམ་འདི་ནི་དགུང་ལོ་ ༡༧ ཡས་མས་ནས་རྒྱ་ནག་གཞུང་གི་སྲིད་བློན་སོགས་ཆེས་མཐོའི་དཔོན་རིགས་ཀྱི་ལོ་ཙཱ་བ་གནང་མྱོང་བའི་བོད་མི་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས། མའོ་ཀྲུའུ་ཞི་ཡི་སྐད་ཆ་ཚིག་གཅིག་སྟེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལོ་ངོ་ང་དགུ་པའི་ནང་རང་ཡུལ་དུ་མ་ཕེབས་ཀྱང་། ལོ་ངོ་དྲུག་ཅུ་པའི་ནང་ཕལ་ཆེར་ཕ་ཡུལ་ལ་ཕེབས་ཀྱི་རེད་ཅེས་པ་དེར་རེ་ཞིང་སྒུག་ནས་མི་ལོ་ ༦༠ ཕྱིན་པའི་དྲན་ཐོ་ལྟ་བུ་ཞིག་རེད་འདུག་ལ། དྲན་ཐོ་འདི་ལས་སྐབས་དེའི་ཤོག་ཟུང་གཉིས་ལྡན་གྱི་བོད་མི་གསར་བརྗེ་བ་ཞིག་གི་བློ་སྟོབས་དང་རང་མི་རིགས་ལ་བཅངས་པའི་ལྷག་བསམ། ལྷག་པར་དུ་བོད་མི་རྒན་རབས་པ་ཞིག་གིས་ད་ལྟའི་གུང་ཁྲན་ཏང་སྲིད་གཞུང་ལ་བཟུང་བའི་རེ་ལྟོས་བཅས་ཀྱི་ཟུར་ངོས་མང་དག་ཅིག་མཐོང་ཐུབ་པར་འདོད།
འཇམ་དཔལ་རྒྱ་མཚོས་བརྩམས།
བཀྲ་ཤིས་རབ་བརྟན་གྱིས་བསྒྱུར།
བདག་གིས་སློབ་དཔོན་ཆེན་མོ་ཤེེས་རབ་རྒྱ་མཚོར་གསུང་བསྒྱུར་བྱས་མྱོང་། ཞེས་པའི་རྩོམ་ཡིག་ནང་། སློབ་དཔོན་ཆེན་མོར་གསུང་བསྒྱུར་བྱས་པའི་གནས་སྟངས་རྣམས་དྲན་གསོ་བྱས་ཡོད། ༡༩༥༩ ལོའི་ཟླ་༤ བའི་ཚེས ༡༥ ཉིན། ༧ཏཱ་ལའི་བླ་མ་ཕྱི་རྒྱལ་དུ་ཕེབས་ནས་ཟླ་བ་གཅིག་ཙམ་ཡང་མ་འགོར་བའི་རིང་། མའོ་ཀྲུའུ་ཞི་སྐུ་དངོས་ཀྱིས་སྐབས ༡༦ པའི་ཆེས་མཐོའི་རྒྱལ་སྲིད་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཚོགས་འདུ་དེ་ནི་བོད་ཀྱི་གནད་དོན་ཐད་ཡིན་ལ། ཁོང་གིས་ཚོགས་ཐོག་ཏུ་གལ་ཆེའི་གསུང་བཤད་གནང་། གསུང་བཤད་དེ་ནི་མའོ་ཙེ་ཏུང་ཀྲུའུ་ཞིས་བོད་ལྗོངས་ཀྱི་དམངས་གཙོ་བཅོས་བསྒྱུར་ཐད་གནང་བའི་རྩ་འཛིན་ཡིག་ཆ་དེ་ཡིན་པ་རེད།
ཐེངས་འདིའི་ཚོགས་འདུའི་གྲོས་དོན་གཙོ་བོ་ནི་ཁག་གཉིས་ཡིན། གཅིག་ནི་བོད་ལྗོངས་ཀྱི་དམངས་གཙོ་བཅོས་བསྒྱུར་བྱེད་པའི་སྐོར་དང་། གཞན་དེ་༧ཏཱ་ལའི་བླ་མའི་གནད་དོན་གྱི་སྐོར་རེད། ༧ཏཱ་ལའི་བླ་མའི་གནད་དོན་གྱི་སྐོར་གླེང་སྐབས། མའོ་ཀྲུའུ་ཞི་ནས་འདི་ལྟར་གླེང་འགོ་ཚུགས་སོང་།
ཀྲུང་གོ་གུང་ཁྲན་ཏང་གིས་རྦད་དེ་སྒོ་བརྒྱབ་མེད། འཕྲིན་ཡིག་གསུམ་འགྲེམས་སྤེལ་བྱས་བའི་ནང་། ༧ཏཱ་ལའི་བླ་མ་ནི་བཙན་ཁྲིད་བྱས་པར་བརྗོད་ཡོད་པ་དང་། ཐེངས་འདིའི་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག། ཀྲུའུ་ཙུང་ལི་ཡི་སྙན་སྒྲོན་གཏམ་བཤད་ནང་འདིའི་སྐོར་གསལ་བོར་བཤད་ཡོད། ང་ཚོའི་རེ་བར་ཏཱ་ལའི་བླ་མ་ཕྱིར་རང་ཡུལ་དུ་ཕེབས་ན་འདོད་བཞིན་ཡོད། ཐེངས་འདིའི་འོས་བསྡུའི་ཁྲོད་པཎ་ཆེན་འདེམས་རྒྱུ་མ་ཟད། ༧ཏཱ་ལའི་བླ་མའང་འདེམས་དགོས་པའི་རེ་བ་ཡོད། ཁོང་ནི་ལོ་ན་ཆུང་བའི་མི་ཞིག་རེད། ད་ལྟ་ཁོང་ལོ་ན ༢༥ ལས་སོན་མེད། གལ་སྲིད་ཁོང་དགུང་ལོ་གྱ་ལྔ་བར་འཚོ་བཞུགས་གནང་ན། ལོ་དེ་ནི་ད་ནས་བརྩི་པའི་ལོ་ངོ་ ༦༠ རེད། སྐབས་དེར་དུས་རབས་ཉེར་གཅིག་པ་ཟིན་ཡོད། འཛམ་གླིང་འདི་ཇི་འདྲ་ཞིག་རེད་ཟེར་ན། འགྱུར་ལྡོག་འགྲོ་བཞིན་པའི་འཛམ་གླིང་ཞིག་རེད། སྐབས་དེ་དུས། ཁོང་ཚུར་རང་ཡུལ་དུ་ལོག་པ་ལ་ང་རང་ཡིད་ཆེས་ཡོད། ཁྱེད་རང་ལོ་ངོ་ང་དགུའི་རིང་ལ་རང་ཡུལ་ལ་མ་ཕེབས་ཀྱང་། ལོ་ངོ་དྲུག་ཅུའི་རྗེས་ནས་ཕལ་ཆེར་རང་ཡུལ་ལ་ཕེབས་ཀྱི་རེད། སྐབས་དེ་དུས་འཛམ་གླིང་ལ་འགྱུར་ལྡོག་བྱུང་ཡོད། འདི་ནི་ཁོང་གི་ཕ་གཞིས་རེད(ཏཱ་ལའི་བླ་མ་ནི་མཚོ་སྔོན་གྱི་མི་རེད)། ཁོང་ས་འདི་ནས་སྐྱེས་ཤིང་འཚར་ལོངས་བྱུང་བ་རེད། ད་ཆ་ཕྱི་རྒྱལ་དུ་སླེབས་ཏེ། གཞན་ལ་བརྟེན་ནས་དབུགས་འབྱིན་རྔུབ་བྱེད་དགོས། མེ་མདའ་འགའ་རེ་ཡོད་པའང་ཕུལ་ཟིན་པ་རེད། ང་ཚོས་ཁོང་ལ་རྣམ་འགྱུར་འདི་བཟུང་ན་ཅུང་རང་འགུལ་གྱིས་ཡོང་གི་རེད། མཐར་བཀག་མ་གཏོང་།
༧ཏཱ་ལའི་བླ་མའི་གནད་དོན་ཐོག་ལ། མའོ་ཀྲུའུ་ཞིས་རླབས་ཆེན་གྱི་འབྱོར་མེད་གྲལ་རིམ་གསར་བརྗེ་བ་ཞིག་གི་ཡངས་ཤིང་རྒྱ་ཆེ་བའི་སྤོབས་པ་དང་། མིག་རྒྱང་རིང་བའི་མངོན་ཚུལ་གསལ་བོར་བསྟན་ཡོད། ༣་༡༠ དོན་རྐྱེན་གྱི་རྗེས་ནས། བོད་ལྗོངས་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས་ངན་བསྐུལ་འོག་སྤེལ་བའི་གསར་བརྗེ་ངོ་ལོག་པའི་དྲག་ཆས་ཟིང་འཁྲུག་དང་། མེས་རྒྱལ་ལ་རྒྱབ་གཏད་པ། ༧ཏཱ་ལའི་བླ་མ་བཙན་ཁྲིད་བྱས་པ། ཕྱི་རྒྱལ་དུ་ཕྱིན་ནས་མ་རྩ་རིང་ལུགས་པར་མགོ་བོ་སྒུར་བ་འདི་དག་ཚང་མ། ཁོང་དང་བོད་ལྗོངས་ཀྱི་མཐོ་རིམ་ལོག་སྤྱོད་ཤོག་ཁག་ཚོ་དང་མཉམ་དུ་སྡོམ་རྒྱ་ལྟ་བུའི་འབྲེལ་བ་ཡོད་པས། ཏཱ་ལའི་བླ་མ་རང་ཉིད་ཀྱང་དོན་རྐྱེན་འདི་དག་དང་གཡོལ་ཐབས་མེད་མོད། ཀྲུང་དབྱང་གིས་གནས་ཚུལ་འདི་དག་ལ་བློ་རྒྱ་ཆེ་བའི་ལྟ་ཚུལ་འཛིན་གྱིན་ཡོད། ཅེས་བཤད་ཡོད། འདི་ལྟ་བུའི་ཛ་དྲག་གི་ཆབ་སྲིད་ཀྱི་གནས་སྟངས་འོག་ཏུའང་། མའོ་ཀྲུའུ་ཞི་ཡིས་ཏཱ་ལའི་བླ་མར་ཐུགས་སྣང་བྱེད་ཀྱིན་ཡོད་པ་རེད། མའོ་ཀྲུའུ་ཞི་ནས་མུ་མཐུད་བཤད་རྒྱུར། ང་ཚོའི་རེ་བར་༧ཏཱ་ལའི་བླ་མ་ཕྱིར་རང་ཡུལ་དུ་ཕེབས་ན་བསམ་བཞིན་ཡོད། ཐེངས་འདིའི་འོས་བསྡུའི་ཁྲོད་པཎ་ཆེན་འདེམས་རྒྱུ་མ་ཟད། ཏཱ་ལའི་བླ་མའང་འདེམས་དགོས་བའི་རེ་བ་ཡོད། ག་རེ་བྱས་ནས་ངའི་རེ་བར་ཏཱ་ལའི་བླ་མ་ཕྱིར་ཡོང་གིན་རེད། ག་རེ་བྱས་ནས་༧ཏཱ་ལའི་བླ་མ་འདེམས་དགོས་པ་རེད། རྒྱུ་མཚན་ནི་མའོ་ཀྲུའུ་ཞི་ཡིས་༧ཏཱ་ལའི་བླ་མ་ལ་སྣང་ཆུང་བྱས་མེད་པ་དང་། མུ་མཐུད་རེ་བ་ཆེན་པོ་ཞིག་བཟུང་ཡོད་པའི་རྐྱེན་གྱིས་རེད།
གལ་སྲིད་ཁོང་དགུང་ལོ་གྱ་ལྔ་བར་འཚོ་བཞུགས་གནང་ན། ལོ་དེ་ནི་ད་ནས་རྩིས་བའི་ལོ་ངོ་ ༦༠ རེད། སྐབས་དེ་དུས་ནི་དུས་རབས་ཉེར་གཅིག་པ་རེད། འཛམ་གླིང་འདི་ཇི་འདྲ་ཆགས་ཀྱིན་རེད་ཟེར་ན། འཛམ་གླིང་འདི་ལ་འགྱུར་ལྡོག་འགྲོ་གི་རེད། སྐབས་དེ་དུས། ངས་རེ་བར་ཁོང་ཕྱིར་རང་ཡུལ་དུ་ཕེབས་ཀྱི་རེད།
ཁྱེད་རང་ལོ་ངོ་ང་དགུ་བའི་ནང་རང་ཡུལ་ལ་མ་ཕེབས་ཀྱང་། ལོ་ངོ་དྲུག་ཅུ་བའི་ནང་ཕལ་ཆེར་ཕེབས་ཀྱིན་རེད། ”ཅེས་པའི་མའོ་ཀྲུའུ་ཞི་ཡི་སྐད་ཆ་འདི ༡༩༥༩ ལོའི་ཟླ ༤ བའི་ཚེས ༡༥ ཉིན་བཤད་པ་རེད། སྐབས་དེ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བཅུ་ཡང་འགྲོ་བཞིན་མེད། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་འོག རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་ཀྱིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་ལོ་བཅུ་འཁོར་བའི་རྒྱལ་སྟོན་དུས་ཆེན་བསུ་བཞིན་ཡོད་པ་དང་། མའོ་ཀྲུའུ་ཞི་ཡི་མཐོང་རྒྱ་ཆེ་ཞིང་མིག་རྒྱང་རིང་བའི་འབྱུང་འགྱུར་ལ་གཟིགས་པ་དེས། ཁོང་གི་རླབས་ཆེ་བའི་སྤོབས་པ་དང་བློ་ཁོག་མཚོན་ཐུབ། བལྟས་པ་ཙམ་གྱིས་ད་ལྟ་ལོ་ངོ ༦༠ འགྲོ་སོང་། སྒུག་པ་ཙམ་གྱིས་ད་ནི་ལོ་ངོ ༦༠ ཕྱིན་ཡོད། མའོ་ཀྲུའུ་ཞིས་ག་རེ་བྱས་ནས་དེ་ལྟར་རང་གིས་རང་ལ་ཡིད་ཆེས་ཀྱིས་ཁེངས་ཏེ་ཏཱ་ལའི་བླ་མ་ཕྱིར་ཕེབས་ཀྱི་རེད་བརྗོད་བཞིན་ཡོད་དམ་ཞེ་ན། དེ་ལ་མའོ་ཀྲུའུ་ཞི་ཡིས། འདི་ནི་ཁོང་གི་ཕ་གཞིས་རེད(༧ཏཱ་ལའི་བླ་མ་ནི་མཚོ་སྔོན་གྱི་མི་རེད)། འདི་ནས་སྐྱེས་ཤིང་འཚར་ལོངས་བྱུང་བ་རེད། ཅེེས་ནན་ཏན་གྱིས་བཤད།
རིང་མིན་འཚོག་རྒྱུ་ཡིན་པའི་སྐབས་གཉིས་པའི་ཐེངས་དང་པོའི་ཚོགས་འདུའི་སྐོར་བཤད་སྐབས། མའོ་ཀྲུའུ་ཞི་ཡིས་བཤད་རྒྱུར། ཙུང་ལི་ཡི་སྙན་སྒྲོན་ནང་དུ་ཏཱ་ལའི་བླ་མ་རང་ཡུལ་དུ་ཕེབས་རྒྱུའི་སྐོར་བཤད་ཡོད། གལ་སྲིད་ཁོང་ཕྱིར་རང་ཡུལ་དུ་ཕེབས་འདོད་ཡོད་ན། ལོག་སྤྱོད་ཅན་དེ་ཚོ་དང་མཉམ་ཏུ་ཁ་འབྲལ་དགོས་ཀྱི་རེད། ང་ཚོའི་རེ་བར་ཁོང་རང་རྒྱལ་དུ་ཕེབས་ཐུབ་པའི་རེ་བ་ཡོད། ཡིན་ནའང་། ང་ཚོས་བལྟས་ན་ཁོང་ལའང་རྒྱལ་ནང་དུ་ཕེབས་པར་དངོས་ནས་དཀའ་ཁག་ཅིག་ཡོད་ས་རེད། ཁོང་གི་འཁྲིས་སུ་ཡོད་པའི་མི་དེ་དག་དང་མཉམ་དུ་དེ་ལྟར་ཁ་འབྲལ་རྒྱུ་ལས་སླ་བོ་ཞིག་ཡོད་ས་མ་རེད། དེའི་ཁར་ཁོང་གི་དགོངས་ཚུལ་ལ་བལྟས་ན། ཡར་སྔོན་དེར་ཁོང་རྒྱ་གར་དུ་འབྱོར་རྗེས་ཕྱིར་ཕེབས་འདོད་མ་བྱུང་བ་རེད། རེད་དེ། པཎ་ཆེན་ཕྱིར་ལོག་ཕེབས་པ་རེད། སྐབས་དེར། ཙུང་ལི་ཡིས་ཁ་བརྡ་བསླབ་བྱ་གནང་བ་དང་། ནེ་རུའོ་ཡིས་ཀྱང་ཕལ་ཆེར་ཁ་ཏ་བསླབ་བྱ་གནང་ཡོད་ས་རེད། འོན་ཀྱང་སྐབས་དེར། ཕྱིར་ཕེབས་སྟངས་མ་ཤེས་བའི་གནས་སྟངས་ཤིག་ཆགས་ཡོད་ཚོད་འདུག སྐབས་དེར་ད་དུང་ཙུང་ལི་ཡིས། ཁྱེད་རང་རྒྱ་གར་དུ་བསྡད་ན། མི་སེར་དཀྱུས་མ་ཞིག་གི་འཚོ་བ་རོལ་ཏེ། རང་གི་མང་ཚོགས་དང་། མེས་པོའི་རྒྱལ་ཁབ་ལ་རིང་དུ་གྱེས་ཏེ་བསྡད་དེ་ག་རེ་བྱེད་གི་ཡིན་པས་ཞེས་བཤད་མྱོང་།
ད་ལྟ་ད་དུང་ཁོང་ལ་བསམ་བློ་བཅོས་བསྒྱུར་གཏོང་བའི་སེམས་ཤུགས་ཤིག་ཡོད་པ་མཐོང་ཐུབ་གི་མི་འདུག ཁོང་རང་དངོས་གནས་བཅོས་བསྒྱུར་བྱེད་འདོད་ཡོད་ན། མི་དམངས་ཀྱི་ཕྱོགས་སུ་ལངས། ངལ་རྩོལ་མི་དམངས་ཀྱི་ཕྱོགས་སུ་ལངས་དགོས་བ་ཞིག་རེད་མོད། ངས་དེ་འདྲ་ཞིག་མཐོང་མ་སོང་། ཁོང་གི་འཇིག་རྟེན་ལྟ་ཚུལ་དེར་འགྱུར་བ་འགྲོ་གིན་རེད་དམ་མ་རེད། ལོ་ངོ་དྲུག་ཅུ་ཡི་རྗེས་ནས་གཅིག་བྱས་ན་འགྱུར་བ་འགྲོ་གི་རེད། གཅིག་བྱས་ན་ལོ་ངོ་དྲུག་ཅུ་འགོར་དགོས་རྒྱུ་མ་རེད། དེང་གི་གནས་སྟངས་ལ་བལྟས་ན། ཁོང་གློ་བུར་དུ་ཕྱིར་ཕ་ཡུལ་ལ་ཕེབས་རྒྱུ་དེའང་ལས་སླ་བོ་ཞིག་མིན། ཡིན་ནའང་། གལ་སྲིད་ཁོང་ཕྱིར་ཕེབས་འདོད་ཡོད་ན། སང་ཉིན་ཕེབས་ཀྱང་འགྲིག་གི་རེད། རེད་དེ། ཁོང་གིས་བཅོས་བསྒྱུར་བྱེད་དགོས་པ་དང་། ཟིང་འཁྲུག་ཞོད་འཇགས་གཏོང་དགོས་པ་མ་ཟད། ལྷག་བསམ་རྣམ་དག་གིས་ང་ཚོའི་ཕྱོགས་ནས་ལངས་དགོས། དེའང་དོན་དངོས་ཐོག་བཤད་ན་ལམ་སེང་ཡོང་རྒྱུ་ཞིག་མ་རེད། རེད་དེ། ང་ཚོའི་འབྲེལ་ལམ་གྱི་སྒོ་རྦད་དེ་གཅོད་གིན་མ་རེད། ཅེས་བརྗོད་ཡོད།
མའོ་ཀྲུའུ་ཞིས་གསལ་བོར་བཤད་རྒྱུར། ཙུང་ལི་ཡི་སྙན་སྒྲོན་ནང་དུ་ཏཱ་ལའི་བླ་མ་རང་ཡུལ་དུ་ཕེབས་རྒྱུའི་སྐོར་བཤད་ཡོད། གལ་སྲིད་ཁོང་ཕྱིར་ཕེབས་འདོད་ཡོད་ན། སང་ཉིན་ཕེབས་ཀྱང་འགྲིག་གི་རེད། ཡིན་ནའང་། ཁོང་ཕྱིར་ཕེབས་པའི་ཆ་རྐྱེན་ནི། ཁོང་གིས་བཅོས་བསྒྱུར་བྱེད་དགོས་པ་དང་། ཟིང་འཁྲུག་ཞོད་འཇགས་གཏོང་དགོས་པ་མ་ཟད། ལྷག་བསམ་རྣམ་དག་གིས་ང་ཚོའི་ཕྱོགས་ནས་ལངས་དགོས། མའོ་ཀྲུའུ་ཞིས་༧ཏཱ་ལའི་བླ་མ་ལམ་སེང་ཕྱིར་ཕེབས་ན། དེའང་ལས་སླ་བོ་ཞིག་མིན་པ་དང་། དཀའ་ངལ་ཡོད་པ་ཞིག་ཡིན་པ་ཤེས་རྟོགས་བྱུང་འདུག དེ་ལ་མའོ་ཀྲུའུ་ཞི་ཡིས་བཤད་རྒྱུར། ངས་བལྟས་ན། དོན་དངོས་ཐོག་ལས་དོན་འདི་ལམ་སེང་བསྒྲུབ་རྒྱུ་འདི་ཁོང་ལའང་དཀའ་ངལ་ཡོད། གང་ལྟར་ཀྱང་ང་ཚོས་ཁོང་ལ་འབྲེལ་ལམ་གྱི་སྒོ་རྒྱག་རྒྱུ་མིན། ཞེས་བཤད་ཡོད་པ་རེད།
ཉིན་དེར། མའོ་ཀྲུའུ་ཞིའི་གསུང་བཤད་སྙིང་བསྡུས་ཅིག་བདག་གིས་མ་འཆུག་མ་ནོར་བའི་སྒོ་ནས་བོད་བསྒྱུར་བྱས་ཏེ་རང་གིས་གུས་བརྩི་ཧ་ཅང་ཆེ་བའི་སློབ་དཔོན་ཤེས་རབ་རྒྱ་མཚོ་ལ་ཕུལ་བ་ཡིན། སློབ་དཔོན་གྱིས་མའོ་ཀྲུའུ་ཞི་དང་ཏང་ཀྲུང་དབྱང་གིས་ཏཱ་ལའི་བླ་མར་འཛིན་པའི་རྣམ་འགྱུར་ལ་དོ་སྣང་ཆེན་པོ་བྱས་སོང་། མའོ་ཀྲུའུ་ཞིའི་མཛུབ་སྟོན་དང་གསུང་བཤད་འདི་དག་ལས། ང་ཚོས་གསལ་བོར་ཤེས་ཐུབ་པ་ཞིག་ནི། ༧ཏཱ་ལའི་བླ་མའི་གནད་དོན་གྱི་ཐད་ལ། མའོ་ཀྲུའུ་ཞིས་ཐོག་མཐའ་བར་གསུམ་དུ་སྒོ་བརྒྱབ་མེད་པ་དང་། སྐད་ཆའང་རྦད་དེ་བཤད་མཚམས་བཞག་མེད་ལ། རེ་ཐག་ཀྱང་རྦད་དེ་མ་ཆད་པར་བསམ་བློ་གཏོང་ས་ཡོད་པའི་ཁོར་ཡུག་ཅིག་ད་དུང་བཞག་འདུག་སྙམ། གནས་སྟངས་འདི་ལས། བསམ་བློ་རབ་ཏུ་སྨིན་པའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་བ་ཞིག་གི་རྩ་དོན་གྱི་ལངས་ཕྱོགས་དང་། སྤྱང་གྲུང་ལྡན་པའི་ཐབས་ཇུས་ཀྱི་རང་བཞིན་མངོན་པར་མཚོན་ཡོད།
༧ཏཱ་ལའི་བླ་མ་ཕྱི་རྒྱལ་དུ་ཕེབས་ཚར་ཡང་། མའོ་ཀྲུའུ་ཞིས་ཁོང་ལ་ཐུགས་ཁྲལ་གནང་གིན་ཡོད་པ་མ་ཟད། ཁོང་ལ་འགྲོ་འོང་གི་ཁོར་ཡུག་ཅིག་བསྐྲུན་ཏེ་རེ་བ་བཟུང་ཡོད། ཁོང་ཉིད་རང་གི་མེས་རྒྱལ་དང་། རང་ཉིད་འཚར་ལོངས་བྱུང་སའི་ཕ་ཡུལ་ཏུ་ལོག་ཐུབ་པའི་རེ་བ་ཡོད། ཁོང་ལོ་ངོ་ང་དགུ་ཡི་རྗེས་སུ་མ་ཕེབས་ཀྱང་། ལོ་ངོ་དྲུག་ཅུ་ཡི་རྗེས་ཕྱིར་ཕེབས་སྲིད།
ཆེས་མཐོའི་རྒྱལ་སྲིད་གྲོས་ཚོགས་ནི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་གཏན་འབེབས་བྱེད་སའི་ཆེས་མཐོ་བའི་ཇུས་འགོད་མ་ལག་ཡིན། ༡༩༥༩ ལོའི་ཟླ ༤ བའི་ཚེས་༡༨ ཉིན། མའོ་ཀྲུའུ་ཞི་ཡི་དབུ་ཁྲིད་འོག སྐབས་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་དེ་ཀྲུང་ནན་ཧེ་ཧོས་རིན་ཐང་དུ་ཚོགས། དགའ་ཞིང་གུས་པའི་ཀྲུའུ་ཨེན་ལི་ཙུང་ལི་ཡི་སྲིད་གཞུང་གི་སྙན་སྒྲོན་ནང་། མའོ་ཀྲུའུ་ཞི་ཡི་གསུང་བཤད་ཀྱི་སྙིང་པོ་བརྒྱུད་བསྒྲགས་བྱས་པ་དང་། ཚོགས་འདུའི་ཐོག་ད་དུང་། བོད་ལྗོངས་ཀྱི་གནད་དོན་སྐོར་གྱི་གྲོས་དོན་ལ་གྲོས་ཆོད་བཞག འདི་ནི་བརྗིད་ཉམས་ལྡན་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་དང་། ད་ལྟའི་བར་དུ་བོད་ལྗོངས་ཀྱི་གནད་དོན་ཐད་ལ་བཞག་པའི་གྲོས་ཆོད་གཅིག་པུ་དེ་ཡིན། འདི་ལ་ཁྲིམས་ཀྱི་འགན་སྲུང་ཡོད།
༡༩༥༩ ལོའི་ཟླ ༤ བའི་ནང་། སློབ་དཔོན་ཤེས་རབ་རྒྱ་མཚོ་ལགས་ཀྱིས་ཧོས་རན་ཐང་གི་ཚོགས་ཆེན་ཐོག་གསུང་བཤད་གནང་། དེའི་ཉིན་གྱི་ལོ་ཙཱ་བ་ནི་བློ་མཐུན་ཐུབ་དབང་ཡིན། སློབ་དཔོན་ཤེས་རབ་རྒྱ་མཚོ་ལགས་ཀྱིས། ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞི་ཡིས་༧ཏཱ་ལའི་བླ་མ་དང་བོད་ལྗོངས་ཀྱི་མཐོ་རིམ་ལོག་སྤྱོད་ཤོག་ཁག་བར་ལ། དབྱེ་བ་གསལ་བོར་འབྱེད་པར་བསྔགས་བརྗོད་བྱས་པ་དང་། ༧ཏཱ་ལའི་བླ་མས། མའོ་ཀྲུའུ་ཞི་དང་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་དུ་བླངས་ཤིང་། ངོ་ལོག་པའི་འཆིང་རྒྱ་ལས་ཐར་ཏེ་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ཡོང་དགོས་པའི་བརྩེ་སེམས་འཁོལ་བའི་གཏམ་བཤད་སྤེལ།
མའོ་ཀྲུའུ་ཞི་ཡི་ངོ་མཚར་ཅན་མི་ཚེ་ཡི་ཁྲོད་དུ་དང་། ཨང་གྲངས་མང་པོ་ཞིག་དང་འབྲེལ་བ་ཆགས་ཡོད། དེ་ནི་ཁོང་གི་མི་ཚེ་ནང་གི་ཨང་གྲངས ༩ གསུམ་ཅན་ཞེས་པ་དེ་ཡིན། ༨་༣་༤་༡ དང་། བོད་ལྗོངས་གནད་དོན་ཐོག་ད་དུང་༥༩་་་་༦༠ ཡོད། འདི་དག་ཚང་མ མའོ་ཀྲུའུ་ཞི་ཡི་ཚོད་དཔག་ཐིག་པོའི་གྲངས་ཀ་ཞིག་མ་རེད་དམ། ཡང་ན་འདི་ནི་མའོ་ཀྲུའུ་ཞི་ཡི་རླབས་ཆེན་གྱི་མ་འོངས་ལུང་བསྟན་ཞིག་ཀྱང་ཡིན་སྲིད།
བདག་གིས་རང་ཉིད་དངོས་གཙོ་རིང་ལུགས་པ་རྣམ་དག་ཅིག་ཡིན་པར་མི་འདོད་མོད། རང་ཉིད་ནི་ཏང་གི་སློབ་གསོའི་འོག་འཚར་ལོངས་བྱུང་ཞིང་། མི་དམངས་བཅིངས་འགྲོལ་དམག་གི་གསར་བརྗེ་ཡི་བཞུ་ཐབ་ནས་སྦྱོར་བརྡར་ཐོབ་པའི་མི་ཞིག་ཡིན་པར་འདོད་པ་ལས། སྤར་ཁ་ལ་སོགས་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་ཀྱི་རིགས་ལ་ཡིད་ཆེས་མེད།
ཡིན་ནའང་། ༥༩་་༦༠ ནི་གཅིག་བྱས་ན་ལོ་རྒྱུས་ཀྱི་ཁ་ཕྱོགས་དཀྱོག་མཚམས་གལ་ཆེན་ཞིག་ཡིན་རྒྱུ་རེད། རང་ཉིད་མའོ་ཀྲུའུ་ཞི་ཡི་དམག་མི་ཞིག་དང་། མི་དམངས་ཀྱི་དམག་མི་ཞིག་ཡིན་པའི་ཆ་ནས། མའོ་ཀྲུའུ་ཞི་ལ་ཡིད་ཆེས་ཡོད། བགྲེས་སོང་ཁོང་གིས ༡༩༥༩ ལོའི་ཟླ ༤ བའི་ཚེས ༡༥ ཉིད་བཤད་པའི་སྐད་ཆ་བདག་གིས་ལོ་ངོ་ ༥༩ རིང་སེམས་སུ་ཉར་ཡོད། སྐབས་དེར་ང་རང་ལོ་ ༢༡ ཡིན། ད་ལྟ་ང་རང་ལོ་ན ༨༠ ལ་སླེབས་ཡོད། སྙིང་རྗེ་མེད་པའི་ལོ་ཟླའི་ཁྲོད་ང་རང་རྒས་སོང་། གཞོན་དར་མ་ནས་རྒན་མགོ་དཀར་དང་། སྐབས་དེ་དུས་ཀྱི་ལོ་ཆུང་གཞོན་ནུ། བསམ་རྒྱ་ཆེ་ཞིང་བློ་རིག་རྒོད་པའི་བདག། དེང་སང་མགོ་ཡི་སྐྲ་ལོ་དཀར་ཞིང་། ལོ་ཡིས་ན་ཚོད་ཐུབ་ནས་ཡོད། རེད་དེ། ངའི་ཐོག་མའི་བསམ་འདུན་དེ་ལ་ད་དུང་འགྱུར་བ་ཕྱིན་མེད་ལ། དེ་ནི་འགྱུར་བ་མེད་པའི་སྲ་བརྟན་དང་། ནོར་བ་མེད་པའི་ཡིད་ཆེས་ཀྱི་བསམ་ཚུལ་ཞིག་ཡིན། བསམ་ཚུལ་དེ་ངས་མུ་མཐུད་དེ་རྒྱུན་འཁྱོངས་བྱེད་གིན་ཡིན། ང་རང་མའོ་ཀྲུའུ་ཞི་ལ་དགའ་གུས་ཡོད་ལ་ཁོང་ལ་ཡིད་ཆེས་ཀྱང་ཡོད། མའོ་ཀྲུའུ་ཞི་ཡི་སློབ་སྟོན་ངས་ནམ་ཡང་ཡིད་ལ་འཛིན་ངེས་ཡིན།
བདག་གི་ཡིད་ཆེས་ཀྱི་བསམ་པ་དང་རྒྱུན་འཁྱོངས་ཀྱི་བསམ་བློ་འདི་ནི་རྨོངས་ཚོད་ཅིག་མིན་པར། འདི་ནི་རིག་པ་གསལ་བོ་དང་། གཡོ་འགུལ་མེད་པ། རང་གི་ཤེས་ཚོར་རང་ལས་བྱུང་བ་ཞིག་ཡིན། བདག་གིས་མར་ལེ་དང་། མའོ་ཀྲུའུ་ཞིའི་གསུང་རྩོམ། ཏང་དང་རྒྱལ་ཁབ་ཀྱི་གལ་ཆེའི་ཡིག་ཆ་དག་ལོ་ཙཱ་དང་སློབ་སྦྱོང་བྱས་མྱོང་། ཀྲུང་གོའི་གསར་བརྗེ་ལོ་རྒྱུས་དང་། ཏང་གི་ལོ་རྒྱུས། དམག་གི་ལོ་རྒྱུས། ཀྲུང་གོ་གསར་བ་འཁྲུངས་པའི་ལོ་རྒྱུས་བཅས་ལ་སློབ་སྦྱོང་བྱས་པ་མ་ཟད། བོད་ཀྱི་ཆབ་སྲིད་དང་། ལོ་རྒྱུས། རིག་གནས་ལོ་རྒྱུས། ཆོས་ལུགས་བཅས་ལའང་སློབ་སྦྱོང་བྱས་པ་ཡིན། ང་ལ་ངོས་འཛིན་གཏིང་ཟབ་མོ་ཞིག་ཐོབ་པ་ནི། མའོ་ཙེ་ཏུང་། ཀྲུའུ་ཨེན་ལེ། ལུག་ཧྲའོ་ཆི། ཀྲུའུ་ཏེ་སོགས་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་རྒན་རབས་པ་ཚོའི་ལོ་རྒྱུས་ཀྱི་གོ་གནས་ལ་བློ་ཁ་སྒྱུར་མི་ཐུབ་པ་དེ་ཡིན།
མའོ་ཙེ་ཏུང་། ཀྲུའུ་ཨེན་ལེ། ལུག་ཧྲའོ་ཆི། ཀྲུའུ་ཏེ་རྣམས་ནི་རླབས་ཆེན་དང་། ཕུལ་བྱུང་གི་དབུ་ཁྲིད་མི་སྣ་རྐྱང་རྐྱང་ཡིན། ཁོང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་ལས། ལྷ་མ་རེད། རྒྱུན་རིང་བའི་གསར་བརྗེ་དང་འཛུགས་སྐྲུན་གྱི་གཞུང་ལམ་སྟེང་། ཁོང་ཚོར་འདི་དང་འདི་ལྟ་བུའི་ནོར་འཁྲུལ་དང་སྐྱོན་ཆ་བྱུང་ཡོད་ཀྱི་རེད། འོན་ཀྱང་། ཀྲུང་གོའི་གསར་བརྗེ་དང་། བོད་ལྗོངས་ཀྱི་བྱ་བའི་ཁྲིད་སྟོན་གྱི་ཆབ་སྲིད་ཀྱི་རྩ་བའི་ཁ་ཕྱོགས། ཆབ་སྲིད་ཀྱི་ལམ་ལུགས། ཆབ་སྲིད་ཀྱི་ཐབས་ལམ་གྱི་ཁ་ཕྱོགས་བཅས་སུ་གལ་གནད་ཆེ་བ་དང་། མགོ་རྟིང་སློག་པའི་ནོར་འཁྲུལ་དེ་འདྲ་བྱུང་མྱོང་ཡོད་པ་མ་རེད།
༡༩༥༡ ལོ་ནས་བཟུང་ཀྲུང་དབྱང་དང་བོད་ལྗོངས་ས་གནས་སྲིད་གཞུང་གཉིས་ཀྱིས་མཛའ་མཐུན་གྱི་གྲོས་བསྡུར་དང་། ཞི་བའི་གྲོས་མོལ་བརྒྱུད། བོད་ལྗོངས་ཞི་བའི་བཅིངས་འགྲོལ་གཏོང་བའི་བྱེད་ཐབས་གྲོས་མཐུན་ཆིངས་ཡིག་བཞག་པ་ནས། ༡༩༥༩ ལོའི ༣་༡༠ ལོའི་དོན་རྐྱེན་བྱུང་བའི་བར་ལ། ཏང་ཀྲུང་དབྱང་དང་། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་ལྗོངས་ཀྱི་བྱ་བའི་རྩ་བའི་བྱེད་ཕྱོགས་ནི་ཡང་དག་པ་ཞིག་ཡིན།
བྱེ་བྲག་གིས་ཏཱ་ལའི་བླ་མའི་གནད་དོན་སྐོར་ལ་ལྟ་སྟངས་ཇི་འདྲ་ཞིག་འཛིན་རྒྱུ་ནི། ཏཱ་ལའི་བླ་མ་ཕྱི་རྒྱལ་དུ་ཕེབས་པ་ནས་བཟུང་། མའོ་ཙེ་ཏུང་དང་། ཀྲུའུ་ཨེན་ལེ། ལུག་ཧྲའོ་ཆི། ཀྲུའུ་ཏེ་སོགས་རླབས་ཆེན་གྱི་མི་སྣ་འདི་དག་གཅིག་འཕྲོ་གཅིག་ལ་ཚེ་ལས་འདས་ཟིན་པ་རེད། རང་ཉིད་ཡིན་ནའང་པེ་ཅིན་ཏུ་མུ་མཐུད་ལོ་ཙཱ་བའི་བྱ་བ་ལས་ནས་བསྡད། ལས་ཀའི་འབྲེལ་བའི་རྐྱེན་པས་རླབས་ཆེན་གྱི་མི་སྣ་འདི་དག་དང་ཐག་ཉེ་ས་ནས་འབྲེལ་འདྲིས་བྱས་མྱོང་། ཁོང་ཚོ་མི་སྣ་བཞི་བོའི་ནང་ནས་མི་སུ་གཅིག་གིས་ཀྱང་། ཏཱ་ལའི་བླ་མ་ཕྱིར་རང་གི་མེས་རྒྱལ་དུ་ལོག་ཆོག་གི་མ་རེད། ༧ཏཱ་ལའི་བླ་མ་ཕྱིར་ཁོང་གི་ཕ་གཞིས་སུ་ཕེབས་ཆོག་གི་མ་རེད་ཅེས་བཤད་པ་ཞིག་ངས་གོ་མ་མྱོང་ལ། ༧ཏཱ་ལའི་བླ་མ་ཕྱི་རྒྱལ་ནས་དགོངས་པ་རྫོགས་པར་གྱིས་ཤིག་ཅེས་པའི་སྐད་ཆ་བཤད་པ་ཞིག་ཀྱང་ངས་གོ་མ་མྱོང་།
དེའི་ཕྱིར། མའོ་ཙེ་ཏུང་དང་། ཁོང་གི་འཐབ་གྲོགས་ཀྲུའུ་ཨེན་ལེ། ལུག་ཧྲའོ་ཆི། ཀྲུའུ་ཏེ་བཅས་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་རྒན་རབས་པ་འདི་ཚོས། མི་ཚེའི་སྔོན་མ་ནས་གཏན་ལ་ཕབས་པའི་རྒྱལ་ནང་གི་མི་རིགས་གནད་དོན་སྐོར་དང་། བོད་ལྗོངས་ཀྱི་གནད་དོན་སྐོར། ༧ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་དང་། ༧པཎ་ཆེན་སྐུ་ཕྲེང་བཅུ་བ། སློབ་དཔོན་ཤེས་རབ་རྒྱ་མཚོ་བཅས་ཀྱི་གནད་དོན་གྱི་སྐོར་ལ་འཛིན་པའི་ལྟ་སྟངས་དང་། བྱེད་ཐབས། སྲིད་ཇུས། རྩ་བའི་རྩ་དོན་བཅས་ནི་ཆེས་ཡང་དག་པ་ཞིག་ཡིན་པ་ང་ལ་བློ་བརྟན་འགྱུར་མེད་ཀྱི་ཡིད་ཆེས་ཡོད།མའོ་ཀྲུའུ་ཞི་ཡི་སློབ་སྟོན་ནི་བདག་གི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། བསམ་བློའི་དད་འདུན། འགྲོ་སྐྱོད་ཀྱི་ཚད་གཞི། བདེན་མིན་དབྱེ་འབྱེད་བྱེད་སྤྱད། བསམ་བློའི་སྟོབས་ཤུགས་ཀྱི་ཀ་བ་བཅས་སུ་གྲུབ་ཡོད། ལོ་ངོ ༥༩ ནི། མི་ཞིག་གི་མི་ཚེ་གཅིག་ལ་མཚོན་ན་ཧ་ཅང་རིང་བའི་ལོ་ཟླ་ཞིག་ཡིན། མི་ཞིག་གི་མི་ཚེ་གཅིག་གི་ནང་ལོ་ངོ ༥༩ ཅན་གཅིག་མ་གཏོགས་འབྱུང་མི་སྲིད། ༡༩༥༡ ལོའི་ཟླ ༥ བའི་ནང་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་ནས། མི་དམངས་བཅིངས་འགྲོལ་དམག་བོད་ལྗོངས་སུ་འཛུལ་བ་དང་། བོད་ལྗོངས་བཅིངས་གྲོལ་བཏང་བའི་བར། ༡༩༥༩ ལོའི་ཟླ་བ ༣ པའི་ནང་༧ཏཱ་ལའི་བླ་མ་ཕྱི་རྒྱལ་དུ་ཕེབས་པ། ཀྲུང་གུང་བོད་ལྗོངས་གུང་ཨུ་དང་། བོད་ལྗོངས་དམག་ཁུལ། ཀྲུང་དབྱང་འཐབ་ཕྱོག་གཅིག་གྱུར་པུའུ་བཅས་ནས་ཏཱ་ལའི་བླ་མར་སྔ་གཞུག་ཏུ་ལོ་ཙཱ་བ་བློ་མཐུན་དྲུག་མངགས་ཡོད་པ་དང་། དེའི་ནང་དུ་བོད་རིགས་བཞི་དང་རྒྱ་རིགས་གཉིས་ཡོད་པ་རེད། ད་ལྟ་ལོ་ངོ་ ༦༠ ལྷག་འགྲོ་ཚར་སོང་། ལོ་ཙཱ་བ་བློ་མཐུན་མི་ལྔ་བོ་སྔ་རྗེས་སུ་ཚེ་ལས་འདས་སོང་། ཤུལ་དུ་ལུས་བ་ནི་ང་གཅིག་པུ་ཡིན།
ང་ཚོ་ཚང་མ་གུང་ཁྲན་ཏང་གིས་ཏཱ་ལའི་བླ་མ་ལ་ལོ་ཙཱ་དང་། དེ་གར་ལས་ཀ་བྱེད་དུ་མངགས་པ་ཡིན། ཡིན་ནའང་། ང་ཚོ་༧ཏཱ་ལའི་བླ་མའི་སྒེར་གྱི་འཁྲིས་སུ་སྡོད་པའི་ལས་བྱེད་པ་མིན་ལ། དེ་སྔའི་བོད་ས་གནས་སྲིད་གཞུང་གི་བཀའ་ཤག་གི་ལས་བྱེད་པ་ནི་དེ་བས་ཀྱང་མིན། ང་ཚོ་ནི་ལྷག་བསམ་ཟོལ་མེད་དང་། གཞུང་དྲང་བའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མི་རྐྱང་རྐྱང་ཡིན། སྐབས་དེ་དུས་ཏང་གི་ཆེས་ཡིད་ཆེས་བྱེད་ས་དང་། བློ་འཁེལ་ས། ལས་ཀའི་ནུས་སྟོབས་ངེས་ཅན་ཡོད་མཁན། རྒྱ་བོད་གཉིས་ལས་གྲུབ་པའི་ཕུལ་བྱུང་ལས་བྱེད་པ་ཤ་སྟག་ཡིན་ལ། མདུན་ལམ་རྒྱ་ཆེར་གསོ་སྐྱོང་བྱས་པའི་ལས་བྱེད་མི་སྣའང་ཡིན། ང་ཚོའི་མདུན་ལམ་འོད་གསལ་ལམ་མེར་འཆར་ཡོད།
ཀྲུང་གོ་གསར་བ་དབུ་བརྙེས་བའི་ལོ་རབས་༥༠ པའི་འགོ་ནི། མེ་ལྟར་འབར་བའི་ལོ་རབས་དང་། རེ་བས་ཁེངས་པའི་ལོ་རབས། དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་ལོ་རབས་ཤིག་ཡིན་ལ། རླབས་ཆེན་གྱི་ཏང་དང་། རླབས་ཆེན་གྱི་མི་དམངས། རླབས་ཆེན་གྱི་དམག་དཔུང་། རླབས་ཆེན་གྱི་དུས་རབས་བཅས་ཀྱང་ཡིན།
༡༩༥༥ ལོའི་ཟླ ༥ པར། མའོ་ཀྲུའུ་ཞི་དང་ཏང་ཀྲུང་དབྱང་གི་བཀའ་མངགས་ལྟར། ཀྲུའུ་ཨེན་ལེ་དང་། ཙུང་ལི་གཞོན་པ་ཁྲིན་ཡི་རྣམ་གཉིས་ཆེད་མངགས་ཁྲིན་ཏུའུ་ལ་འབྱོར་ནས་ཏཱ་ལའི་བླ་མ་ཨུ་ཡོན་ཀྲང་གཞོན་པར་ཕེབས་སྐྱེལ་ཞུ། བོད་ཀྱི་ལས་དོན་སྐོར་ལ་གལ་ཆེའི་བཀའ་སློབ་དང་། ༧ཏཱ་ལའི་བླ་མ་ཨུ་ཡོན་ཀྲང་ལ་མཛའ་བརྩེའི་ཐུགས་ཁུར་མཛད་ཡོད་པ་རེད། ཉིན་དེའི་ལོ་ཙཱ་བ་ནི་ཐུབ་དབང་དང་ངེད་གཉིས་ཡིན། བདག་གིས་གུས་ཤིང་བརྩེ་བའི་ཀྲུའུ་ཙུང་ལི་དང་། ཙུང་ལི་གཞོན་པ་ཁྲིན་ཡི་རྣམ་གཉིས་ལ་ལོ་ཙཱ་བྱེད་སྐབས་ང་རང་ལོ་ན་༡༧ ཡིན། ལོ ༡༧ ཐོག རྒྱལ་ཁབ་འཛུགས་མཁན་གྱི་ཙུང་ལི་དང་། རྒྱལ་ཁབ་འཛུགས་མཁན་དམག་སྤྱི་ཆེན་མོ་ལ་སྐད་སྒྱུར་བྱེད་མཁན། བོད་མི་ས་ཡ་ཁ་ཤས་ཀྱི་ནང་ང་གཅིག་པུ་མ་གཏོགས་བྱུང་མེད། སྤུན་ཟླ་མི་རིགས ༥༦ ཁྲོད་དུའང་འདི་འདྲ་མང་པོ་བྱུང་ཡོད་ཀྱི་མ་རེད། གཅིག་བྱས་ན་ཡོད་ཀྱང་སྲིད།
རྗེས་སུ། ཆབ་སྲིད་ཀྱི་གནས་སྟངས་ལ་འགྱུར་བ་ཕྱིན་ཏེ། ང་ཚོའི་ལས་དབང་སྡུག་ཏུ་ཕྱིན། དེ་སྔོན་ལ་ཆེས་ཡིད་ཆེས་བྱེད་ས་དང་། བློ་འཁེལ་ས། མདུན་ལམ་ཆེས་ཆེར་གསོ་སྐྱོང་བྱས་པའི་བཅིངས་འགྲོལ་དམག་མི་ང་རང་ཚོ། བར་སྐབས་ཤིག་ནས་ཡིད་ཆེས་རྦད་དེ་མེད་ས་ཞིག་དང་། བློ་རྩ་བ་ནས་འཁེལ་ས་མེད་པའི་མི་ཞིག་ཏུ་གྱུར་ཏེ། རྫོགས་རྒྱུ་མེད་པའི་ཞིབ་བཤེར་དང་། རྟོག་ཞིབ། ཐེར་འདོན། རྩིས་འབུལ། སྐྱོན་བརྗོད་བཅས་བྱས་ཏེ། མུ་མཐའ་མེད་པའི་ལོ་ཟླ་རིང་མོའི་རྗེས་སུ། ང་ཚོ་བློ་མཐུན་དྲུག་ཡོད་པའི་ནང་ལྔ་ང་ཚོ་དང་གཏན་ཏུ་བྲལ་སོང་།
ང་ནི་སྟབས་ལེགས་ནས་སྲོག་ཉེན་ལས་ཐར་བའི་མི་ཞིག་དང་། བསོད་བདེ་ཆེན་པོའི་མི་ཞིག་ཏུ་གྱུར། ང་དང་རྒྱུས་མངའ་ཡོད་པའི་གྲོགས་པོ་ཚོས། ང་དེ་རིང་བར་འཚོ་གནས་ཐུབ་པ་ནི་དོན་དག་ངོ་མཚར་ཅན་ཞིག་རེད་ཅེས་བརྗོད་བཞིན་ཡོད། ལོ་རྒྱུས་ཀྱི་རྦ་རླབས་འུར་འུར་འཕྱུར་བའི་སྐབས་དང་། འདམ་རྙོག་དཀྲུག་པའི་སྐབས། བྱེ་སྲེག་གི་རླབས་དགུང་ལ་འཕྱོ་བའི་སྐབས། ཡང་ན་བྱེ་འདམ་མཉམ་བསྲེས་བྱེད་པའི་སྐབས་སུ། འབུ་དང་ཉ་སྲིན་གང་ཡིན་ཡང་། གཡང་ཊི་དང་རྡོ་གཉིས་མཉམ་རྡོར་བྱེད་བཞིན་ཡོད་པས། མི་སྒེར་གྱི་སྟོབས་ཤུགས་ནི་ཆེས་ཆུང་ཆུང་ཞིག་ཡིན་འདུག ཁེར་རྐྱང་གི་ཚེ་སྲོག་ནི་ཆེས་ཉམ་ཆུང་ཞིག་རེད་འདུག ང་ཚོ་ནི་དངོས་ནས་སེམས་ཅན་ཆུང་ཆུང་གྲོག་མ་དང་། སྦྲང་མ་ནང་བཞིན་རྩ་བ་ནས་ཅི་ཡང་མི་འཇོན་པ་ཞིག་རེད་འདུག།
དེ་ལྟ་བའི་ཛ་དྲག་གི་སྐབས་དེར། རང་ཉིད་ཀྱིས་ཆེས་སྒྲུབ་ཐུབ་པ་ཞིག་ཡོད་པ་ནི། བྱེ་སྲེག་གི་རླབས་ཀྱིས་ནུབ་པར་མ་འཐིམ་པར། རང་ཉིད་ལ་སྲུང་སྐྱོབ་གང་ཐུབ་དང་། རང་གི་རང་བྱུང་གི་ཚེ་སྲོག་དང་ཆབ་སྲིད་ཀྱི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན། ལུའུ་ཞུན་གྱིས་བཤད་པ་ལྟར། དང་པོ་དེ་འཚོ་གནས་བྱེད་དགོས། གཉིས་པ་དེ་འཕེལ་རྒྱས་གཏོང་དགོས། འཚོ་གནས་བྱེད་ཐུབ་སོང་ན། ད་གཟོད་འཕེལ་རྒྱས་ཀྱི་རྨང་གཞི་དང་ཆ་རྐྱེན་སྐྲུན་ཐུབ། གསོན་པོར་གནས་སོང་ན། སྐད་ཆ་བཤད་པའི་གོ་སྐབས་དང་། དངོས་ཡོད་ཀྱི་གནས་སྟངས་སྒྲོག་ཐུབ་ཅེས་བཤད་མྱོང་ཡོད།
རེད་དེ། རང་ཉིད་ལ་སྲུང་སྐྱོབ་ཡག་པོ་བྱེད་པ་ལའང་ཆ་རྐྱེན་དགོས། ཆེས་དམའ་བའི་ཆ་རྐྱེན་ཡིན་ནའང་། དང་པོ་རང་གིས་རང་ལ་རྡོག་བརྫི་གཏོང་མི་ཉན། གཉིས་པ་གཞན་ལ་ནག་མེད་ཉེས་འགེལ་བྱེད་མི་ཉན། རང་ཉིད་དང་། གཞན་སུ་ཡིན་ནའང་དངོས་ཐོག་བདེན་འཚོལ་གྱིས་བྱ་བ་སྒྲུབ་དགོས། དངོས་ཐོག་བདེན་འཚོལ་ནི་གུང་ཁྲན་ཏང་དང་། མའོ་ཀྲུའ་ཞི་ཡིས་ང་ཚོའི་ཏང་ལ་དམིགས་འཛུགས་བྱས་པའི་ཆབ་སྲིད་ཀྱི་ལམ་ཕྱོགས་དང་བསམ་བློའི་ལམ་ཕྱོགས་ཡིན་ལ། འགྲོ་བ་མི་ཞིག་བྱེད་དགོས་པའི་རྩ་བའི་ཚད་འཛིན་སའང་ཡིན།
ང་ནི་མི་སྤྱང་བོ་ཞིག་མིན་ལ། འཇོན་ཐང་ཅན་གྱི་མི་ཞིག་དེ་བས་ཀྱང་མིན། ཡིན་ན་ཡང་། ང་ནི་རང་གིས་རང་ལ་ཡིད་ཆེས་བྱེད་མཁན་གྱི་མི་ཞིག་ཡིན་པ་ལས་རིག་པ་རྟུལ་བོ་དང་། ཀླད་པ་སྐྱོན་ཅན་གྱི་མི་ཞིག་ཡིན་པར་དེ་བས་ཀྱང་མི་བསམ། ངས་གསལ་བོར་ཧ་གོ་བ་ཞིག་ལ། ཆབ་སྲིད་ཀྱི་འཐབ་འཛིང་ནི་གདུག་རྩུབ་ཅན་ཞིག་ཡིན་པ་དང་། ཆབ་སྲིད་ཀྱི་གནས་བབ་དང་ཆབ་སྲིད་ཀྱི་ཁོར་ཡུག་ནང་། སྐབས་སྐབས་སུ་ཧ་ཅང་ཉེན་ཁ་ཆེ་ལ། མི་ཁག་ཅིག་གིས་ད་དུང་མ་ཉེས་ཁག་གཡོགས་དང་མངོན་དང་ལྐོག་གི་ཚིག་མཚོན་འདེབས་རྐྱང་བྱེད།
ང་ཚོའི་རྒྱལ་ཁབ་དང་། ང་ཚོའི་ཏང་ནང་དུ། མའོ་ཀྲུའུ་ཞི་ཡི་དར་ཆ་བསྒྲེངས་ཏེ། མའོ་ཀྲུའུ་ཞི་ཡི་སློབ་སྟོན་ལ་རྒྱབ་འགལ་བྱེད་ཅིང། སྐད་གསེང་མཐོན་པོས་མའོ་ཀྲུའུ་ཞི་ཁྲི་ལོར་བརྟན་པར་ཤོག་ཅེས་བརྗོད་ཞོར་དུ། མའོ་ཀྲུའུ་ཞི་ཡི་སློབ་སྟོན་ལག་ལེན་མི་བསྟར་བར། དེ་ལས་ལྡོག་ཏེ་མའོ་ཀྲུའུ་ཞི་ཡི་སློབ་སྟོན་ལ་རྡོག་རོལ་དང་མ་ཉེས་ཁག་གཡོགས་བྱེད་པ་ཡིན། རེད་དེ་མའོ་ཀྲུའུ་ཞི་ཡི་སྐད་ཆར་ཉན་པ་དང་། མའོ་ཀྲུའུ་ཞི་ཡི་སློབ་སྟོན་ལྟར་ལས་དོན་སྒྲུབ་མཁན་མི་མི་ཉུང་བ་ཞིག་ཡོད།
ང་རང་ལ་མཚོན་ན་བགྲེས་པོ་མའོ་ཀྲུའུ་ཞི་ཡི་བོད་ཀྱི་ལས་དོན་སྐོར་ལ་ཡིད་ཆེས་བརྟན་པོ་ཡོད། ལྷག་པར་དུ་༧ཏཱ་ལའི་བླ་མ་དང་། ༧པཎ་ཆེན། སློབ་དཔོན་ཤེས་རབ་རྒྱ་མཚོ་རྣམ་གྱི་སློབ་སྟོན་ལ་ཁོང་གིས་དཀའ་ལས་བརྒྱབ་ཡོད། དངོས་གནས་བཤད་ན། ༥༩ ལོ་ནས་བཟུང་། ངས་ཀྱང་དཀའ་ལས་མི་ཉུང་བ་ཞིག་མྱངས་དགོས་བྱུང་། ང་ལ་ཐོབ་དགོས་བའི་དངོས་པོ་མང་པོ་ཞིག་ཐོབ་མ་སོང་། སྐབས་དེ་དུས། བདག་ལ་དྲང་བདེན་མིན་པའི་ཐོབ་ཐང་མང་པོ་མང་པོ་ཞིག་འཕྲད་མྱོང་། བྱེད་མི་འོས་པའི་མནར་གཅོད་མང་པོ་མང་པོ་ཞིག་བཏང་མྱོང་ཡོད།
ང་ཚོ་ལྟ་བུའི་སྤྱིར་བཏང་གི་མི་ཚོས་ཡིད་ཆེས་བྱེད་མི་ཐུབ་པ་དང་། དང་ལེན་བྱེད་མི་ཐུབ་པ། ཤི་ཡང་མིག་བཙུམ་མི་ཐུབ་པའི་གནད་དོན་ཞིག་ད་དུང་ལྷག་ཡོད་པ་ནི། རིག་གནས་གསར་བརྗེ་མཇུག་སྒྲིལ་ཞིང་། ཏང་ཀྲུང་དབྱང་གིས་ཁ་གསལ་བོའི་སྒོ་ནས་གྲལ་རིམ་འཐབ་རྩོད་གཙོ་བོར་འཛིན་པའི་ལམ་ཕྱོགས་སྤོང་བ། ཁ་ཕྱོགས་ཀྱི་འགྱུར་བ་ཆེན་པོ་མངོན་འགྱུར་དང་། བསྒྱུར་བཅོས་དང་སྒོ་འབྱེད་པ་འགོ་འཚུགས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཏུ་རྒྱང་བསྐྱོད་བྱས་ཏེ། བདེ་སྐྱིད་ཕུན་སུམ་ཚོགས་པ་འཛུགས་བསྐྲུན། འཆམ་མཐུན་དང་བརྟན་བརླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས། ཀྲུང་གོ་གསར་བའི་ལོ་རབས་བཅས་ཁྱབ་བསྒྲགས་བྱེད་བཞིན་ཡོད་ནའང་། མི་ཁ་ཤས་ཤིག་གིས་དེ་ལོག་ལྡོག་སྟེ་ད་དུང་གང་ཐུབ་ཅི་ཐུབ་ཀྱིས་ང་ཚོ་ལྟ་བུའི་མི་ལ་དམའ་འབེབས། ཚུར་རྒོལ་དང་མནར་གཅོད་བཏང་། དེ་རིང་ལངས་ཕྱོགས་ཀྱི་གནད་དོན་ལ་སྐྱོན་བརྗོད་བྱས། སང་ཉིན་རྣམ་འགྱུར་ལ་གནད་དོན་ཡོད་པར་བཤད་དེ་གཤེ་གཤེ་གཏོང་། དེ་རིང་ཁ་བརྡ། སང་ཉིན་སློབ་གསོ། རྫོགས་རྒྱུ་མེད་པའི་རྙོག་དྲ་ད་དུང་འབྱུང་བཞིན་ཡོད་པ་དེ་དག་རེད།
སྐབས་སྐབས་སུ་མི་ཁ་ཤས་ཀྱིས། རང་འདོད་ཁོ་ན་དང་ཁྲེལ་མེད་ཀྱི་དམིགས་ཡུལ། བསམ་ངན་བཅས་བཅིངས་ཏེ། ང་ཚོ་ལྟ་བུའི་མི་ལ་སྟོན་པའི་རྣམ་འགྱུར་ནི་ཆེས་གདུག་རྩུབ་ཆེ་བའི་གནས་ཡིན། ངས་གསལ་བོར་ཤེས་རྟོགས་བྱུང་བ་ཞིག་ནི། མི་དེ་དག་གི་བྱེད་སྟངས་དེ་དག མེས་རྒྱལ་གོང་བུར་གཅིག་གྱུར་ལ་སྲུང་སྐྱོབ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ལྷག་པར་དུ་རྒྱ་བོད་སྤུན་ཟླ་མི་རིགས་གཉིས་ཀྱི་སྲོལ་རྒྱུན་གྱི་མཛའ་བརྩེ་ལ་ཤུགས་སྣོན། ཁ་བྲལ་རིང་ལུགས་པའི་བྱ་འགུལ་ལ་ངོ་རྒོལ། བོད་ལྗོངས་དང་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་གཞན་གྱི་ཡར་ཐོན་དང་འཕེལ་རྒྱས། འཆམ་མཐུན་དང་བརྟན་བརླིང་། བོད་རིགས་མི་དམངས་ཀྱི་ཕུན་སུམ་ཚོགས་པའི་བདེ་སྐྱིད་སོགས་ལ་འབྲེལ་བ་གང་ཡང་ཡོད་པ་མ་རེད། དེང་གི་གཞོན་ནུ་ཚོས་རྒྱུན་ལྡན་གྱི་བཤད་ཚུལ་ལྟར་ན། མོ་ཙི་གཅིག་གི་འབྲེལ་བའང་མེད། ཁོང་ཚོའི་བྱེད་སྟངས་ཚང་མ་རང་ཁོ་ན་གཅེས་པར་འཛིན་པ་དང། མི་གཞན་ལ་མ་ཉེས་ཁག་གཡོགས་བྱེད་པ། རང་ཉིད་མཐོ་སར་སྐྱེལ་བ། མི་གཞན་གྱི་ཕྲག་འགོར་སྤོས་ཤིང་། ཐ་ན་མི་གཞན་གྱི་མགོ་བོའི་སྤྱི་གཙུག་ཏུ་འགོས་ནས་ད་དུང་ཡར་ལ་འཛེགས་བཞིན་ཡོད་པ་ཁོ་ན་ཡིན།
ང་ནི་འཇིག་རྟེན་ལས་ཁྱད་དུ་འཕགས་པའི་མིི་ཞིག་མིན་ལ། མི་ཡུལ་གྱི་དུ་བ་དང་མེ་ཡིས་མ་སྦགས་པའི་ཆོས་པ་རྣམ་དག་ཞིག་དང་། དབང་པོ་དྲུག་ལ་སྐྱོན་གྱིས་མ་གོས་ཞིང་། འཇིག་རྟེན་མི་ཡུལ་དང་རྒྱང་ཐག་རིང་བའི་དབེན་སར་གནས་བའི་མི་ཞིག་ཀྱང་མིན། རེད་དེ། ང་ནི་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཆེས་ཕལ་བ་ཞིག་དང་། བོད་རིགས་ཀྱི་རིག་གནས་ལས་བྱེད་པ་སྤྱིར་བཏང་བ་ཞིག་ཡིན།
དེང་སང་གི་སྤྱི་ཚོགས་ཐོག མཚན་སྙན་གྲགས་དང་། གོ་གནས། གོ་མིང་། བསྔགས་བརྗོད། སྒོར་མོ། ཁང་པ། རླངས་འཁོར། ཤོག་དངུལ་ལ་སོགས་པ་ཧ་ཅང་གལ་ཆེན་པོ་ཞིག་ཡིན་པ་ངས་གསལ་བོར་ཤེས་ཀྱིན་ཡོད། ཡིན་ནའང་། ངས་ད་དུང་གཅིག་ཤེས་པ་ནི། འཛམ་གླིང་འདིའི་ཐོག་མཚན་སྙན་གྲགས་དང་། གོ་གནས། གོ་མིང་། བསྔགས་བརྗོད། སྒོར་མོ། ཁང་པ། རླངས་འཁོར། ཤོག་དངུལ་ལ་སོགས་པ་ལས་ཀྱང་གལ་ཆེ་བའི་དོན་དག་ཅིག་ཡོད་པ་ནི། རྒྱལ་ཁབ་དང་མི་རིགས་ཀྱི་ཆེས་རིང་བའི་ཕུགས་འདུན་དང་། རྩ་བའི་ཁེ་ཕན་རེད། དེ་བཞིན་ཏུ་མི་ཞིག་ལ་ཆ་བཞག་ནས་བཤད་ན། མི་དེའི་སྐྱེས་ཐོབ་ཀྱི་ཤེས་རིག་དང་ལ་རྒྱ་ཡིན་ལ། མི་ཞིག་གི་སྐྱེས་ཐོབ་ཀྱི་ཤེས་རིག་དང་ལ་རྒྱ་ནི་མི་དེའི་ཚེ་སྲོག་ལས་ཀྱང་རྩ་ཆེ་བ་ཡིན།
ལོ་ངོ་ ༦༠ ཕྱིན་ཚར་སོང་། དེ་དུས་ཀྱི་བློ་མཐུན་དྲུག་པོའི་ནང་གི་ཆེས་གཞོན་པའི་འཇམ་དཔལ་རྒྱ་མཚོ་ང་ཡིན་ན་ད་ལྟ་རྒས་སོང་། བློ་མཐུན་འཇམ་དཔལ་དངོས་གནས་རྒས་ཐལ། ད་ཆ་ཁོང་གི་དབུ་སྐྲ་ཡོངས་སུ་དཀར་ཞིང་། གདོང་ཡོངས་ལ་རྒས་རྟགས་ཀྱིས་ཁེངས། རྒས་པའི་མིག་གཉིས་རབ་རིབ་དུ་གྱུར། གཅོང་པོའི་གཟུགས་གཞི་གུག་ཅིང་སྒུར། འགུལ་སྐྱོད་ཡག་པོ་མི་ཐུབ་པ། ཚོར་སྣང་ཞན་པ། དྲན་ཤེས་རྦད་དེ་ཆུང་དུ་ཕྱིན་ཡོད། རེད་དེ། བློ་མཐུན་འཇམ་དཔལ་གྱི་བྲང་ཁོག་ཏུ་ཉི་མ་གཞོན་ནུ་ཡོད། བགྲེས་སོང་དུ་གྱུར་བའི་ཁོང་། གསོན་རེ་བྲལ་ཡང་། དྲན་པ་བརྟན་པོས་ཀླད་པའི་དཀྱིལ་དབུས་སུ། བགྲེས་སོང་མའོ་ཀྲའུ་ཞི་ཡི་སྐད་ཆ་ཚིག་གཅིག་པུ་དེེ་རྡོ་ལ་རི་མོ་བརྐོས་པ་ལྟར་སེམས་ལ་བཟུང་ཡོད།
ཁོང་ཚུར་རང་ཡུལ་དུ་ལོག་པ་ལ་ང་ཡིད་ཆེས་ཡོད། ཁྱེད་རང་ལོ་ངོ་ང་དགུ་བའི་ནང་རང་ཡུལ་ལ་མ་ཕེབས་ཀྱང་། ལོ་ངོ་དྲུག་ཅུ་བའི་རྗེས་ཕལ་ཆེར་ཕ་ཡུལ་ལ་ཕེབས་ཀྱིན་རེད། སྐབས་དེ་དུས་འཛམ་གླིང་ལ་འགྱུར་ལྡོག་བྱུང་ཡོད་པ་རེད། འདི་ནི་ཁོང་གི་ཕ་གཞིས་རེད(ཏཱ་ལའི་བླ་མ་ནི་མཚོ་སྔོན་གྱི་མི་རེད)། ཁོང་འདི་ནས་སྐྱེས་ཤིང་འཚར་ལོངས་བྱུང་བ་རེད།
དེ་སྔ་བཅིངས་འགྲོལ་དམག་མི་བྱས་མྱོང་བ་དང་། གུང་ཁྲན་ཏང་མི་ཞིག་ཡིན་པ། ནན་ཏན་གྱི་བོད་རིགས་རིག་གནས་པ། བློ་མཐུན་འཇམ་དཔལ་ལགས་ནི་མའོ་ཀྲུའུ་ཞི་ལ་དགའ་ཞེན་དང་། བརྩི་བཀུར་ཡོད། མར་ཁེ་སི་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ་ལ་ཡིད་ཆེས་བརྟན་པོ་ཡོད། ཡིད་ཆེས་འདི་ནི་རིག་པ་གསལ་བོའི་ཡིད་ཆེས་ཤིག་ཡིན་པ་ལས། རྨོངས་ཚོད་ཞིག་མིན། འདི་ནི་མ་བསྐུལ་དང་ལེན་ཞིག་ལས། གཞན་དབང་ཞིག་མིན། འདི་ནི་རྣམ་པར་དག་པ་ཞིག་ལས། གཡོ་རྫུས་ཤིག་ཀྱང་མིན།
༡༩༥༦ ལོ་ནས ༡༩༨༠ ལོ་སྟེ། དེ་ནི་རང་ལོ ༡༨ ནས་༤༢ བར་ལ་ཡིན། ལོ ༢༤ ཡི་རིང་འདི་ལ། བདག་གིས་གཟབ་གཟབ་ནན་ནན་དང་། བློ་རྩེ་གཅིག་སྒྲིལ་གྱིས་མར་ལེ་དང་། མའོ་ཙེ་ཏུང་གི་གསུང་རྩོམ་ཁག་བོད་ཡིག་ཏུ་བསྒྱུར་བའི་ལས་ཀའི་ནང་ཞུགས་ཤིང་། བདག་གི་ཆེས་རིན་ཐང་ཆེ་བའི་གཞོན་ནུའི་ལང་ཚོ་དེ་རྒྱ་ཆེ་བའི་བོད་རིགས་སྤུན་ཟླ་ཡོངས་ལ། མར་ཁེ་སི་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ་བརྒྱུད་བསྒྲགས་བྱེད་པའི་བླ་ན་མེད་པའི་ལས་དོན་ཐད་ཕུལ་ཡོད།
སྐབས་ཤིག་ལ། མི་ཁ་ཤས་ཤིག་གིས་འཛེམ་བག་གཏན་ནས་མེད་པར་མར་ཁེ་སི་རིང་ལུགས་དང་། མའོ་ཙི་ཏུང་གི་དགོངས་པ་ཁས་མི་ལེན་ཞིང་། མའོ་མ་ཡིན་ “非毛” པའི་བྱ་འགུལ་སྤེལ་ཏེ། མའོ་ཀྲུའུ་ཞི་སྦག་བཙོག་དང་། ཐ་ན་མའོ་ཀྲུའུ་ཞི་གདོན་འདྲེར་བསྒྱུར། མི་རབས་གཉིས་པའི་མི་རིགས་སྲིད་ཇུས་ཟེར་བ་དང། བོད་སྐྱོང་ག་གེ་མོའི་ལམ་ཕྱོགས་ཟེར་བ་སོགས་་གཅིག་མིན་གཉིས་མིན་གྱིས་འུར་སྒྲ་ཆེན་པོ་བསྒྲགས་ཏེ། ཁོང་ཚོས་མི་རིགས་བྱ་བའི་ལས་དོན་གྱི་ཁྱབ་ཁོངས་དང་། ལྷག་པར་དུ་བོད་ཀྱི་ལས་དོན་གྱི་ཁྱབ་ཁོངས་སུ། ཕྱོགས་ཡོངས་ནས་མའོ་ཀྲུའུ་ཞི་ལ་ངོ་རྒོལ་དང་། ཀྲུའུ་ཙུང་ལི་འཐུས་མི་ཐེ་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མི་རབས་རྒན་པ་ཚོས་གཏན་ལ་འཁེལ་བའི་མི་རིགས་སྲིད་ཇུས་ལ་ངོ་རྒོལ། བོད་ཀྱི་ལས་དོན་བྱ་བའི་སློབ་སྟོན་གྱི་བྱེད་ཕྱོགས་ལ་ངོ་རྒོལ་བཅས་བྱས་ཡོད།
འདི་ལྟ་བུའི་འདྲེ་རླུང་གྱེན་ཏུ་འཕྱུར་བའི་སྐབས། བདག་གི་ཁ་ཕྱོགས་ལ་འགྱུར་བ་གང་ཡང་མ་བྱུང་། ངའི་བློ་ཁ་ལ་གཡོ་འགུལ་མ་ཐེབས། འདི་ནི་དེང་སང་རྣམ་འགྱུར་ཅི་ཞིག་སྟོན་མིན་དང་། ཁྱབ་བསྒྲགས་ཅི་ཞིག་ཡིན་མིན་ལ་མ་ལྟོས་བར། ཤོག་བུ་དཀར་པོའི་ཐོག་གི་ཡི་གེ་ནག་པོ་དང་། ཁུངས་སྐྱེལ་རྒྱུ་ཡོད་པ་དང་། ལོ་རྒྱུས་ཀྱིས་དཔང་བོ་བྱེད་ཐུབ་པ། མི་ངོས་མས་བདེན་དཔང་བྱེད་ཐུབ་པ་ཞིག་ཡིན།
ལོ་ངོ ༥༩ རིང་ལ། གནས་བབ་ངན་པ། གདུག་རྩུབ་ཅན་གྱི་དཀའ་ཁག་དང་། དྲག་ཏུ་འབབ་པའི་ཆར་བ་ཆེན་པོ། འཇིགས་སུ་རུང་བའི་རྦ་རླབས། དགུང་དུ་འཕྱུར་བའི་ཆུ་རྙོག་གི་རླབས་ཕྲེང་བཅས། སྙིང་ཁམས་དཀྲོག་ཞིང་བླ་རྩ་འདར་བའི་དཀའ་ངལ་གང་དང་གང་ཞིག་འཕྲད་ནའང་ང་རང་གི་ཡིད་ཆེས་ལ་འགྱུར་བ་རྩ་བ་ནས་བྱུང་མེད། རྒན་རབས་པ་མའོ་ཀྲུའུ་ཞིའི་བོད་ཀྱི་ལས་དོན་ཐད་ཀྱི་སློབ་སྟོན། ཏན་ཏན་དོན་འཁྱོལ་མཐར་ཕྱིན་བྱེད་ཐུབ་ཀྱིན་རེད། བོད་ཀྱི་གནད་དོན་མཐའ་མར་ཕུན་སུམ་ཚོགས་པའི་སྒོ་ནས་ཅིས་ཀྱང་ཐག་གཅོད་ཐུབ་ཀྱིན་རེད།
ཆར་ཤུལ་རྗེས་ནས་འཇའ་ཚོན་འཕྲོ། མའོ་ཀྲུའུ་ཞིའི་འོད་སྟོང་། མའོ་ཙེ་ཏུང་གི་དགོངས་པའི་འོད་སྟོང་། སྤྲིན་ནག་གི་སྨུག་པ་རྦད་དེ་གཏོར་ཏེ། ལེ་དབར་ཁྲི་ལྡན་གྱི་མཐོ་སྒང་དུ་འཕྲོ། མེས་རྒྱལ་གྱི་ས་གཞིར་འཕྲོ། ང་ཚོའི་ཐོག་དང་པོའི་བསམ་འདུན་དེ་མི་བརྗེད། བློ་བརྟན་འགྱུར་མེད་ཀྱིས་སེམས་ལ་ངེས་ཤིང་། ཡིད་ཆེས་བྱེད།
སྟོབས་ཤུགས་ཆེན་པོའི་ཆབ་སྲིད་ཀྱི་གནོན་ཤུགས་ཀྱི་འགག་སྒོ་ལས་ཐར་བའི་ཆེད་དང་། གནས་སྐབས་ཀྱི་བདེ་བའི་ཆེད། རང་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཆེད་དུ། མི་ཁ་ཤས་ཀྱིས་ཐ་ཤལ་གྱི་འཁོན་འཛིན་བསློང་། རང་ཁོ་ནའི་དམིགས་ཡུལ་བཅིངས་སྟེ། ཟོལ་སྦྱོར་དང་རྫུན་སྒྲིག་བྱས། མི་གཞན་ལ་དམའ་འབེབས་དང་སྐུར་འདེབས་གཏོང་བཞིན་ཡོད་མོད། མཐའ་མཇུག་རྒྱུ་འབྲས་ཀྱིས་དེ་དག་ཚང་མ་སུན་འབྱིན་པར་བྱེད་ཀྱིན་ཡོད་པའི་གནས་ལུགས་འདི་ངས་ཀྱང་གསལར་བོར་ཤེས་བཞིན་ཡོད།
དེ་ལས་ཀྱང་གལ་ཆེ་བ་ནི། ཀྲུང་དབྱང་གི་ཚད་མཐོ་བའི་ལོ་རྒྱུས་ཀྱི་ཕྱོགས་སུ་ལངས་ཤིང་། རི་གཟར་རྦབ་རྡོ་ལྟ་བུའི་མའོ་ཀྲུའུ་ཞིའི་སྒྲུབ་མ་ཚར་བའི་ལས་དོན་རྣམས་མཇུག་སྐྱོང་བཅས་བྱེད་དགོས། དེ་བཞིན་དུ་བོད་རིགས་མི་དམངས་དང་། ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་དགོས་མཁོ་དང། ཕུགས་རྒྱང་ཧ་ཅང་རིང་བའི་ཁེ་ཕན་བཅས་ཀྱི་ཆེད་དུ། ༧ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་དང་། ༧པཎ་ཆེན་སྐུ་ཕྲེང་བཅུ་བ། སློབ་དཔོན་ཆེན་མོ་ཤེས་རབ་རྒྱ་མཚོ་བཅས་ལ་དངོས་ཐོག་བདེན་འཚོལ་ཀྱིས་སྒོ་ནས་ཡང་དག་པའི་ལྟ་ཚུལ་བཟུང་སྟེ། བོད་ཀྱི་གནད་དོན་དེ་མཐའ་མར་ཕུན་སུམ་ཚོགས་པས་ཐག་གཅོད་པ་ལས། དེ་ལ་བར་ཆད་གཏོང་བ་དང་། དཀའ་ངལ་འཕར་མ་བཟོ་བ། ཕྱིན་ཅི་ལོག་པར་བྱེད་མཁན་གྱི་འབྲེལ་ཡོད་སྡེ་ཁག་རྣམས། མ་འོངས་པར་ལོ་རྒྱུས་ཀྱི་ཉེས་ཅན་ཆགས་ཀྱིན་རེད།དཀའ་སྡུག་གི་དུས་ཡུན་ཁྲོད་དུ་ངས་རང་གིས་རང་ལ་དམ་བཅའ་བརྟན་པོའི་བསམ་བློའི་འདུན་མ་བོར་མྱོང་མེད། ངས་ཏང་ཀྲུང་དབྱང་ལ་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཕུན་སུམ་ཚོགས་པའི་རོགས་སྐྱོར་བྱེད་ཐུབ་མེད་མོད། མའོ་ཀྲུའུ་ཞི་ཡི་མཛུབ་སྟོན་ལག་ལེན་དོན་འཁྱོལ་ཡོང་བ་ལ་དཀའ་རྙོག་གང་ཡང་བཟོས་མྱོང་མེད་པར་མ་ཟད། དགོས་ངེས་ཀྱི་སྐབས་སུ་དཀའ་ངལ་ལ་གདོང་ལེན་བྱས་ཤིང་། ཉེན་ཁ་ལ་མ་འཛེམ་པར་མའོ་ཀྲུའུ་ཞི་ཡི་བཀའ་སློབ་ཁྱབ་བསྒྲགས་བྱས་པ་ཡིན།
སྤྱི་ལོ་ཆིག་སྟོང་ང་དགུ་ལོའི་སྲིད་ཇུས་ལག་ལེན་བྱེད་འགོ་བརྩམས་པ་ནས་བཟུང། རྒན་རབས་མའོ་ཀྲུའུ་ཞི་ཡི་མཛུབ་སྟོན་དང་། ཁོང་གི་སྐུ་དངོས་སུ་གཙོ་སྐྱོང་གནང་བའི་སྐབས་བཅུ་དྲུག་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེས་མཐོ་བའི་ཐག་གཅོད་དེ། ལམ་སེང་ལག་ལེན་དོན་འཁྱོལ་ཡོང་རྒྱུ་མིན་པ་ངས་གསལ་བོར་ཤེས་ཚོར་བྱུང་། གལ་སྲིད་དེ་ལྟར་བྱས་ཚེ་བོད་ཀྱི་གནད་དོན་ཡང་སྔར་བཞིན་གནད་དོན་ཞིག་ཏུ་ཆགས་ནས་སྡོད་རྒྱུ་ལས་དེ་ལ་ཐག་གཅོད་གང་ཡང་བྱེད་ཐུབ་མེད།
ཏཱ་ལའི་བླ་མ་ཕྱིར་རང་གི་མེས་རྒྱལ་དང་། རང་གི་འཁྲུངས་སར་ཕེབས་སུ་མི་འཇུག་པར། ཕྱི་རྒྱལ་ནས་སྐུ་མྱ་ངན་ལས་འདའ་བར་བྱེད་དུ་འཇུག་པ་ནི་ཏཱ་ལའི་བླ་མ་སྐུ་སྒེར་ལ་གནོད་འཚེ་བཏང་བ་ཞིག་ཡིན། བྱེད་སྟངས་འདི་རྒྱལ་ཁབ་དང་མི་རིགས། བོད་ལྗོངས་དང་བོད་ཀྱི་ས་ཁུལ་གཞན་དག་གི་འཛུགས་བསྐྲུན། ཡུན་རིང་གི་བརྟན་བརླིང། སྤུན་ཟླ་མི་རིགས ༥༦ ། བོད་རིགས་སྤུན་ཟླ་ས་ཡ་དྲུག་བཅས་ལ་དགེ་མཚན་གང་ཡང་ཡོད་པ་མ་རེད།
ཆེས་ཛ་དྲག་གིས་དཀའ་ལས་བརྒྱབ་ཅིང་། དྲང་བོ་མིན་པའི་ཐོབ་ཐང་མང་པོ་མང་པོ་ཞིག་ཕོག་རྗེས། བདག་གིས་གུང་ཁྲན་ཏང་ངོ་མ་ཞིག་དང་། བོད་ཀྱི་དམག་མི་རྒན་པ་ཞིག་ལ་འཛོམས་པའི་གཡོ་བ་མེད་པའི་གསར་བརྗེ་ལ་ཡིད་ཆེས་བྱེད་མཁན། འགྱུར་བ་མེད་པའི་ཏང་གཤིས་ཡོད་མཁན། གུང་ཁྲན་ཏང་དང་། མེས་རྒྱལ། མི་དམངས་ལ་བློ་དཀར་ཟོལ་མེད་དང་། མའོ་ཙེ་ཏུང་དང་། ཀྲུའུ་ཨེན་ལེ། ལེའུ་ཧྲའོ་ཆི། ཀྲུའུ་ཏེ་སོགས་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་རྒན་རབས་པ་རྣམས་ལ་བློ་དཀར་ཞིང་། སྒམ་བརླིང་དང་གཟབ་ནན་གྱི་བོད་ཀྱི་ཡོན་ཏན་པ་ཞིག་ལ་ཡོད་དགོས་པའི་དཔའ་ཉམས་དང་ལ་རྒྱ་མཚོན་པར་བྱེད་ཐུབ་ཡོད།
གལ་འགངས་ཆེ་བའི་ལོ་རྒྱུས་རང་བཞིན་གྱི་ཏང་གི་སྐབས་བརྒྱད་པའི་འཐུས་མིའི་ཚོགས་ཆེན་ཚོགས་རྗེས། ལོ་རྒྱུས་ཀྱིས་བློ་མཐུན་ཞི་ཅིན་ཕིན་བདམས་པ་རེད། གནས་སྟངས་འདིས་བདག་ལ་འོད་སྣང་དང་། རེ་བ་སྦྱིན་བྱུང་ལ། སྤྲོ་བ་འང་ཆེས་ཆེར་འཕེལ། ང་རང་ཡིད་ཆེས་བརྟན་པོ་བྱུང།
བློ་མཐུན་ཞི་ཅིན་ཕིན་གྱིས་ལོ་རྒྱུས་ཀྱིས་ཁོང་ལ་བཞག་བའི་བླ་ན་མེད་པའི་འགན་འཁུར་ཁུར་ཏེ། མའོ་ཀྲུའུ་ཞི་དང་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་རྒན་རབས་པ་རྣམས་ཀྱི་རླབས་ཆེན་གྱི་བྱ་བཞག་རྒྱུན་འཛིན་དང་། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་རྣམས་ལ་སྤྱི་ཚོགས་རིང་ལུགས་འཛུགས་བསྐྲུན་བྱེད་པའི་དུས་རབས་གསར་བ་གསར་གཏོད་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་ཀྲུང་གོའི་རྨི་ལམ་བསྐྱར་གསོ་བྱེད་གིན་རེད།
དེ་དང་ཆབས་ཅིག བློ་མཐུན་ཞི་ཅིན་ཕིན་གྱི་སྲོག་ཤིང་བྱེད་པའི་ཏང་ཀྲུང་དབྱང་གིས། མའོ་ཙེ་ཏུང་དང་། ཀྲུའུ་ཨེན་ལེ་སོགས་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་རྒན་རབས་རྣམས་ཀྱིས་གསར་གཏོད་གནང་བའི་རླབས་ཆེན་གྱི་བྱ་བཞག་ཤུལ་འཛིན་བྱེད་ཅིང་། ལོ་རྒྱུས་ཀྱི་ཚད་མཐོ་བའི་ཕྱོགས་སུ་ལངས་ཏེ། གོ་སྐབས་དམ་འཛིན་དང་། ལོ་རྒྱུས་ཀྱིས་བཞག་པའི་འགན་ཁུར་ལྗིད་མོ་འཁུར། མཐོང་རྒྱ་ཆེ་ཞིང་མིག་རྒྱང་རིང་བ། རླབས་ཆེ་བའི་འབྱོར་མེད་གྲལ་རིམ་གསར་བརྗེ་བ་ཞིག་ལ་འཛོམས་དགོས་བའི་རྣམ་དཔྱོད་དང། དཔའ་ངར། བློ་ཁོག འགན་འཁུར་ཐེག་མཁན་གྱི་མི་སྣ་བཅས་ཡིན་པ་ལ་ངས་ནམ་ཡང་ཡིད་ཆེས་བློ་གཏད་བྱེད་བཞིན་ཡོད།
མའོ་ཀྲུའུ་ཞི་ཡི་མཛུབ་སྟོན་དོན་ཐོག་ཏུ་འཁྱོལ་བ་དང་། གདན་འདྲེན་པ། མའོ་ཀྲུའུ་ཞི་སྐུ་ངོ་མས་གཙོ་སྐྱོང་གནང་བའི་སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་ཚོགས་ཆེན་དང་། མའོ་ཀྲུའུ་ཞི་སྐུ་ངོ་མས་གཙོ་སྐྱོང་གནང་བའི་སྐབས་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་ཆེན་ཐོག ༧ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་བསྟན་འཛིན་རྒྱ་མཚོ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ཀྲང་གཞོན་པར་འདེམས་ཐོན་བྱུང་ཡོད་པ་དང་། ཙུང་ལི་ཀྲུའུ་ཨེན་ལེ་སྐུ་ངོ་མས་གཙོ་སྐྱོང་གནང་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐབས་བདུན་པའི་ཚོགས་འདུའི་ཐོག་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་བསྟན་འཛིན་རྒྱ་མཚོ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ཨུ་ཡོན་ཀྲང་གཞོན་པར་བསྐོ་བཞག་གནང་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་དམག་སྤྱི་ཆེན་མོ་ཁྲིན་ཡེས་ཀྱིས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་བསྟན་འཛིན་རྒྱ་མཚོ། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་དབུ་གཙོ་ཀྲུའུ་རེན་དུ་བསྐོ་བཞག་གནང་བའི་བཀའ་རྒྱ་ཁྱབ་བསྒྲགས་གནང་ཡོད།
ཁོང་ཉིད་དྲོད་སྐྱིད་ལྡན་པའི་མེས་རྒྱལ་གྱི་པང་དུ་ཕྱིར་ཕེབས་པ་ཉིན་མཚན་ཀུན་ཏུ་ཡིད་ལ་འཁོར་ཞིང་། སེམས་ནས་བརྗེད་དཀའ་བ་ཞིག་རེད། ཁོང་གི་མཛེས་ཤིང་སྡུག་པའི་ཕ་ཡུལ་དང་མཛའ་ཞིང་བརྩེ་བའི་ནང་མི་དག་གིས་ཁོང་ཉིད་ནམ་ཡང་བརྗེད་ཐབས་མེད།
མཐའ་དོན་བོད་ཀྱི་གནད་དོན་རྣམ་པར་རྒྱལ་བའི་ངང་ནས་ཐག་བཅད་ཅིང་། བོད་ཀྱི་གནད་དོན་ནི་ད་ནས་བཟུང་སྟེ་གནད་དོན་ཞིག་ཏུ་མི་འགྱུར་ཞིང་། ཐའེ་ཝན་གྱི་གནད་དོན་ཀྱང་ཞི་བའི་སྒང་ནས་ཐག་བཅད་དེ། ཀྲུང་ཧྭ་མི་རིགས་ཀྱི་སྔ་ན་མེད་པའི་གཅིག་གྱུར་ཆེན་པོ་དང་། མཐུན་སྒྲིལ་ཆེན་པོ། དར་རྒྱས་ཆེན་པོ་བཅས་མངོན་ཏུ་གྱུར་ཏེ། རླབས་ཆེན་གྱི་མེས་རྒྱལ་འདི་ཉིད། སྔོན་ལས་སྟོབས་འབྱོར་མངའ་ཐང་ལྡན་ཞིང་། སྔོན་ལས་གྲྭ་རྒྱས་ཕུན་སུམ་ཚོགས་པ་ཡོང་བར་བྱས་ཏེ། རྔམ་བརྗིད་ལྡན་པའི་ངང་འཛམ་གླིང་གི་ཤར་ཕྱོགས་ནས་འགྱིངས་ངེར་བཞེངས་ཏེ། འགྲོ་བ་མིའི་མདུན་སྐྱོད་དང་། འཛམ་གླིང་ཞི་བདེ་ཡི་ཕྱོགས་སུ་སྔར་ལས་ལྷག་པའི་རླབས་ཆེན་གྱི་ལེགས་སྐྱེས་འབུལ།
༢༠༡༨ ལོའི་ཟླ ༡༠ བའི་ཚེས ༧ ཉིན། པེ་ཅིན་དུ་བྲིས་ཤིང་། ཟླ་ ༡༢ བའི་ཚེས ༡༨ ཉིན་དག་བཅོས་བྱས།
མ་ཡིག་གི་འབྲེལ་ཐག https://mp.weixin.qq.com/s/IAbQwyQ-DRYHs232PFiOXA
བོད་ཀྱི་དུས་བབས་ནང་མའོ་ཙི་ཏུང་འཁྲུངས་ནས་ཟེར་བའི་ཚིག་དེ་མཐོང་མ་ཐག་ཏུ་རྣམ་རྟོག་ཟ་བྱུང་།
ཤི་འདྲེ་ཁོ་སྐྱེས་པ་ལ་དགའ་ཚོར་མེད།
ཁོས་བཤད་པ་ཐམས་ཅད་བཙོག་པ་རེད།
འདི་འདྲ་དུས་བབས་ནང་དཔར་བསྐྲུན་མ་གནང་ན་དགའ།
༄༅།། བོད་མི་རྒན་རབས་རྩོམས་པ་པོ་འཇམ་དཔལ་རྒྱ་མཚོ་གུས་ཞབས།
འོན་ཀྱང་མའོ་རྩེ་ཏུང་གིས་ནོར་འཁྲུལ་མེད་ཚུལ་དེ་བོད་མི་རྣམས་ཀྱི་བློ་ཤོང་དཀའ་
མའོ་གི་བོད་ས་ཆ་ཚང་འཕྲོག་བོད་མི་འབུམ་ཁྲག་མང་པོ་ཚེ་སྲོག་འཕྲོག་མཁན་མའོ་རེད་།
༧གོང་ས་མཆོག་ནོར་གླིང་ནས་ཕྱིར་ཕུད་བྱས་མཁན་བྱེད་ཏེ་མའོ་རེད་། ཞི་ཅིང་ཕི་ལ་བསྟོད་སྔགས་དེ་འོས་འཚམས་མ་རེད་། ཞི་ཅིང་སྲིད་དབང་སྐབས་བོད་མི་༡༥༠་ལྷག་གིས་རང་དབང་ཆེད་ཚེ་སྲོག་མར་མེ་སྒྲོན་དེ་དག་ཁྱེད་ཀྱི་ཧ་གོ་བ་དགོས་། ད་སྐབས་རྒྱ་གར་ལ་ཡོད་པའི་བོད་མི་བཙན་བྱོལ་གཞུང་ཡོད་པ་དེ་ཁྱེད་རང་གི་ཤིས་པ་འཚལ་ལོ
ད་དམར་གསོད་ཀྱི་གཤན་པ་དེ་ཚོར་་སྐུ་འཁྲུངས་པ་ཟེར་་་་ཞེ་ས་བྱེད་དགོས་སར་མེད་རེད།སྐྱག་ཁུག
སྐྱག་པའི་གསར་བརྗེ་བ་རྒན་པ། རྒལ་བཙོང་པ་དང་ནང་རུལ་བ་ཞིག་རེད་འདུག་ག བལྟས་དང་། མི་སེར་དམར་གསོད་གཏོང་མཁན་གྱི་ཤམ་པ་མའོ་ཙེ་ཏུང་དང་ཞི་ཅིན་ཕིང་སོགས་ནི་རླབས་ཆེན་གྱི་མཛད་རྗེས་འཇོག་མཁན་དང་། ཁོ་ཚོའི་བསམ་བློ་ནི་ནམ་ཡང་བསླུ་བ་མེད་པའི་རྟག་བརྟན་དུ་ངོས་ཟིན་ཡོད་སྐོར་མགོ་ནས་མཇུག་པར་དུ་རེད་འདུག ངས་འདི་ཀློག་གིན་ཀློག་གིན་མའོ་ཙེ་ཏུང་གི་གསུང་འབུམ་དེ་དག་ཡིན་ལ་འཁོར་ཡོང་གི་འདུག