གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་རྒྱ་ཆེར་བསྐྱངས།
ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢ ཉིན་༧གོང་ས་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ། རྒྱ་བལ་འབྲུག་གསུམ་གྱི་གཙོས་འཛམ་གླིང་ཡུལ་གྲུ་ ༦༧ ཙམ་ནས་ཕེབས་པའི་ཕྱི་ནང་གི་དད་ལྡན་སེར་སྐྱ་མི་མང་ཁྲི་ ༢ དང་ཕྱེད་ཀ་ཙམ་ལ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་སྤྱན་རས་གཟིགས་ཀྱི་བཀའ་དབང་གནང་། དེ་བཞིན་ཕྱི་ཚེས་ ༤ ནས་ ༦ བར་ཉིན་གྲངས་གསུམ་རིང་ཕྱི་ལོ་ ༢༠༡༩ ལོར་དབུ་འཛུགས་གནང་བའི་འཇམ་དབྱངས་ཆོས་སྐོར་འཕྲོ་སྐྱོང་གིས་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་རྒྱ་ཆེར་མཛད་ཡོད་པ་རེད། བཀའ་ཆོས་གནང་སྐབས་༧གོང་ས་མཆོག་གིས། སེམས་མ་སྐྱིད་པ་ཡོད་ཚེ་དངོས་པོ་ཡར་རྒྱས་ཅི་ཙམ་ཡོད་ཀྱང་སྐྱིད་པོ་གང་ཡང་མེད། དངོས་པོ་ཡར་རྒྱས་གཅིག་པུས་སེམས་ལ་ཆགས་སྡང་འཕེལ་བ་མ་གཏོགས་མི་འདུག མ་སྐྱིད་པ་བཟོ་མཁན་ཆགས་སྡང་གཉིས་ཀྱིས་བྱེད་ཀྱི་ཡོད། ཆགས་སྡང་གཉིས་ལ་རྒྱུ་དངོས་པོའི་འགྲོ་སོང་བཏང་ནས་ཉུང་དུ་གཏོང་རྒྱུ་ཡོད་པ་མ་རེད། ཁབ་རྒྱག་པ་དང་སྨན་ཟ་བ་ལྟ་བུས་སྐབས་ཐོག་སེམས་འཁྲུག་ཡོད་པ་ལྟ་བུ་ལ་ཕྲན་བུ་འཇགས་རྒྱུ་ཡོང་གི་རེད་མ་གཏོགས། རྩ་བའི་སེམས་ལ་འགུལ་སྐྱོད་གཏོད་ཐུབ་རྒྱུ་ཁྱོན་ནས་མེད། ཅེས་སོགས་གསུངས་ཡོད་པ་རེད།
དྲ་ལམ་བརྒྱུད་མཐོ་རིམ་སློབ་ཕྲུག་རྣམས་ལ་བཀའ་སློབ་སྩལ།
ཨ་རིའི་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དང་། བོད་རིགས་སློབ་མའི་མཐུན་ཚོགས་ཐུན་མོང་གི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༡ ཉིན། གནས་མཆོག་རྡོ་རྗེ་གདན་གྱི་བཞུགས་སྒར་དགའ་ལྡན་འཕེལ་རྒྱས་གླིང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྲ་ལམ་ཐད་གཏོང་བརྒྱུད་ཨ་རིའི་ཤར་ཕྱོགས་ཀྱི་གཙུག་ལག་མཐོ་རིམ་སློབ་གྲྭ་ཁག་ ༧༠ ཡི་བོད་རིགས་དང་རྒྱ་རིགས་སློབ་ཕྲུག་གྲངས་ ༣༠༠ ཙམ་ལ་ཆོས་ལུགས་ལ་མ་རྟེན་པའི་སྤྱོད་བཟང་དང་འཇིག་རྟེན་སྤྱི་སྨན་གྱི་འགན་ཁུར་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་དྲི་བ་དྲིས་ལན་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས་འགྲོ་བ་མིའི་རིགས་ཡོངས་ཀྱི་བདེ་ཐབས་ཆེད་བྱམས་བརྩེ་གོང་སྤེལ་བྱེད་དགོས་པའི་གལ་གནད་ཀྱི་སྐོར་དང་། འཇིག་རྟེན་ཞི་བདེར་གནས་ཐབས་ཀྱི་ལམ་སྟོན་དང་། མགོན་པོ་གང་ཉིད་མཆོག་གི་ཡང་སྲིད་ཀྱི་སྐོར། དེ་བཞིན་རྒྱ་རིགས་ན་གཞོན་ཚོས་བོད་དོན་ལ་ནུས་པ་ཅི་ཞིག་འདོན་དགོས་པའི་སྐོར་དང་། ཆོས་དད་ཡོད་མཁན་དང་མེད་མཁན་གྱི་ཀུན་སྤྱོད་སོགས་དྲ་ལམ་ནས་ཨ་རིའི་ནང་གི་རྒྱ་བོད་སློབ་ཕྲུག་ལ་ཐེངས་དང་པོར་བཀའ་སློབ་དང་དྲི་བར་བཀའ་ལན་སྩལ་བའི་མཛད་འཕྲིན་བསྐྱངས་ཡོད་པ་རེད།
རྒྱ་གར་གྱི་གནའ་རབས་ལེགས་བཤད་དེང་གི་འཛམ་གླིང་ལ་དགོས་གལ་ཆེ།
ཕྱི་ལོ་༢༠༢༠ ཟླ་ ༡ ཚེས་ ༡༤ ཉིན། གནས་མཆོག་རྡོ་རྗེ་གདན་གྱི་ཉེ་ཁུལ་གྱི་རྒྱ་གར་གྱི་ཚོང་ལས་མཐོ་སློབ་(Indian Institute of Management) ཞེས་པར་ཆིབས་སྒྱུར་བསྐྱངས་ཏེ་མཐོ་སློབ་ཀྱི་ར་བའི་ནང་དུ་བྱང་ཆུབ་ལྗོན་ཤིང་འདེབས་འཛུགས་མཛད་རྗེས། མཐོ་སློབ་ཀྱི་འབྲེལ་ཡོད་མི་སྣ་དང་སློབ་ཕྲུག སྐུ་མགྲོན་སོགས་ལ་རྒྱ་གར་གྱི་གནའ་རབས་ལེགས་བཤད་དེང་གི་འཛམ་གླིང་ལ་དགོས་གལ་ཆེ་བའི་སྐོར་ལ་བཀའ་སློབ་དང་དྲི་བ་དྲིས་ལན་མཛད་སྐབས། གོང་ས་མཆོག་ནས་ང་ཚོ་ད་ལྟ་དུས་རབས་ ༢༡ པའི་ནང་ཡོད་ཀྱང་། ད་དུང་དུས་རབས་ ༢༠ པའི་ནང་ལྟར་ང་ཚོ་དང་ཁོ་པ་ཚོ་ཞེས་བརྗོད་ནས་མཚོན་ཆ་བེད་སྤྱོད་བྱས་ཏེ་གསོད་རེས་གཏོང་གི་ཡོད་སྟབས། དུས་རབས་ ༢༠ པའི་ནང་འཚེ་བའི་ལས་བརྩམས་པ་དེ་དག་ད་ལྟ་ང་ཚོས་བསྐྱར་ཟློས་བྱེད་མི་རུང་སྐོར་དང་། རྒྱ་གར་ནང་ལ་མཚོན་ན། ལོ་ངོ་ ༣༠༠༠ གོང་འཚེ་མེད་ཞི་བའི་ལྟ་གྲུབ་དང་སྙིང་རྗེའི་ཉམས་ལེན་ཧ་ཅང་དར་འཕེལ་བྱུང་ནས་རྒྱ་གར་གྱི་རིག་གཞུང་ཆགས་ཡོད་པ་དང་། དེང་སྐབས་འཛམ་གླིང་ནང་རྒྱ་གར་གྱི་འཚེ་བ་མེད་པའི་ལྟ་གྲུབ་དང་སྙིང་རྗེའི་ཉམས་ལེན་དངོས་འབྲེལ་ཧ་ཅང་དགོས་མཁོ་ཡོད་པ་ཞིག་ཆགས་ཡོད་སྟབས། ད་ལྟའི་སློབ་གསོའི་ལམ་ལུགས་ནང་འགྲོ་བ་མི་གཅིག་གྱུར་དང་དཔལ་ནཱ་ལནྡྲ་ནས་བརྒྱུད་པའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དག་མང་ཙམ་འཇོག་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་ཡོད་པ་རེད།
ནཱ་ལེནྡྲའི་ཤེས་ཡོན་ལྟེ་གནས་ཁང་གསར་འཛུགས་ལ་བཀའ་སློབ་སྩལ།
ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༦ ཉིན། གནས་མཆོག་རྡོ་རྗེ་གདན་གྱི་བཞུགས་སྒར་དགའ་ལྡན་འཕེལ་རྒྱས་གླིང་གི་མཇལ་འཕྲད་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་རི་བ་དང་། བོད་རིགས། འབྲུག་པ། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་རིགས་འབྲས་ལྗོངས་པ་དང་། བལ་ཡུལ་གྱི་མི། དེ་བཞིན་རྒྱ་ནག་སྐམ་ས་ཆེན་པོ་དང་ཐའེ་ཝན་གྱི་རྒྱ་རིགས། རྒྱ་གར་བ་སོགས་མི་གྲངས་ ༢༦༠ ལྷག་ལ་སྟོང་ལོ་གསར་པའི་ཀུན་སྤྱོད་ (Ethics for the new millennium) ཀྱི་སྐོར་ལ་བཀའ་སློབ་སྩལ་སྐབས། རྡོ་རྗེ་གདན་གྱི་ཉེ་འཁོར་དུ་བླ་མ་བཟོད་པ་རིན་པོ་ཆེར་ས་ཆ་ཞིག་ཡོད་པ་དང་། དེར་ཆོས་གཅིག་པུ་མ་ཡིན་པར་སེམས་ཁམས་རིག་པ་དང་། ཚད་མ་རིག་པ། ལྟ་གྲུབ་སོགས་སློབ་སྦྱོང་བྱེད་ས་ཡོད་པའི་སློབ་གཉེར་ལྟེ་གནས་ཁང་ཞིག་ཡོང་རྒྱུ་ཕལ་ཆེར་གཏན་འཁེལ་བ་ཡིན་སྐོར་དང་། སྤྱོད་འཇུག་གི་གཞུང་ལས་གཙོ་བོ་ལེའུ་དྲུག་པ་དང་བརྒྱད་པར་ག་ཚོད་ཐུབ་ཐུབ་ཀྱིས་ཀློག་པ་དང་བསམ་བློ་བཏང་བ་ཡིན་ན་དེས་ཧ་ཅང་ཕན་གྱི་ཡོད་སྟབས། རྡོ་རྗེ་གདན་དུ་འཛོམས་པའི་དད་ལྡན་དོན་གཉེར་བ་རྣམས་སོ་སོའི་ནང་ལ་ལོག་ནས་༧རྒྱལ་བ་རིན་པོ་ཆེས་སྤྱོད་འཇུག་ཐོན་ཞེས་འབོད་སྐུལ་བྱས་པ་དེ་སེམས་ལ་ཉར་ནས་སྤྱོད་འཇུག་ངེས་པར་ཏུ་ཐོན་ཞེས་གསུངས་ཡོད་པ་རེད།
ཏོག་དབྱིབས་གཉན་རིམས་ཁྱབ་བཞིན་པར་བླང་དོར་ལམ་སྟོན་གནང་།
ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༤ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱལ་སྤྱིའི་ནང་ཧ་ཅང་གྲགས་ཆེ་བའི་དུས་བབ་དུས་དེབ་ (Time Magazine) ཅེས་པའི་ནང་། རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་གདལ་འགྲོ་བཞིན་པ་དང་བསྟུན། དེ་ལ་གདོང་ལེན་བྱེད་ཕྱོགས་ཀྱིས་མཚོན་པའི་དངོས་ཡོད་གནས་སྟངས་ལ་གཞི་བཅོལ་ནས་བསམ་བློ་གཏོང་སྟངས་ཐད་བཀའ་སློབ་ལམ་སྟོན་སྩལ་སྐབས། ད་ཆ་ནད་འབུ་འདིའི་ཉེན་ཁ་ལས་གྲོལ་བ་སུ་ཡང་མེད་པ་གཅིག་མཚུངས་རེད། ཚང་མས་རང་གི་དགའ་ཉེའི་རིགས་ལ་སེམས་ཁྲལ་དང་། དེ་བཞིན་ཁྱིམ་ཚང་སྒེར་དང་། གོ་ལ་ཧྲིལ་པོའི་མ་འོངས་དཔལ་འབྱོར་མདུན་ལམ་ལའང་བློ་འཚབ་བྱེད་བཞིན་ཡོད། འོན་ཀྱང་དེ་ལ་སྨོན་ལམ་རྐྱང་པས་འགྲིག་ཐབས་མེད། རང་རེ་ཚང་མས་རང་ནུས་གང་ལྕོགས་ཀྱིས་སེམས་ཁུར་ལེན་དགོས་པ་དཀའ་ངལ་འདིས་གསལ་སྟོན་བྱས་ཡོད། སྨན་པ་དང་སྨན་ཞབས་པ་རྣམ་པའི་སྙིང་སྟོབས་དང་། མཐོང་ཆོས་ཀྱི་ཚད་མ་དང་ལྡན་པའི་ཚན་རིག་གི་ཉམས་མྱོང་གཉིས་ཟུང་འབྲེལ་གྱིས་ད་ལྟའི་གནས་སྟངས་འདིའི་ཁ་ཕྱོགས་བཟང་ཕྱོགས་སུ་བསྒྱུར་ཏེ། མ་འོངས་པར་ཡང་འཛམ་གླིང་འདིར་འཇིགས་པ་འདི་ལྟ་བུ་སྔོན་འགོག་བྱ་རྒྱུར་འབད་དགོས། ཅེས་སོགས་གསུངས་ཡོད་པ་རེད།
དྲ་ལམ་བརྒྱུད་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་སྩལ།
འཛམ་གླིང་གང་སར་གནས་འཁོད་དོན་གཉེར་ཅན་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༦ ཉིན་ནས་ཉིན་གྲངས་གཉིས་རིང་། བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐད་གཏོང་བརྙན་ལམ་བརྒྱུད། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་གནང་ཡོད་པ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལོ་རྒྱུས་ཀྱི་ནང་དུ་ཆོས་ལུགས་ཕན་ཚུན་འཁྲུག་པ་བརྒྱབ་པ་དང་གསོད་རེས་བཏང་བ་ཡོང་ཡོད་པ་རེད། ཡིན་ནའང་། དེ་ཚོ་གཙོ་བོ་ཆབ་སྲིད་དང་འབྲེལ་ནས་ཡོང་གི་ཡོད་པ་རེད། ཆོས་བརྒྱུད་དེ་ལ་འབྲེལ་བ་ཡོད་པའི་རྒྱལ་པོ་ཚོས་བེད་སྤྱོད་བཏང་བ་ལྟ་བུ་འདུག ད་ལྟ་ང་ཚོ་དུས་རབས་གསར་པ་ཞིག་གི་ནང་དུ་བསླེབས་ཡོད་པས་མི་གཅིག་གྱུར་གྱི་འདུ་ཤེས་མ་རྩ་ལ་བཞག་པའི་ཐོག་ནས་ཆོས་ལུགས་ཚང་མའང་མིའི་ཆོས་ལུགས་དང་མི་ལ་ཕན་གྱི་ཡོད་པས་ཆོས་ལུགས་མཐུན་འབྲེལ་བྱེད་དགོས། ཅེས་སོགས་གསུངས་ཡོད་པ་རེད།
ཐུགས་རྗེ་ཆེན་པོའི་དབང་ཆེན་དང་སྤྱན་རས་གཟིགས་སེངྒེ་སྒྲ་ཡི་རྗེས་གནང་སྩལ།
ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༣༠ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྲ་ལམ་བརྒྱུད་འཕགས་མཆོག་ཐུགས་རྗེ་ཆེན་པོའི་དངོས་གཞིའི་བཀའ་དབང་དང་། སྤྱན་རས་གཟིགས་སེང་གེ་སྒྲ་ཡི་རྗེས་གནང་བཀའ་དྲིན་སྩལ་སྐབས། འཕགས་པ་སྤྱན་རས་གཟིགས་སྙིང་རྗེ་ལྷ་སྒོམ་ནས་བསམ་བློ་བཏང་བ་ཡིན་ན། རང་བཞིན་གྱིས་སེམས་ལ་ཞི་བདེ་བསླེབ་རྒྱུ་ཞིག་ཡོད་རེད། སྔར་བླ་མ་དེ་འདྲས་གསུང་རྒྱུ་ཡོད་པ་རེད། ཡི་དམ་གྱི་སྔགས་དེ་འདྲ་བགྲངས་ན་ཞི་ཚོགས་ཀྱི་ལས་བསྒྲུབ་རྒྱུ་ལྟ་བུའི་ཀུན་སློང་བསླེབས་ཡོང་གི་རེད། མ་ཎི་བགྲངས་ན་སེམས་ཅན་ཐམས་ཅད་ཅེས་རང་བཞིན་གྱིས་བློ་ལ་སླེབས་ཡོང་གི་རེད་ཅེས་གསུང་གི་ཡོད་པ་རེད། དེ་བདེན་པ་ལྟ་བུ་རེད། ཅེས་དང་། དོན་གཉེར་ཅན་མང་པོ་ཞིག་གིས་སྤྱན་རས་གཟིགས་ཀྱི་དབང་ཆེན་ཞིག་བྱུང་ན་ཞེས་སྐུལ་མ་ཡོང་གི་འདུག དེར་བརྟེན། དེ་རིང་དྲ་རྒྱ་བརྒྱུད་ནས་དབང་བྱ་རྒྱུ་ཡིན། དེ་སྔ་རྡོ་རྗེ་གདན་དུ་སྤྱན་རས་གཟིགས་ཀྱི་དབང་ཆེན་དྲ་རྒྱའི་ཐོག་ནས་བྱས་པ་རེད། གང་ལྟར་ངོས་ཀྱིས་བོད་ནང་ཡོད་པའི་བོད་མི་རྒྱ་ཆེའི་མི་མང་ཚོར་དྲ་རྒྱའི་ལམ་ནས་དབང་བསྐུར་རྒྱུར་ངོས་ཀྱིས་དམིགས་པ་བྱས་པ་དང་། ཕར་ཕྱོགས་ནས་མོས་པ་བྱས་ན་དབང་ཐོབ་ཀྱི་རེད་ཅེས་བརྗོད་རྒྱུ་བྱུང་། ཞེས་སོགས་བཀའ་གནང་འདུག
ལྷོ་ཤར་ཨེ་ཤ་ཡའི་གཞོན་སྐྱེས་རྣམས་ལ་དྲ་ལམ་བརྒྱུད་བཀའ་སློབ་སྩལ།
ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༧ ཉིན། བཞུགས་སྒར་དྷ་སའི་ཕོ་བྲང་གི་གཟིམ་ཆུང་ནས་དྲ་ལམ་ཐད་གཏོང་བརྒྱུད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སིངྒ་པོར་དང་། མ་ལེ་ཤཱི་ཡ། ཐའེ་ལན་ཌི། ཝི་དི་ནམ། འབར་མ། ཁམ་པོ་ཌི་ཡ། ལའོ་སི། ཧོང་ཀོང་བཅས་ཀྱི་གཙོས་ལྷོ་ཤར་ཨེ་ཤ་ཡའི་གཞོན་སྐྱེས་རྣམས་ལ་བཀའ་སློབ་དང་དྲི་བར་བཀའ་ལན་སྩལ་བ་དང་སྦྲགས། མགོན་པོ་གང་ཉིད་ས་འགྲོ་བ་མི་དུང་ཕྱུར་བདུན་ཅུ་ལྷག་ཡོད་པ་ཐམས་ཅད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་གྱུར་ཡིན་ལ། ནང་པའི་འདོད་ཚུལ་ལྟར་ན། འགྲོ་བ་མི་ཙམ་མ་ཡིན་པར་སེམས་ཅན་ཐམས་ཅད་རང་དང་རང་གི་གཉེན་ཉེ་རྣམས་བདེ་བ་དང་ལྡན་པར་འདོད་ཅིང་སྡུག་བསྔལ་དང་འབྲལ་བར་འདོད་པ་གཅིག་མཚུངས་ཡིན། ཡིན་ནའང་། འགྲོ་བ་མི་ལ་སེམས་ཅན་གཞན་ལ་མེད་པའི་རྣམ་དཔྱོད་ཁྱད་པར་བ་ཞིག་ཡོད་པས། རྣམ་དཔྱོད་དེས་འཕྲུལ་ཆས་དང་། ཚན་རིག་སོགས་གསར་གཏོད་བྱས་ཐུབ་ཡོད་ཀྱང་། རྣམ་དཔྱོད་དེ་ཉོན་མོངས་པ་དང་ཟུང་དུ་སྦྲེལ་ནས་གོ་མཚོན་འདྲ་མིན་བཟོས་པས་འཛམ་གླིང་ནང་དམག་འཁྲུག་དང་འཚེ་བ་འཕེལ་ཡོད། འགྲོ་བ་མི་མ་གཏོགས་སེམས་ཅན་གཞན་གྱིས་བྱེད་མི་ཐུབ་པ་འདི་ལྟ་བུ་ནི་ཉོན་མོངས་པའི་གཞན་དབང་དུ་གྱུར་པའི་རྣམ་དཔྱོད་ལ་བརྟེན་ནས་བྱུང་བ་ཡིན། ཞེས་གསུངས་ཡོད་པ་རེད།
དྲ་ལམ་ཐད་གཏོང་བརྒྱུད་སེམས་དང་སྲོག་གི་བགྲོ་གླེང་མཛད།
ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༠ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྲ་ལམ་ཐད་གཏོང་བརྒྱུད། ཨ་རིའི་གྲོང་ཁྱེར་ཝི་སི་གོན་སན་མཱེ་ཌི་སན་ (Wisconsin–Madison) གཙུག་ལག་སློབ་གཉེར་ཁང་གི་སེམས་ཁམས་རིག་པ་དང་དབང་རྩ་རིག་པའི་སློབ་དཔོན་ཆེན་མོ། སློབ་གཉེར་ཁང་དེའི་སེམས་ཁམས་བདེ་གནས་ཀྱི་བསྟི་གནས་ཁང་གི་དབུ་འཛིན་ཚན་རིག་པ་གྲགས་ཅན་རེ་ཆི་ཌཱ་ཝིཌ་སན་ལགས་ (Richie Davidson) ལགས་དང་ལྷན་དུ་སེམས་དང་སྲོག་གི་བགྲོ་གླེང་མཛད་ཡོད་པ་དང་། ཀཱ་རོ་ལའེ་ཇེ་ཁོ་ཕུ་སུ་ (Carolyn Jacobs) ལགས་ཀྱི་གཙོ་སྐྱོང་འོག སེམས་དང་སྲོག་གི་བགྲོ་གླེང་རིམ་པའི་སྦྱིན་བདག་ཁག་ཅིག་དང་ཆེད་མཁས་ཚན་རིག་པ་ཁག་ཅིག་ཐད་གཏོང་ནང་མཉམ་ཞུགས་གནང་ཡོད་པ་རེད། སྐབས་དེར་༧གོང་ས་མཆོག་གིས། ནད་ཡམས་འདི་ནད་འབུ་ཕྲ་མོ་ལ་བརྟེན་ནས་བྱུང་བ་དང་། ནད་འབུ་དེ་ལ་བརྟེན་ནས་སྡུག་བསྔལ་སེལ་ཐབས་ཤིག་ང་ཚོའི་ལུས་པོ་ལའང་ནད་འབུ་སྔོན་འགོག་ནུས་པ་ཏན་ཏན་ཡོད་པ་རེད། དེའི་ཐོག་ལ་ཚན་རིག་པ་མཁས་པ་ཚོས་ཞིབ་འཇུག་བྱེད་བཞིན་པ་རེད། ངོས་རང་གིས་བསམ་ན་ང་ཚོའི་བསམ་བློའི་གནས་སྟངས་དང་ནད་ཡམས་གཉིས་བར་འབྲེལ་བ་ཅུང་ཙམ་རེ་ཡོད་པ་རེད། བསམ་བློ་ལྷོད་པོ་དང་སེམས་ནང་གདེང་ཚོད་ཡོད་པ་ཡིན་ན་ན་ཚ་གསོས་པ་དང་མ་འགོས་པར་ཏན་ཏན་ཕན་ཐོགས་ཀྱི་ཡོད། སེམས་ནང་དངངས་སྐྲག་དང་མ་སྐྱིད་པ་ཡོད་དུས་ནད་འབུ་དེ་གཟུགས་པོའི་ནང་འཛུལ་བ་ཡིན་ན་ཡར་འཕེལ་རྒྱུ་ལས་སླ་བོ་ཡོད་པ་ང་ཚོའི་བསམ་བློའི་གནས་སྟངས་ཐོག་ནས་ཡོང་གི་ཡོད། ཅེས་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།
དཔལ་ནཱ་ལེནྡྲའི་སློབ་མའི་ཚོགས་པར་དབུ་མ་འཇུག་པའི་བཀའ་ཆོས་སྩལ།
དཔལ་ནཱ་ལེནྡྲའི་སློབ་མའི་ཚོགས་པ་ཞེས་རྒྱ་གར་གྱི་ནང་པའི་ཚོགས་པ་ཞིག་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༧ ཉིན། བཞུགས་སྒར་དྷ་སའི་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་རིན་པོ་ཆེ་མཆོག་ནས་ཉིན་གྲངས་ ༣ རིང་གི་དཔལ་ལྡན་ཟླ་གྲགས་ཀྱིས་མཛད་པའི་དབུ་མ་འཇུག་པའི་བཀའ་ཆོས་གནང་ཡོད་པ་དང་། ༧གོང་ས་མཆོག་ནས་མི་ལ་ཡོད་པའི་ཁྱད་ཆོས་གཙོ་བོ་དང་ཡག་ཤོས་ནི་བྱམས་སྙིང་རྗེ་ཆགས་ཡོད། ང་ཚོ་སྐྱེས་པ་ནས་མ་ཤི་བར་དུ་གཞན་གྱི་བརྩེ་བའི་འོག་ནས་འཚོ་དགོས་པ་ཞིག་ཆགས་ཡོད། དེར་བརྟེན། ཆོས་ལུགས་མི་འདྲ་བ་ཡོད་པ་ཆ་ཚང་འགྲོ་བ་མིའི་ཆོས་ལུགས་ཡིན་པས་ཆོས་ལུགས་རྣམས་ཀྱི་བསླབ་བྱ་ལ་བྱམས་པ་དང་སྙིང་རྗེ། བཟོད་པ། ཆོག་ཤེས། ཚུལ་ཁྲིམས་ལ་སོགས་པའི་ཉམས་ལེན་གསུངས་ཀྱི་ཡོད། མ་འདྲ་བ་ནི་རྒྱ་གར་གྱི་ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ལུགས་སྲོལ་ཞིག་ལ་ནང་གི་བསམ་བློ་འགྲོ་སྟངས་སྐོར་ལ་འགྲེལ་བཤད་ཧ་ལས་པའི་རྒྱ་ཆེན་པོ་ཡོད་པ་རེད། སངས་རྒྱས་བཅོམ་ལྡན་འདས་ལ་མཚོན་ན་རྒྱ་གར་གྱི་མི་ཞིག་ཆགས་ཡོད་པ་རེད། ཁོང་འཇིག་རྟེན་ལ་ཕེབས་དུས་རྒྱ་གར་ལ་དེ་དུས་ནས་ཆོས་ལུགས་ཀྱི་ལམ་ལུགས་སྲོལ་ཞིག་ཡོད་པ་རེད། ཅེས་སོགས་བཀའ་སྩལ་འདུག
བོད་རིགས་གཞོན་སྐྱེས་རྣམས་ལ་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་གནང་།
ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༤ ཉིན་ནས་ཉིན་གྲངས་ ༣ རིང་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བརྙན་ལམ་བརྒྱུད་བོད་རིགས་གཞོན་སྐྱེས་རྣམས་ལ་རྟེན་འབྲེལ་བསྟོད་པའི་བཀའ་ཁྲིད་གནང་ཡོད་པ་དང་། བཀའ་ཆོས་ཀྱི་ཉིན་གཉིས་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ང་ཚོ་བོད་པ་ཞིག་ཡིན་པའི་ངོས་ནས་བཤད་པ་ཡིན་ན། བོད་ཀྱི་རིག་གཞུང་ཞེས་ཟེར་དུས་དེ་ལྟ་བུའི་ནཱ་ལེནྡྲའི་ཆོས་བརྒྱུད་རིགས་པའི་ལམ་ནས་གཏན་ལ་ཕབ་ནས་བཤད་རྒྱུ་ཡོད་པ་དང་། དེང་སང་ཚན་རིག་པའི་མཉམ་དུ་དཔུང་གདང་གཤིབ་ནས་འགྲོ་རྒྱུ་ཡོད་པ་ནི་བོད་པའི་ཐུན་མོང་མ་ཡིན་པ་ཆགས་ཡོད། དེ་བོད་ལ་མ་གཏོགས་མི་འདུག སྐད་ལ་ཆ་བཞག་ནའང་ལེགས་སྦྱར་གྱི་ནང་ཡོད་པའི་མིང་ཚིག་བོད་སྐད་ནང་དུ་ཆ་ཚང་ཡོད་པ་དང་། པ་ལིའི་སྐད་དང་དབྱིན་ཇིའི་ནང་ལ་ཡོད་པ་མ་རེད། དེ་ལྟའི་ཐོག་ནས་བསམ་བློ་བཏང་བ་ཡིན་ན་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་གཞུང་ཆེན་རྣམས་འཆད་ཉན་བྱེད་དགོས་ན་བོད་ཀྱི་སྐད་ཡིག་ནི་མེད་ཐབས་མེད་པ་ཞིག་རེད། སྐད་ཡིག་གཞན་དུ་འགྱུར་མང་པོ་ཡོད་ཀྱང་བསྒྱུར་བ་པོ་སོ་སོས་མིང་ཚིག་ཅིག་བཟོས་ནས་འགྲོ་བ་མ་གཏོགས་ཚང་མར་གོམས་བསྡད་པའི་མིང་ཚིག་དཀོན་པོ་རེད། དེ་ལ་བོད་སྐད་ཡག་ཤོས་རེད། ཅེས་གསུངས་པ་དང་འབྲེལ། བོད་རིགས་གཞོན་སྐྱེས་ཚོས་དུས་རབས་དང་མཐུན་པའི་ནང་པ་ཞིག་བྱེད་པར་བསླབ་པ་སློབ་གཉེར་གནང་གལ་ཆེ་བའི་སྐོར་བཀའ་སློབ་སྩལ།
གཞོན་སྐྱེས་ཉམས་ཞིབ་པར་ལམ་སྟོན་གནང་།
ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༢ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ཨ་རིའི་ཞི་བདེ་སློབ་གཉེར་ལྟེ་གནས་ཁང་ (United States Institute of Peace) གི་འགན་འཛིན་ལྕམ་སྐུ་ནན་སེ་ལན་བྷོག་ (Nancy Linborg) ལགས་དང་། ཞི་བདེའི་ལྟེ་གནས་ཁང་དེའི་གཞོན་སྐྱེས་ཉམས་ཞིབ་པ་རྣམས་ལ་ད་ལྟའི་འཛམ་གླིང་གི་ནང་འབྱུང་བཞིན་པའི་རྩོད་རྙོག་དང་། ཏོག་དབྱིབས་གཉན་རིམས། བྱམས་བརྩེ་བཅས་ཀྱི་སྐོར་དྲ་ལམ་བརྒྱུད་བཀའ་སློབ་གནང་ཡོད་པ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཡིན་པའི་ཆ་ནས་རང་བཞིན་ལྷན་སྐྱེས་ཀྱིས་ཚོགས་པ་ལ་བལྟོས་པ་དང་། ཚོགས་པའི་ནང་གི་མི་ཕན་ཚུན་ལ་སེམས་ཁུར་དང་བྱམས་བརྩེ་ཡོད་པ་ནི་མི་ཡི་རང་ཆས་ཤིག་རེད། སློབ་སྦྱོང་སྤྲོད་མཁན་དང་ངོ་སྤྲོད་བྱེད་མཁན་སུ་ཡང་མེད་ཀྱང་སྐྱེས་ཙམ་ཉིད་ནས་བརྒྱ་ཆ་བརྒྱ་ཐམ་པ་ཨ་མར་ཡིད་ཆེས་བྱེད་པ་དང་། ཨ་མའི་ངོས་ནས་ཀྱང་བྱམས་བརྩེས་སྐྱོང་བཞིན་ཡོད། གཟུགས་པོའི་ཆ་ནས་ཀྱང་མ་ཡི་ནུ་ཞོས་འཚོ་དགོས་པ་ནི་ལྷན་སྐྱེས་ཀྱི་རང་བཞིན་ཆགས་ཡོད། སྡོམ་རྒྱབ་ནས་ཞུས་ན། ང་ཚོ་གསོན་པ་ལ་གཞན་ཕན་གྱི་བྱམས་བརྩེའི་བློ་ཞིག་ངེས་པར་དུ་དགོས་ཀྱི་ཡོད་པ་རེད། གོ་ལ་འདིར་ཆ་བཞག་ན་འབུ་སྲིན་ཆུང་ཆུང་གི་རིགས་བཤད་ཐུབ་ཀྱི་མེད། དེ་མིན་པའི་བྱ་བྱེའུའི་རིགས་ལྟ་བུས་སོ་སོའི་ཕྲུ་གུ་ལ་བྱམས་སྐྱོང་དང་སོ་སོའི་ཚོགས་པ་ལ་སེམས་ཁུར་དང་བྱམས་སྐྱོང་བྱེད་ཀྱི་ཡོད་པ་རེད་འདུག འདི་ནི་ཆོས་ལུགས་དང་འབྲེལ་ནས་ཡོང་གི་མེད་པར་ཕུང་པོ་གྲུབ་ཙམ་ནས་ལྷན་སྐྱེས་ཀྱི་རང་བཞིན་ཆགས་ཡོད། ཅེས་སོགས་གསུངས་ཡོད་པ་རེད།
ཤེས་བྱ་ཁོ་ན་ཡིས་མི་ལ་བདེ་སྐྱིད་བསྐྲུན་ཐུབ་ཀྱི་མེད།
ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༥ ཉིན། བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སེམས་ (Mind Mingle) ཞེས་པའི་ལས་འཆར་ཚོགས་པའི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཚོགས་པ་དེ་གསར་འཛུགས་གནང་མཁན་གྲས་དང་འགན་འཛིན་ནཱ་ཝན་ཤར་མ་ (Naveen Sharma) ལགས་དང་། ཨ་རི་དང་ཝེ་ཐི་ནམ། སིང་གྷ་ལ་སོགས་ནས་ཡིན་པའི་སློབ་གསོ་སྤྲོད་མཁན་ཁག་ཅིག་ལ། དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་ནང་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་མཁོ་ཚུལ་ཞེས་པའི་བརྗོད་གཞིའི་སྟེང་བཀའ་སློབ་དང་དེ་འབྲེལ་གྱི་དྲི་བར་བཀའ་ལན་བསྩལ་ཡོད་པ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་ཡོང་བ་དང་། མི་སྒེར་རེ་རེ་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་ཤེས་བྱ་ཁོ་ནས་བདེ་སྐྱིད་བསྐྲུན་ཐུབ་པའི་ཁེག་ཐག་བྱེད་ཐུབ་ཀྱི་མེད་པ་རེད། ང་ཚོས་མི་རིག་པ་ཅན་དང་ཤེས་ཡོན་ཚད་མཐོན་པོ་ཡོད་ནའང་། ཁོང་ཚོར་བདེ་སྐྱིད་མེད་པ་མཐོང་གི་ཡོད་པ་རེད། དེ་བས་ངོས་ཀྱི་རྟག་ཏུ་དེང་རབས་ཀྱི་ཤེས་ཡོན་ནི་ཕྱི་དངོས་པོར་གཙོ་འཛིན་བྱེད་པའི་ཕྱོགས་སུ་ལྷུང་ཡོད་པ་དང་། མི་ལ་བདེ་སྐྱིད་བསྐྲུན་ཐབས་སུ་ལོ་ངོ་སྟོང་ཕྲག་འགོར་བའི་རྒྱ་གར་གྱི་གནའ་བོའི་བྱམས་སྙིང་རྗེ་དང་འཚེ་བ་མེད་པ་གཉིས་མཁོ་ཡི་ཡོད་པ་བཤད་ཀྱི་ཡོད། བྱམས་སྙིང་རྗེ་ཡིས་ནང་སེམས་ལ་ཞི་བདེ་དང་སྙིང་སྟོབས་སྦྱིན་གྱི་ཡོད་པ་དང་། དེའི་འབྲས་བུར་སེམས་ཁྲལ་དང་ཞེད་སྣང་ཉུང་བ་ཡོད་སྐོར་གསུངས་ཡོད་པ་རེད།
ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བར་དྲ་ལམ་བརྒྱུད་བཀའ་ཆོས་གནང་།
ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༤ ནས་ཉིན་གྲངས་གསུམ་གྱི་རིང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྲ་ལམ་བརྒྱུད་ལྷོ་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བ་ཚོར་དངུལ་ཆུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་གནང་ཡོད་པ་དང་། བཀའ་ཆོས་ཀྱི་ཉིན་མཐའ་མར་༧གོང་ས་མཆོག་གིས། ཆོས་ལུགས་རིགས་ཁ་ཤས་ནི་འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་། རིགས་འགའ་ཤས་ནི་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཁྱད་པར་མང་པོ་ཡོང་གི་ཡོད་ནའང་། སོ་སོ་སྒེར་གྱི་ཐོག་ནས་འདོད་ཆུང་ཆོག་ཤེས་དང་། བཟོད་པའི་ཉམས་ལེན་བྱེད་པ། བྱམས་བརྩེ་ཉམས་ལེན་བྱེད་པ། གང་ཐུབ་ཐུབ་ཀྱིས་གཞན་ཕན་སྒྲུབ་རྒྱུ་ནི་ཆོས་ལུགས་ཚང་མས་གསུང་གི་ཡོད་སྐོར་དང་། དེང་གི་སོ་སོ་གཅིག་པུར་བསམ་བློ་བཏང་ནས་སྡོད་པའི་དུས་ཚོད་འདིར་ཆོས་ལུགས་འདྲ་མིན་ཚང་མ་མི་ལ་དགོས་མཁོ་ཡོད་པ་ཞིག་ཆགས་ཡོད་སྐོར་སོགས་གསུངས་ཡོད་པ་རེད།
རྒྱལ་སྤྱིའི་དབུ་འཁྲིད་རྣམ་པའི་དྲ་ལམ་ལྷན་ཚོགས་ཐོག་བཀའ་སློབ་སྩལ།
ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༩ ཉིན་ནས་ཉིན་གྲངས་གཉིས་རིང་། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་དང་རྒྱལ་སྤྱིའི་དབུ་འཁྲིད་རྣམ་པས་དྲ་ཐོག་ནས་བྱིས་པ་ཚོར་ཐོབ་ཐང་འདྲ་མཉམ་བསྐྲུན་ཞེས་པའི་ཆེས་མཐོའི་ལྷན་ཚོགས་ཀྱི་ཚོགས་འདུ་ཚོགས་ཡོད་པ་དང་། དེའི་ཐོག་བརྙན་ཐུང་བརྒྱུད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། སྤྱི་ཚོགས་དབུལ་ཕྱུག་གི་ཐད་ནས་བཤད་ན། ངོས་རང་སྤྱི་ཚོགས་རིང་ལུགས་པ་ཞིག་ཡིན། ངོས་ཀྱིས་ནམ་རྒྱུན་མི་མང་གི་བདེ་སྡུག་སྐོར་བརྗོད་ཀྱི་ཡོད་པ་དང་། མི་མང་ཕལ་ཆེ་བ་ནི་འཚོ་བའི་གནས་སྟངས་སྐྱོ་བོ་རེད། དེར་བརྟེན་བྱིས་པ་ཚོར་ཞུ་རྒྱུར། ཁྱེད་རང་ཚོས་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད་པ་དེ་ཉུང་དུ་ཇི་ལྟར་གཏོང་དགོས་པའི་སྐོར་དོ་སྣང་མང་ཙམ་གནང་རོགས། དེ་ནི་ངོས་ཀྱི་དོ་ཁུར་བྱེད་ས་གཙོ་བོ་ཡིན། ཁྱེད་རང་ཚོ་སྤྱི་ཚོགས་རིང་ལུགས་པ་ཡིན་ན་རེད་མིན་ནའང་རེད། གང་ལྟར་ངོས་ཀྱིས་ཁྱེད་རང་ཚོར་འདི་ཞུ་འདོད་བྱུང་། ང་ཚོས་འགྲོ་བ་མི་ཚང་མར་བསམ་བློ་གཏོང་དགོས་པ་དང་། ལྷག་པར་མི་སྐྱོ་བོ་ཚོར་བསམ་བློ་གཏོང་དགོས། མི་སྐྱོ་བོ་ཚོར་ཁྱེད་ཚོའི་རོགས་རམ་དགོས་ཀྱི་ཡོད། མི་སྐྱོ་བོ་ཚོས་དཀོན་མཆོག་དང་། ཁ་ཆེའི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་བཅས་ལ་སྨོན་ལམ་བརྒྱབ་པ་ཙམ་གྱིས་ཡོང་ཐབས་མེད། ཅེས་བཀའ་གནང་ཡོད་པ་རེད།
ཁོར་ཡུག་གི་གནད་དོན་དང་བྱམས་བརྩེའི་འབྲེལ་བའི་སྐོར་ལ་བགྲོ་གླེང་མཛད་པ།
ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༢ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མེཁ་སི་ཀོ་ཡུལ་གྱི་གློག་བརྙན་འཁྲབ་ཅིང་བཟོ་སྐྲུན་མཁན་དང་། མིག་དཔེ་ཡར་སྟོན་མཁན་སྐུ་ཞབས་ཡུ་རྗིན་རྡེར་བྷེཛི་ (Eugenio Derbez)ལགས་དང་ལྷན་དུ་ཁོར་ཡུག་གི་གནད་དོན་དང་བྱམས་བརྩེའི་འབྲེལ་བའི་སྐོར་ལ་བགྲོ་གླེང་མཛད་ཡོད་པ་རེད། དེང་རབས་ཚན་རིག་པ་ཚོར་ཕྱི་དངོས་པོའི་སྐོར་ཤེས་བྱ་ཡོན་ཏན་ཧ་ཅང་ཡག་པོ་ཡོད་ནའང་། ནང་སེམས་ཁམས་དང་ཀླད་པའི་སྐོར་ལ་ཤེས་བྱ་དེ་ཙམ་མེད། དེང་རབས་ཚན་རིག་པ་ཚོས་དཔལ་ནཱ་ལེནྡྲའི་སེམས་ཁམས་རིག་པ་དང་ཚད་མ་རིག་པར་རྗེས་སུ་ཡི་རང་གནང་གི་འདུག དེང་སང་ང་ཚོར་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་སྟབས། ནང་སེམས་ཀྱི་འཕྲོད་བསྟེན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།
ནང་པ་དང་ཁ་ཆེ་ཐུན་མོང་གི་སྙིང་རྗེ་དང་བཟོད་པའི་སྐོར་གྱི་བགྲོ་གླེང་མཛད་པ།
ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༨ ཉིན། མ་ལེ་ཤི་ཡའི་བོད་ཀྱི་རིག་གཞུང་བསྟི་གནས་ཁང་དང་མ་ལེ་ཤི་ཡ་ཁ་ཆེ་གཞོན་སྐྱེས་ལས་འགུལ་ཚོགས་པ་ཟུང་གི་གོ་སྒྲིག་འོག དྷ་སའི་བཞུགས་སྒར་ནས་དྲ་ལམ་བརྒྱུད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཁ་ཆེ་དང་ནང་པའི་གླེང་སྟེགས་ཞེས་པའི་ཆ་ཤས་སུ་མ་ལེ་ཤི་ཡའི་རྒྱལ་སྤྱིའི་ཁ་ཆེའི་ལྟ་གྲུབ་དང་དཔལ་ཡོན་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དྷ་ཊུག་གྲོག་ཊར་ཨོས་མན་བྷ་ཀར་ (Datuk Dr. Osman Bakar) མཆོག་དང་ལྷན་དུ་བགྲོ་གླེང་མཛད་ཡོད་པ་དང་། ༧གོང་ས་མཆོག་ནས་ཆོས་ལུགས་ཕན་ཚུན་བར་བཀའ་མོལ་གནང་རྒྱུ་ནི་དེང་གི་དུས་སུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཤིན་ཏུ་གལ་ཆེ་བའི་བྱམས་སྙིང་རྗེ་དང་སྙིང་རྗེའི་ཀུན་ནས་བསླངས་བའི་བཟོད་པའི་སྐོར་ལ་ནང་པ་དང་ཁ་ཆེ་གཉིས་ཀྱི་ལྟ་གྲུབ་ཐོག་བཀའ་མོལ་གནང་རྒྱུ་བྱུང་བ་དེ་གལ་ཆེན་པོ་རེད། མ་ལེ་ཤི་ཡའི་ནང་དང་ལྷག་པར་དུ་ཨེ་ཤ་ཡའི་ཤར་ལྷོའི་ཁུལ་ལ་བགྲོ་གླེང་འདི་ལྟ་བུ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངའི་སེམས་སུ་ཆོས་ལུགས་ཕན་ཚུན་བར་བགྲོ་གླེང་གནང་བའི་དགོས་དམིགས་གཙོ་དེ་ནི་ཕྱོགས་གཉིས་ཀྱི་མཐུན་པའི་ཕྱོགས་ངོས་འཛིན་དང་། མི་མཐུན་པའི་ཕྱོགས་རྒྱ་ཆུང་དུ་གཏོང་བ་དང་། མི་མཐུན་པའི་ཕྱོགས་རྒྱ་ཆུང་དུ་གཏོང་རྒྱུ་མེད་པ་ཡིན་ན་ཕན་ཚུན་འཚེ་བ་དང་འཁོན་འཛིན་ཆུང་དུ་གཏོང་རྒྱུ་གལ་ཆེན་པོ་ཡིན། ཞེས་སོགས་གསུངས་ཡོད་པ་རེད།
ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བར་ཆོས་འབྲེལ་བཀའ་དྲིན་བསྐྱངས།
ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢ ཉིན་ནས་ཉིན་གྲངས་གསུམ་གྱི་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཐའེ་ཝན་གྱི་དད་ལྡན་མི་མང་ལ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོ་དང་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པ་གཉིས་ཀྱི་གསུང་ཆོས། དེ་བཞིན་སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་བཅས་ཀྱི་ཆོས་འབྲེལ་གནང་ཡོད་པ་དང་། གསུང་ཆོས་ཀྱི་ཉིན་མཐའ་མར་༧གོང་ས་མཆོག་ནས་ངོས་ལ་ཆ་བཞག་ནའང་ད་ལོ་དང་ལོ་སྔོན་མ་བསྡུར་བ་ཡིན་ན་ཕལ་ཆེར་སེམས་ཀྱི་ཉམས་མྱོང་ཕྲན་བུ་ཆེ་རུ་འགྲོ་བཞིན་ཡོད། ཁྱོད་རང་ཚོས་ཀྱང་དེ་དེ་བཞིན་བྱས་ནས་ད་ལྟའི་བསམ་བློའི་འགྲོ་སྟངས་དང་ལོ་སྔོན་མའི་བསམ་བློ་གཉིས་བསྡུར་བ་ཡིན་ན་ཏོག་ཙམ་ཡར་རྒྱས་ལ་འགྲོ་འདུག་བསམ་པ་ཡོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ལོ་མང་པོ་ཕྱིན་ཀྱང་སེམས་ཡར་རྒྱས་ལ་མ་སོང་། ཆོས་ཀྱི་སློབ་སྦྱོང་གང་འཚམ་ཡོད་ནའང་སེམས་ཡར་རྒྱས་འགྲོ་རྒྱུ་མེད་པར་བསྡད་པ་ཡིན་ན་མ་འགྲིག་པ་རེད། སོ་སོའི་སེམས་ལ་ཞུ་དག་བཏང་ནས་རྩད་གཅོད་བྱེད་སྐབས་སྔོན་མ་ལོ་བཅུའི་གོང་གི་བསམ་བློ་གཏོང་སྟངས་ལ་འགྱུར་བ་ཕྱིན་འདུག་བསམ་པ་ལྟ་བུ་དང་། ལོ་རེ་རེའི་ནང་དུ་འགྱུར་བ་ཕྱིན་འདུག་བསམ་པ་ལྟ་བུ་གང་ལྟར་ཞུ་དག་གཏོང་དུས་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བཞིན་ཡོད་པ་ཞིག་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་གསུངས།
སྲིད་ཟུར་དམ་པ་ཨབ་དུལ་ཀ་ལམ་མཆོག་གི་རྗེས་དྲན་ཐོག་བཀའ་སློབ་སྩལ།
ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༥ ཉིན། རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་གཤེགས་ཨེ་པི་ཇེ་ཨབ་དུལ་ཀ་ལམ་མཆོག་གི་རྒྱལ་སྤྱིའི་ཐེབས་རྩ་ཁང་གི་གོ་སྒྲིག་འོག སྲིད་འཛིན་ཟུར་པ་ཨབ་དུལ་ཀཱ་ལམ་མཆོག་འཁྲུངས་ནས་ལོ་ངོ་ ༨༩ འཁོར་བའི་དུས་དྲན་སྲུང་གཙིའི་ཐོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཚོགས་འདུའི་སྐུ་མགྲོན་གཙོ་བོར་གདན་འདྲེན་ཞུས་པ་ལྟར། བཞུགས་སྒར་དྷ་སའི་ཕོ་བྲང་ནས་དྲ་ལམ་བརྒྱུད་འཛམ་གླིང་ཞི་བདེའི་ཆེད་འཕྱར་བ་གྲུ་འདེགས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་སྟོན་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་ནས། རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨེ་པི་ཇི་ཨབ་དུལ་ཀ་ལམ་མཆོག་ནི་ཁ་ཆེ་ཡིན་ཡང་རྒྱ་གར་གྱི་མགོ་ཁྲིད་གོ་གནས་ཚད་མཐོ་ཤོས་ལ་སླེབས་མྱོང་ཡོད། ངོས་ཀྱིས་ནམ་རྒྱུན་རྒྱ་གར་ནི་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་ཡོད་མཁན་གྱི་རྒྱལ་ཁབ་མིག་དཔེ་ལྟ་བུ་རེད། ཅེས་བརྗོད་ཀྱི་ཡོད། རྒྱ་གར་ནང་ལོ་ངོ་སྟོང་ཕྲག་གསུམ་རིང་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་བྱས་ནས་གནས་པ་མ་ཟད། ཕྱིས་སུ་ཁ་ཆེའི་ཆོས་ལུགས་དང་། ཡེ་ཤུའི་ཆོས་ལུགས། གཅེར་བུ་བའི་ཆོས་ལུགས་སོགས་འཛམ་གླིང་གི་ཆོས་ལུགས་གཙོ་ཆེ་བ་རྒྱ་གར་ནང་མཐུན་སྒྲིལ་དང་ཕན་ཚུན་བརྩི་བཀུར་བྱས་ནས་གནས་ཡོད། ཅེས་བཀའ་སྩལ་ཡོད་པ་རེད།
ཨུ་རུ་སུའི་དད་ལྡན་ཆོས་ཞུ་བར་བྱང་ཆུབ་སེམས་འགྲེལ་གྱི་གསུང་ཆོས་སྩལ།
ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༥ ནས་ཉིན་གྲངས་ ༣ རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་ཚོར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་སྩལ་ཡོད་པ་དང་། ཉིན་དང་པོའི་བཀའ་ཆོས་དབུ་འཛུགས་མ་གནང་གོང་དུ། རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་ཨུ་རུ་སིའི་ནང་པའི་རྗེས་འཇུག་པ་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་ཡུལ་དེའི་ནང་དུ་བསྟན་པ་སླར་གསོ་གནང་བར་བཀའ་དྲིན་ཆེ་ཞུས་པ་དང་། ཨུ་རུ་སུའི་ནང་གི་ནང་བསྟན་གྱི་གནས་སྟངས་ངོ་སྤྲོད་ཞུས་རྗེས་༧གོང་ས་མཆོག་གིས། འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་མི་འདྲ་བ་དེ་དག་གིས་གང་ལྟར་བྱམས་པ་དང་སྙིང་རྗེ་རྩ་བ་བྱས་ནས་གསུང་གི་ཡོད་པས་མི་ལ་ཕན་གྱི་ཡོད་པ་རེད། སེམས་ལ་ཞི་བདེ་ཡོང་བར་ཕན་གྱི་ཡོད། ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་གིས་སྡུག་བསྔལ་ཉུང་དུ་གཏོང་བ་དང་བདེ་བ་ཡག་པོ་ཡོང་བའི་རྒྱུ་མཚན་གྱི་ཐོག་ནས་བསམ་བློ་གཏོང་བའི་མིའི་ཁྱད་ཆོས་དེ་ཡོད་པས་ཆོས་ལུགས་ཚང་མས་བྱམས་བརྩེ་གསུང་གི་ཡོད། ངོས་ཀྱི་ངོས་ནས་དད་པ་དང་གུས་པ་གཉིས་ཀྱི་དབྱེ་བ་ཕྱེས་ཏེ་ཆོས་ལུགས་ཚང་མར་གུས་བཀུར་བྱེད་ཀྱི་ཡོད། དད་པ་དེ་སོ་སོའི་ཆོས་ལ་བྱོས། གུས་པ་ནི་ཆོས་ལུགས་ཚང་མར་བྱེད་དགོས། ཅེས་གསུངས་ཡོད་པ་རེད།
སེ་ཡུལ་རྒྱལ་སྤྱིའི་ནང་བསྟན་གྱི་བཤད་པ་ཐེངས་ ༡༥ ཐོག་བཀའ་སློབ་སྩལ་བ།
ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༨ ཉིན། སེ་ཡུལ་རྒྱལ་སྤྱིའི་ནང་བསྟན་གྱི་བཤད་པ་ཐེངས་ ༡༥ པའི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ཀོ་རི་ཡའི་ཆོས་གྲོགས་ཚོས་དཔེ་ཆ་ལྟ་དགོས། ཁྱེད་རང་ཚོའི་སྐད་ཡིག་ནང་ཡོད་པའི་གཞུང་དེ་དག་ངེས་པར་དུ་སློབ་སྦྱོང་བྱེད་དགོས། གལ་ཏེ་མེད་པ་ཡིན་ནའང་དེང་སྐབས་ལོ་ཙཱ་བ་དེ་འདྲ་སླེབ་ཡོང་གི་ཡོད་སྟབས། ཀོ་རི་ཡའི་སྐད་ཡིག་ནང་ཚུར་བསྒྱུར་ནས་སློབ་སྦྱོང་གནང་ཐུབ་ན་ཕན་ཐོགས་ཡོད། དབུ་མའི་ལྟ་གྲུབ་དང་ཚད་མ་རིག་པ་དེ་ཚོའི་གྲས་ནི་ཆོས་པ་ཁོ་ནའི་སྐད་ཆ་མ་རེད། ཤེས་ཡོན་གྱི་འདུ་ཤེས་བཞག་ནས་སློབ་སྦྱོང་བྱེད་ཀྱི་ཡིན་ན་ཕན་ཐོགས་ཧ་ཅང་ཡོད་པ་རེད། ཚན་རིག་པ་ཚོས་དེ་དག་ལ་དོ་སྣང་བྱེད་དུས་ལྟ་གྲུབ་དང་ཚད་མ་རིག་པར་དོ་སྣང་བྱེད་པ་རེད་མ་གཏོགས་ནང་པ་བྱེད་ཀྱི་ཡིན་ཟེར་ནས་བསླབ་ཀྱི་མེད། དེར་བརྟེན་ཤེས་ཡོན་རང་གི་འདུ་ཤེས་བྱས་ནས་སློབ་སྦྱོང་བྱེད་དགོས། ཞེས་དང་། སྤྱོད་འཇུག་ནང་བདག་གཞན་མཉམ་བརྗེ་གསུང་གི་ཡོད་པ་དང་། ཀོ་རི་ཡའི་སྐད་ནང་སྤྱོད་འཇུག་མེད་ཚེ་ངེས་པར་དུ་བསྒྱུར་དགོས་སྐོར་གྱི་བཀའ་སློབ་ལམ་སྟོན་གནང་།
ཡུལ་ཅན་བློའི་རྣམ་གཞག་སྐོར་གྱི་དབྱིན་དེབ་དབུ་འབྱེད་གནང་།
ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༣ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྲ་ལམ་བརྒྱུད་ཚན་རིག་ཀུན་བཏུས་དེབ་ཕྲེང་གཉིས་པ་ཡུལ་ཅན་བློའི་རྣམ་གཞག་སྐོར་གྱི་དབྱིན་བསྒྱུར་དེབ་དབུ་འབྱེད་གནང་ཡོད་པ་དང་། ཝ་སི་ཀོན་སིན་གཙུག་ལག་མཐོ་སློབ་ཁང་གི་སེམས་ཁམས་འཕྲོད་བསྟེན་ཉམས་ཞིབ་ལྟེ་གནས་ཁང་བརྒྱུད་སྒོམ་སྒྲུབ་ཉམས་ལེན་ཁང་གི་འགན་འཛིན་སློབ་དཔོན་རྗོན་ཌཱན་ལགས་དང་། སེམས་དང་སྲོག་གི་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས། ཝིསི་ཌཱམ་དཔེ་སྐྲུན་ཁང་གི་དབུ་འཁྲིད་ཌེ་ནི་ཡལ་ཨེཊ་ཀེན་བཅས་ཀྱི་དྲི་བར་བཀའ་ལན་གནང་ཡོད་པ་རེད། སྐབས་དེར་༧གོང་ས་མཆོག་གིས་ནང་པའི་གཞུང་དུ་ཕྱིའི་གཟུགས་ཅན་རྡུལ་ཕྲ་རབ་ལས་ཇི་ལྟར་གྲུབ་པའི་སྐོར་རྩད་གཅོད་བྱེད་པ་ཡོད་ཀྱང་། སེམས་ཁམས་རིག་པ་གཙོ་བོར་བྱས་ཏེ་གསུངས་ཀྱི་ཡོད། དེང་སང་ཚན་རིག་པའི་མཉམ་དུ་སྐད་ཆ་བཤད་དུས་ཕྱི་དངོས་ཁམས་རིག་པའི་སྐོར་དེ་ཚན་རིག་པ་ཚོས་རྩད་གཅོད་བྱས་ཏེ་ཧ་ཅང་ཡག་པོ་བཤད་རྒྱུ་ཡོད་པ་རེད། གནས་ཚུལ་ཧ་ཅང་ཡག་པོ་ཤེས་ཡོད་པ་རེད། ནུབ་ཕྱོགས་ནས་ཚན་རིག་ཡོང་བ་རེད། ཚན་རིག་གི་ནང་དུ་སེམས་ཁམས་རིག་པའི་སྐོར་ཧ་ཅང་ཚད་དམའ་བོ་རེད། དེར་བརྟེན། དང་པོ་ཡིད་བློ་དང་ཡིད་ཀྱི་རྣམ་པར་ཤེས་པ་སོགས་ཀྱི་དབྱེ་བ་འབྱེད་ཤེས་ཀྱི་མི་འདུག དེང་སང་ཀླད་པའི་གནས་ཚུལ་ཞིབ་ཕྲ་འགྲེལ་བཤད་རྒྱག་མཁན་གྱི་ཚན་རིག་པ་ཚོས་སེམས་ཀྱི་རྣམ་རྟོག་འདྲ་མིན་ཡོང་བའི་སྐབས་སུ་ཀླད་པ་སོ་སོར་བྱེད་ལས་མི་འདྲ་བ་ཡོང་བཞིན་པ་བཤད་ཀྱི་འདུག གང་ལྟར་སེམས་ཁམས་རིག་པ་ནི་དེང་སང་མ་འདང་བའི་ཆ་ཞིག་རེད། ཅེས་གསུངས་ཡོད་པ་རེད།
འཇིག་རྟེན་འཇིག་འགྲོ་ཡི་སྒང་ལ་དཀའ་ངལ་ལྷག་མ་བཟོས་པ་ནི་བློ་ཕམ་པོ་རེད།
ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༩ ཉིན། བཞུགས་སྒར་དྷ་སའི་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཨོ་གླིང་གི་སི་ཊི་ནེའི་གཙུག་ལག་སློབ་གཉེར་ཁང་གི་ཀླད་པ་དང་སེམས་ཀྱི་ཉམས་ཞིབ་སྡེ་ཚན་གྱི་སློབ་དཔོན་ཨོ་ཨེན་ཧི་ཀི་ (Prof. Ian Hickie) ལགས་དང་ལྷན་དུ། ཨོ་གླིང་ནང་ ༢༠༢༠ ལོའི་བདེ་སྐྱིད་དང་དེའི་རྒྱུ་རྐྱེན་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་། གཙོ་སྐྱོང་བའི་དྲི་བར་བཀའ་ལན་གནང་སྐབས། ༧གོང་ས་མཆོག་ནས། དེང་སང་འཛམ་བུ་གླིང་ནང་དུ་དཀའ་ངལ་འཕྲད་བཞིན་པ་དཔེར་ན། འཛམ་གླིང་ཚ་དྲོད་འཕེལ་བཞིན་ཡོད་པ་ལྟ་བུ་ནི་མིས་སྟངས་འཛིན་བྱེད་ཐབས་བྲལ་བ་ཞིག་ཡིན་པ་དང་། ལྷོ་ཨ་མེ་རི་ཁ་དང་ཨོ་གླིང་ནང་དུ་ཤིང་ནགས་ལ་མེ་ཆེན་པོ་ཤོར་བ་ནི་དཀའ་ངལ་ཚབས་ཆེན་པོ་ཡིན་པ་མ་ཟད། ཡང་ཡང་ཡོང་རྒྱུའི་དཀའ་ངལ་ཞིག་ཀྱང་ཆགས་ཀྱི་ཡོད་སྐོར་དང་། ང་ཚོ་འཛམ་གླིང་འདིའི་ཐོག་གསོན་པའི་རིང་། མི་ཚེ་བདེ་སྐྱིད་ལྡན་པ་དང་ཞི་བདེའི་བག་ཕེབས་ངང་གནས་དགོས་པ་ནི་གལ་ཆེན་པོ་ཡིན་པ་མ་ཟད། འཇིག་རྟེན་ཁམས་ཡོངས་རྫོགས་འཇིག་འགྲོ་ཡི་ཡོད་པ་དེའི་སྒང་ལ་ཡང་བསྐྱར་ང་རང་ཚོས་འཁྲུག་རྩོད་རྒྱག་པ་སོགས་ཀྱི་དཀའ་ངལ་ལྷག་མ་བཟོས་པ་ནི་བློ་ཕམ་པོ་ཞིག་ཡིན་སྐོར་སོགས་གསུངས་ཡོད་པ་རེད།
འགྲོ་བ་མིའི་འཚོ་རྟེན་དུ་བྱམས་བརྩེའི་དགོས་མཁོ།
ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༩ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྲ་ལམ་བརྒྱུད་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་ (Emory University) གི་རྟོག་དཔྱོད་རིག་པ་དང་བྱམས་བརྩེ་ལ་བརྟེན་པའི་བཟང་སྤྱོད་ཀྱི་བསྟི་གནས་ཁང་གི་གོ་སྒྲིག་འོག རོབ་དང་མེ་ལ་ནི་ཝལ་ཊོན་དགེ་རྩ་ཚོགས་པའི་ (Rob and Melani Walton Foundation) ལྕམ་མེ་ལཱེན་ཝཱ་ཌོན་ (Melani Walton) དང་། སི་ཨིན་ཨིན་གྱི་སྨན་རྫས་སྐོར་གྱི་གསར་འགོད་པ་གཙོ་གྲས་སཱན་ཇེ་ཀུབ་ཏཱ་ (Sanjay Gupta) གཉིས་དང་ལྷན་དུ་འགྲོ་བ་མིའི་འཚོ་རྟེན་དུ་བྱམས་བརྩེའི་དགོས་མཁོ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས། མི་རབས་སྔ་མའི་སྐབས་སུ་སེམས་ཀྱི་ཞི་བདེའི་སྐོར་ལ་བཀའ་མོལ་གནང་མཁན་མང་པོ་མེད་ནའང་། དེང་སྐབས་འཛམ་གླིང་ནང་སེམས་ཀྱི་འཕྲོད་བསྟེན་སྐོར་ལ་དོ་སྣང་གནང་མཁན་མང་པོ་ཡོད་པ་དང་། དངོས་ཡོད་ལ་ཕྱི་དངོས་པོ་དང་འཕྲུལ་ལས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ནའང་། དཀའ་ངལ་མུ་མཐུད་ནས་ཡོང་གི་ཡོད་ལ། དཀའ་ངལ་དེ་དག་སེམས་ཀྱི་ཞི་བདེ་མེད་པའི་དཀའ་ངལ་ཞིག་ཡིན་སྟབས། ནང་སེམས་ཀྱི་ཞི་བདེ་བསྐྲུན་པར་དམིགས་བསལ་དོ་སྣང་བྱེད་པའི་དུས་ལ་བབ་ཡོད་པ་དང་། དེ་ལྟར་དོ་སྣང་བྱུང་ན་དངོས་ཀྱི་ལག་ལེན་དེའང་ཞི་བདེ་དང་ལྡན་པ་ཡོང་གི་ཡོད་སྐོར་གསུངས་ཡོད་པ་རེད།
རྒྱ་གར་གྱི་འཕྲུལ་རིག་སློབ་ཆེན་གྱི་སློབ་མར་བཀའ་ཆོས་སྩལ།
ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༥ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཞུགས་སྒར་གྱི་རྒྱལ་བའི་ཕོ་བྲང་ནས་བརྙན་ལམ་བརྒྱུད། རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་མཱམ་བྷའེ་རུ་རྟེན་གཞི་བྱས་པའི་རྒྱ་གར་གྱི་འཕྲུལ་རིག་སློབ་ཆེན་ (IIT) གྱིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། གནའ་བོའི་རྒྱ་གར་གྱི་རིག་གཞུང་དང་དེང་དུས་ཀྱི་ཤེས་ཡོན་གཉིས་ཟུང་སྦྲེལ་བྱེད་ཐབས་སོགས་ཀྱི་སྐོར་བཀའ་སློབ་ལམ་སྟོན་དང་དྲི་བར་བཀའ་ལན་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས། དེང་སྐབས་ང་ཚོའི་འཛམ་གླིང་འདིར་འབྱུང་བཞིན་པའི་དཀའ་ངལ་མང་པོ་ཞིག་ང་ཚོ་མི་རང་གིས་བཟོས་པ་ཞིག་རེད། སུ་གཅིག་ལའང་དཀའ་ངལ་དགོས་ཀྱི་མེད་ནའང་། ང་ཚོས་ད་དུང་དཀའ་ངལ་འདི་འདྲ་མང་པོ་བཟོ་ཡི་ཡོད་པ་རེད། དེའི་རྒྱུ་མཚན་གང་རེད་ཟེར་ན། ང་ཚོའི་བསམ་བློ་གཏོང་སྟངས་དེ་འཚེ་མེད་དང་བྱམས་བརྩེ་གཉིས་ལ་འབྲེལ་བ་མེད་པས་རེད། དེར་བརྟེན་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད་པའི་རྒྱ་གར་གྱི་བསམ་བློ་ཉར་ཚགས་ཙམ་དུ་མ་ཟད་བསྐྱར་གསོ་དགོས་ཀྱི་ཡོད་པ་རེད། ཅེས་འཚེ་མེད་དང་བྱམས་བརྩེ་ནི་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་དང་འཛམ་གླིང་ཞིག་སྐྲུན་ཐབས་ཀྱི་གཞི་རྩ་ཡིན་སྟབས། རྒྱ་གར་གྱིས་འཛམ་གླིང་ཡོངས་ལ་འཚེ་མེད་དང་བྱམས་བརྩེའི་བསླབ་བྱ་ཐོག་ནས་ཆོས་ལུགས་མཐུན་སྒྲིལ་གྱི་དཔེ་སྟོན་དགོས་སྐོར་གསུངས།
གསར་འགོད་པ། ཀླུ་མགོན་ཐར།