ཁྲིམས་ལུགས་རིག་པ་བ་བློ་བཟང་ཆོས་འབྱུང་།
གཅིག གླེང་སློང་བ།
བསྟན་འཛིན་རང་གྲོལ་ཟེར་བ་ཞིག་གིས་བོད་ཀྱི་དུས་བབ་དྲ་རྒྱའི་སྟེང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཅི་ཞིག་ནོར་ཡོད་དམ་ཞེས་པ་ཞིག་བཀོད་འདུག་པ་དེ་བཀླགས་པར། བློ་མ་བདེ་བ་ཞིག་བྱུང་། འབྲི་བ་པོ་དེས་སྤྱི་འཐུས་རྒྱུན་ལས་ཀྱིས་ཁྲིམས་ཞིབ་ཁང་ལ་སྒལ་རལ་བཙོང་བ་དང་། སྤྱི་འཐུས་བློ་བཟང་ཆོས་འབྱོར་ལ་ཁྱད་གསོད་ཀྱི་འདྲི་ཞིབ་བྱས་པའི་ནང་མའི་བརྒྱུད་རིམ་མང་དག་ཅིག་བཀོད་འདུག་པར་བལྟས་ན། བློ་གཟུ་བོར་གནས་ཏེ་གནད་དོན་གླེང་སློང་བྱེད་པ་མ་ཡིན་པར། རང་ཉིད་དོན་རྐྱེན་དེའི་ནང་ཚུད་པའི་སྡུག་གྱོང་ཁུར་མ་འདོད་པའི་ཚོར་བའི་དབང་དུ་ཕྱིན་པ་གསལ་པོ་རེད་འདུག་ལ། སྤྱི་འཐུས་ལྷན་ཚོགས་སུ་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་གྱི་གྲོས་ཆོད་བཞག་པའི་སྐོར་ལ་དག་འབུད་དང་། ཟམ་གདོང་རིན་པོ་ཆེས་བཅའ་ཁྲིམས་སྦོ་ལུག་པའི་དོན་རྐྱེན་དེའི་སྐོར་ལ་བཅའ་ཁྲིམས་ཀྱི་དགོངས་དོན་འགྲེལ་ཕྱོགས་དགོངས་ཚུལ་གསུངས་པ་ལའང་མཇལ་འདུག་པར་བལྟས་ན། རྩོམ་འབྲི་པ་དེ་ནི་ཁྲོམ་སྲང་ན་རྒྱུགས་པའི་ཙི་ཙི་ཇི་བཞིན་ཐེ་ཚོམ་ཀྱི་ཀློང་ན་གར་འགྲོ་འདི་འགྲོ་མ་ཤེས་པར་ལུས་ཡོད་པ་ཚོད་དཔག་བྱེད་ཐུབ་པ་མ་ཟད། བོད་མིའི་སྒྲིག་འཛུགས་གཏོར་བཤིག་གཏོང་མཁན་ལུག་མགོ་བཀལ་ནས་ཁྱི་ཤ་འཚོང་མཁན་གྱི་ཤན་པ་ ༣༡ གྲས་ཤིག་ཀྱང་མིན་ནམ་སྙམ། ད་དུང་རང་སྣང་ཚད་མར་བཟུང་སྟེ་ཁྲིམས་ལུགས་ཀྱི་རྒྱུན་ཤེས་ཐོག་རྩོད་སློང་བྱེད་སྟངས་ལ་བལྟས་ན། རྩོམ་འབྲི་པ་ནི་རྩོད་པའི་རླུང་ཁམས་ཀྱིས་དེད་དེ་ཁྲིམས་ལུགས་དང་སྲིད་དོན་ཚན་རིག་སྦྱངས་པ་མེད་པའི་རང་མཚང་སྦེད་མི་ཤེས་མཁན་ཞིག་ཡིན་པའང་ཚོད་དཔག་བྱེད་ཐུབ།
གཉིས། ཁོའི་རྩོད་ཤགས།
རྩོམ་ཡིག་དེའི་ནང་དོན་གཙོ་བོ་ནི་ཁྲིམས་ཀྱིས་ངོས་བཞེས་ཐོག་ལ་ཡིན་པ་དང་། རྩོམ་ཡིག་དེར་་བཅའ་ཁྲིམས་ཀྱི་སྒྲོམ་གཞིར་ཁྲིམས་ཀྱིས་ངོས་བཞེས་ཞེས་པ་ཞིག་ཡོད་ན་ཏག་ཏག་བསྡད་ཡོད་དམ། ་་་་་ ༢༠༡༩ ཟླ་ ༡༠ ཚེས་ ༡༤ གོང་ཁྲིམས་ཀྱིས་ངོས་བཞེས་ལག་བསྟར་གནང་མེད་པ། ་་་་ མེད་ཐབས་མེད་པ་ཞིག་ཡིན་པའི་རྒྱུ་མཚན་ད་བར་གསལ་བརྗོད་མ་གནང་དོན་ཅི། ་་་་ སྤྱི་འཐུས་ཁྲིམས་བཟོ་ལྷན་ཚོགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གནས་དབྱུང་བཏང་ཆོག་གམ། ་་་་ ཁྲིམས་ཞིབ་ཁང་ནས་འགྲེལ་བརྗོད་སྐབས། ཚིག་ཐག་ཆོད་པོས་བཅའ་ཁྲིམས་ཀྱི་དོན་ཚན་དེའི་ཚིག་འདིས་བསྟན་ཡོད་ཅེས་མཐར་གཏུག་འགྲེལ་བརྗོད་གནང་མཁན་ནས་གསུང་ཐུབ་མེད་པ། ་་་་ བཅའ་ཁྲིམས་དོན་ཚན་ ༥ པ་དང་། དོན་ཚན་ ༦༦ དང་། ཁྲིམས་ཀྱིས་ངོས་བཞེས་ཀྱིས་ཁ་མཆུ་འཛུགས་ཡུལ་གནད་དོན་གསུམ་བར་གྱི་མ་འགལ་མ་ལྷག་པའི་ནང་དོན་གསལ་འགྲེལ་གནང་མེད་དོན་ཅི། ་་་་ དེ་སྔ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལ་དག་སེལ་གྱི་གོ་སྐབས་གང་ཡང་མི་སྤྲོད་པར། ་་་་ བཅའ་ཁྲིམས་དང་འགལ་བ་ཡིན། འགལ་བའི་ཆ་དེར་ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་སྲུང་སྐྱོབ་ཆེད་ངོས་ལེན་ཞུ་དཀའ་ཞེས་བཞུགས་མ་ཐུབ་པ་ཅི་ཡིན་ནམ། ་་་་ ཁྲིམས་ཀྱིས་ངོས་བཞེས་ཕྱག་བསྟར་ཆོག་པ་བསྟན་ཡོད་ཅེས་གསལ་པོ་དག་པོ་ད་བར་འགྲེལ་བརྗོད་གནང་མེད། ་་་ སྤྱི་འཐུས་རྒྱུན་ལས་ནས་སྤྱི་འཐུས་རྣམས་ལོག་འཁྲིད་བྱས་ཚུལ་བཀོད་འདུག སྤྱི་འཐུས་རྣམས་ར་ལུག་ལྟ་བུ་གར་དེད་ཆོག་པ་ཞིག་ཡིན་ནམ། འདི་ལ་ཁུངས་སྐྱེལ་ཅི་ཞིག་ཡོད། ་་་་ དེ་སྔ་ ༢༠༢༠ ཟླ་ ༩ ཚེས་ ༤ ཉིན་སྤྱི་མང་ཁྲིམས་ཡིག་དོན་ཚན་ ༥༡ དགོངས་དོན་འོག་སྤྱི་འཐུས་རྒྱུན་ལས་ཚོའི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་བཀག་བསྐྱིལ་བྱེད་དགོས་ཆགས་རྒྱུའི་བཀའ་ཁྱབ་བཏང་ཡོད། ་་་ ༢༠༢༠ ཟླ་ ༩ ཚེས་ ༢༥ ཉིན་བཏང་བའི་བཀའ་ཁྱབ་ནང་འདེམས་བྱེད་ཀྱི་ཐོབ་ཐང་བཀག་བསྐྱིལ་བྱས་རབ་བཀོད་ཡོད། ་་་་ ཁ་དན་ཚིག་ལ་མི་གནས་པ། ་་་ གྲོས་ཚོགས་དབུས་སུ་བཞག་པའི་ལྟ་གྲུབ་ལ་ཁྲིམས་ཀྱིས་ངོས་བཞེས་ཀྱིས་མི་གནོད་ཚུལ་གསུང་ཐུབ་མཁན་དཀོན་པོ་བྱུང། ཞེས་སོགས་ནང་གསེས་ཚན་པ་ཁག་ཅིག་བཀར་ཏེ། དོགས་སློང་དང་དྲི་བ། དགག་པ། ཚོར་བ། རྣམ་རྟོག ཚོད་དཔག འཕྱ་དམོད་བཅས་འཆལ་ཉོག་ཏུ་བསྲེས་ནས་བཀོད་འདུག
གསུམ། ཁྲིམས་ལུགས་རྒྱུན་ཤེས།
༡།རྩོམ་འབྲི་བ་འདིའི་ཁྲིམས་ཡིག་ལོག་འགྲེལ་དང་། གོ་ལོག་བརྡ་ལོག་ཏུ་སོང་བའི་མུ་ཅོར་རྣམས་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་རྒྱུན་ལས་དང་བློ་བཟང་ཆོས་འབྱོར་ལ་བཏང་བའི་བཅད་ཁྲ་དང་། ཁྲིམས་ཞིབ་པ་གསུམ་གྱི་གསར་འགོད་གསལ་བཤད་ནང་བརྡ་སྟོན་འགྲེལ་བཤད་ཞིབ་ཚགས་གནང་འདུག་པ་དང་། དེ་བཞིན་མཁས་དབང་ཟམ་གདོང་རིན་པོ་ཆེར་ནོར་ཝེ་རླུང་འཕྲིན་ཁང་ནས་བཅར་འདྲིའི་བཀའ་ལན་དང་། ཁྲིམས་ལུགས་རིག་པར་སྦྱངས་པ་ཐོན་པའི་རྩོམ་པ་པོ་མང་པོ་ཞིག་གི་དཔྱད་རྩོམ། ལྷག་དོན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཟུར་པ་ཐུན་མོང་གི་ཁྲིམས་དོན་ངོས་འཛིན་ཡོངས་བསྒྲགས་གནང་བའི་ནང་བདེན་རྫུན་དཀར་ནག་ཤན་འབྱེད་གསལ་པོ་བསྟན་ཟིན་པས། འདིར་བསྐྱར་ཟློས་ཀྱིས་གོ་བ་བསྐོན་འདོད་མ་བྱུང་།
༢།ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཅའ་ཁྲིམས་ཀྱི་བྱ་ར་བ་ཡིན་པའི་རྒྱུན་ཤེས་ལ་སྤྱི་འཐུས་བློ་བཟང་ཆོས་འབྱོར་དང་། སྤྱི་འཐུས་རྒྱུན་ལས་ནས་སྔ་ཕྱིར་རྩོད་ཤགས་བྱས་པ་དེར། ཁྲིམས་ཞིབ་ཁང་གི་བཅད་ཁྲ་གཉིས་ཀའི་ནང་ཕྲུ་གུར་འབྲི་ཀློག་བསླབས་པ་ལྟར་གོ་བརྡ་སྤྲད་འདུག་ཀྱང་། ད་དུང་དེའི་གོ་བ་ཙམ་ཡང་མ་ལོན་ན།བཅའ་ཁྲིམས་ཀྱི་དོན་ཚན་ཁ་ཤས་ཡར་འདེད་མར་འདྲེན་དང་། དངོས་བསྟན་གོ་དོན་ལ་མཐོ་བཤད་དམའ་བཤད་བྱས་པ་དེ་རིགས་ལ་དཔྱད་རིན་མ་མཐོང་།
༣།མང་གཙོའི་ཀ་བ་གསུམ་ལྗིད་མཉམ་སྟངས་འཛིན་ཞེས་པ་ནི། སྒྲིག་འཛུགས་ཀྱི་གཞི་རིམ་སྒྲོམ་གཞིར་འཛིན་སྐྱོང་དང་། ཁྲིམས་བཟོ། ཁྲིམས་འཛིན་བཅས་བཀོད་སྒྲིག་བྱས་པ་དེ་དག་འགན་ཁུར་དང་། དབང་ཚད་འདྲ་མཉམ་ཡིན་པ་གང་ཞིག ཕན་ཚུན་གཅིག་གིས་གཅིག་ལ་ལྟ་རྟོག་སྟངས་འཛིན་བྱེད་དགོས་པའི་དོན་ཏེ། འཛིན་སྐྱོང་བཀའ་ཤག་གིས་སྤྱི་འཐུས་ལྷན་ཚོགས་ལ་འགན་ཁུར་བའི་ཐོག་ནས་ལས་དོན་སྙན་སེང་དང་། དྲི་བར་ལན་འདེབས། རྩིས་རྒྱག་འགན་ཁུར་བྱེད་དགོས་པ་དང་། སྤྱི་འཐུས་ལྷན་ཚོགས་ཀྱིས་བཟོས་པའི་ཁྲིམས་ལུགས་དང་སྒྲིག་གཞི་གང་ཡང་རུང་བ་ཞིག་བཅའ་ཁྲིམས་ཀྱི་དོན་ཚན་གང་རུང་ངམ། རྒྱལ་སྤྱིའི་ཁྲིམས་ལུགས་དང་ཡུལ་ཁྲིམས་ལ་འགལ་བ་ཡིན་ན། འགལ་བའི་ཆ་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་རྩ་འཛིན་མེད་པ་བཟོ་ཆོག་པ་བཅའ་ཁྲིམས་དོན་ཚན་ ༥ པ་དང་ ༦ པས་བསྐུར་ཡོད་པའི་གཞི་རིམ་གྱི་ངོས་འཛིན་འདི་ཙམ་ཡང་ཤེས་ཀྱི་མེད་ཚེ། དོ་བདག་གིས་རྩོད་སློང་མ་བྱས་གོང་དུ་ཁྲིམས་ལུགས་ཤེས་བྱར་སློབ་སྦྱོང་བྱེད་དགོས་པ་ལས། སྣོད་ཁ་སྦུབ་ཆགས་ན་གོ་རྟོགས་ཡར་རྒྱས་འགྲོ་ལམ་ཁེགས་འགྲོ་གི་རེད།
༤།བཅའ་ཁྲིམས་དོན་ཚན་ ༤༦ པར་སྤྱི་འཐུས་ཀྱི་དམིགས་བསལ་ཐོབ་ཐང་དང་། དོན་ཚན་ ༥༨ པར་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་བརྩད་གཅོད་མི་ཆོག་པ། དེ་བསྟུན་དོན་ཚན་ ༥༤ ནང་ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་སྐོར་སྤྱི་འཐུས་ལྷན་ཚོགས་སུ་གྲོས་བསྡུར་བཀག་སྡོམ་གནང་ཡོད་པ་འདིས། མང་གཙོའི་ཀ་བ་གཉིས་ཀའི་ལས་དོན་བྱེད་ཕྱོགས་ཐོག་གཞན་གྱི་གནོན་ཤུགས་མེད་པར་རང་དབང་གི་སྒོ་ནས་ལས་འགན་ལག་བསྟར་ཐུབ་རྒྱུར་དམིགས་ཡོད་པས། དབང་ཆ་སུར་མཐོའི་ཚད་གཞི་ཐོག་ནས་སྐེ་དཀྱོགས་ཏེ་ལྟ་སྟངས་དེ་ནི་རྒྱ་མ་ཆག་ཧྲུལ་གྱི་སྟེང་དུ་ལྗིད་ཚད་འཇལ་འདོད་དང་གཅིག་མཚུངས་ཆགས་ཀྱི་རེད།
༥།ང་ཚོ་ནི་གྲོས་ཚོགས་དབུས་སུ་བཞག་པའི་ལམ་ལུགས་ཡིན་ཞེས་པ་དེ་ནི་མཁས་པའི་བསམ་ཚུལ་ཙམ་ལས་གཞི་རྟེན་མེད། དཔེར་ན། ༡༩༩༡ ལོའི་བཅའ་ཁྲིམས་སུ། ཁྲིམས་ཡིག་བཟོ་འགོད་དང་། གཏན་འབེབས་ཀྱི་དབང་ཚད་ཁྲིམས་བཟོ་ལྷན་ཚོགས་ལ་ཡོད་པ་གང་ཞིག དེར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཆོག་མཆན་བསྩལ་བ་ནས་ནུས་ལྡན་ཆགས་ཀྱི་ཡོད་པ་དང་། ༸གོང་ས་མཆོག་གིས་གྲོས་ཚོགས་ནས་གཏན་འབེབས་བྱས་པའི་ཁྲིམས་ཡིག་ལ་མོས་མཐུན་མ་བྱུང་ཚེ་ཕྱིར་སློག་གནང་ཆོག་པ་དང་། དེ་བཞིན་གྲོས་ཚོགས་མ་ཚུགས་པའི་སྐབས་སུ་ཁྲིམས་ཡིག་གི་ནུས་པ་ལྡན་པའི་བཀའ་རྩ་ཁྱབ་བསྒྲགས་ཀྱི་སྐུ་དབང་ཁྱབ་བསྒྱུར་མཛད་ཆོག་པས། གྲོས་ཚོགས་དང་རྒྱལ་ཁབ་དབུ་ཁྲིད་དབར་ཁྲིམས་བཟོའི་དབང་ཚད་ཆ་བགོས་གནང་ཡོད་ཀྱང་། ཁྲིམས་ཞིབ་ཁང་གི་ཁྲིམས་ཡིག་བཟོ་འགོད་གཏན་འབེབས་གནང་བ་ཞིག་ལ་༸གོང་མཆོག་གིས་ཆོག་མཆན་བསྩལ་རྒྱུ་ལས་ཕྱིར་སློག་གནང་ལམ་མེད་པ་མ་ཟད། དེར་བཀའ་རྩ་ཁྱབ་བསྒྲགས་ཀྱི་ཆ་རྐྱེན་ཡང་བཞག་མེད་པ་ལྟ་བུ་རེད།
༦།ཚོགས་གཙོ་པད་མ་འབྱུང་གནས་ཀྱིས་གྲོས་ཚོགས་སུ་བཅའ་ཁྲིམས་ཀྱི་མགོ་ནས་མཇུག་བར་ཁྲིམས་ཀྱི་ངོས་བཞེས་ཟེར་བ་ཞིག་མེད་ཚུལ་ཤོད་སྟངས་དང་།རྩོམ་འབྲི་པ་འདིའི་འབྲི་སྟངས་གཉིས་ཀས་ཁྲིམས་ཀྱིས་ངོས་བཞེས་ཞེས་པ་འདི་བྱ་རིམ་ཞིག་ཡིན་ནམ། ཡང་ན་དབང་ཚད་ཅིག་ཡིན་མིན་དབྱེ་བ་བཀར་ཤེས་མེད་པ་མ་ཟད། ཁྲིམས་ཞིབ་ཁང་གི་བཅད་ཁྲ་གཉིས་ཀའི་ནང་དེའི་ཐོག་རྩལ་དུ་བཏོན་ནས་གོ་བསྐོན་གནང་ཟིན་འདུག་པ་དེ་ད་དུང་མགོ་ཚོས་ཡོད་ཚོད་རེད་མི་འདུག
༧།བཅའ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་སྤྱི་ལྷན་གྱིས་གཏན་འབེབས་བྱས་པའི་ཁྲིམས་སྒྲིག་ཁག་དང་དེའི་ནང་གསེས་དོན་ཚན་ཁག་རྩ་འཛིན་མེད་པར་བཟོ་རྒྱུ་དང་། བོད་ཀྱི་ཡུལ་མིའི་ཐོབ་ཐང་དང་ལས་འགན་ལ་གནོད་འགལ་བྱེད་པོར་བཀོད་འདོམས། ཁྲིམས་ཞིབ་ཁང་གི་ངོ་བོ་དང་འགན་དབང་བཅས་བཅའ་ཁྲིམས་དོན་ཚན་ ༥ པ་དང་། དོན་ཚན་ ༡༤ པ་དང་། དོན་ཚན་༦༦ པར་གསལ་པོར་བཀོད་འདུག་པ་དེ་དག་ལག་བསྟར་གྱི་བྱ་རིམ་རྣམས་བཅའ་ཁྲིམས་སུ་བཀོད་མེད་པ་བདེན་པ་དང་། འགོད་སྲོལ་མེད་ལ། འགོད་དགོས་དོན་ཡང་མེད་པ་ནི། ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང་། འགྲོ་ལུགས་བཟོ་རྒྱུ་བཅའ་ཁྲིམས་དོན་ཚན་ ༦༧ པའི་ནང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བསྐུར་ཡོད་པས། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་རྩ་འཛིན་ཁྲིམས་ཡིག་བཟོ་འགོད་གཏན་འབེབས་ཀྱི་འགན་དབང་གནང་ཡོད་པ་དེའི་ཁོངས་སུ་ཁྲིམས་ཡིག་གི་བྱ་རིམ་ཡང་བཟོ་མི་ཆོག་པའི་རྩོད་སློང་བྱེད་པ་ནི་བཅའ་ཁྲིམས་རིན་པོ་ཆེར་བཙན་གཡེམ་བྱེད་པ་དང་གཅིག་མཚུངས་རེད།
༨།ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲའི་ནང་བཅའ་ཁྲིམས་ཀྱི་དགོངས་དོན་ལ་འགྲེལ་བཤད་གནང་སྐབས། ༡༩༦༣ ལོའི་བོད་ཀྱི་རྩ་ཁྲིམས་དང་། རྒྱ་གར་དང་། ཨ་རི། དབྱིན་ཇི་བཅས་ཀྱི་ཁྲིམས་སྲོལ་འགྲོ་ལུགས་བཅས་མཉམ་སྦྲགས་ཀྱིས་མཐར་ཆགས་སུ་བཀོད་འདུག་པ་དེར་ཞྭ་དཔེ་ལྷམ་འགེབས་ཞེས་འཕྱ་བ་ནི་ཁོང་དགོད་གཏིང་ནས་ཤོར་བའི་གླེན་རྟགས་ཤིག་སྟེ། ང་ཚོའི་བཅའ་ཁྲིམས་ཀྱི་གཞི་ཁུངས་གཙོ་བོ་ནི་ ༡༩༦༣ ལོའི་བོད་ཀྱི་རྩ་ཁྲིམས་ཡིན་པ་དང་། དེ་ཡང་རྒྱུན་ཆགས་ཁྲིམས་རྒྱུད་ common law ལ་གཏུགས་ཡོད་པའི་དོན་དངོས་དེའི་ཟུར་ཙམ་ཤེས་ཡོད་ན། ཆུ་མགོ་གངས་ལ་གཏུགས་ཡོད་མ་རེད་ཅེས་གནམ་ཟུག་རྒྱག་དགོས་དོན་མེད།
བཞི། སུན་འབྱིན་པ།
༡།རྩོམ་འབྲི་པ་འདིས་ཁྲིམས་ཞིབ་ཁང་ཁ་དན་ཚིག་ལ་མ་གནས་པའི་དཔེ་མཚོན་དུ། དང་པོ་གདམ་བྱ་འདེམས་བྱེད་གཉིས་ཀ་འཕྲོག་རྒྱུ་ཡིན་ལུགས་དང་། ཕྱིས་སུ་འདེམས་བྱེད་མ་གཏོགས་བཀག་མེད་ཚུལ་བཀོད་པ་ནི་བརྡ་ཐོ་དང་བཀའ་ཁྱབ་ཀྱི་དབྱེ་བ་མ་ཤེས་པ་དང་། ཁྲིམས་ཡིག་གི་མགོ་སྔ་མ་རྟོགས་པའི་རྟགས་བསྟན་པ་ཞིག་སྟེ། ཁྲིམས་ཞིབ་ཁང་གིས་སྤྱི་འཐུས་རྒྱུན་ལས་ལ་ཁྲིམས་མཐུན་བཟོ་དགོས་པའི་བཀའ་ཁྱབ་དང་པོ་དེར་རྒྱུན་ལས་ཀྱིས་ངོས་ལེན་མ་བྱས་པར། སྤྱི་འཐུས་རྒྱུན་ལས་ཀྱིས་ཁྲིམས་འགལ་གང་ཡང་བྱས་མེད་པའི་གསལ་འདེབས་ཞེས་པ་ཞིག་༢༠༢༠།༨།༢༥ ཉིན་ཁྲིམས་ཞིབ་ཁང་ལ་ཕུལ་བར་བརྟེན། ཁྲིམས་ཞིབ་ཁང་ནས་༢༠༢༠།༨།༢༧ ཉིན་གསལ་འདེབས་ཡི་གེ་དེ་ཕྱིར་སློག་གི་བརྡ་ཐོ་བཏང་འདུག་པ་དང་། བརྡ་ཐོ་གཉིས་པ་ ༢༠༢༠།༨།༣༡ ཉིན་བཏང་བ་དེའི་ནང་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་དོན་ཚན་ ༢༨ པ་དྲངས་ནས་གདམ་བྱ་འདེམས་བྱེད་འཕྲོག་སྲིད་པའི་ཉེན་བརྡ་སྤྲད་པ་དེར་རྒྱུན་ལས་ཀྱིས་ངོས་ལེན་བྱས་ཏེ། ༢༠༢༠།༩།༡ཉིན་ཁྲིམས་ཀྱི་བྱ་རིམ་བརྩི་མེད་ཡོང་བའི་ཞུ་སྐུལ་ཞེས་ཁྲིམས་ཞིབ་ཁང་གི་ཁྲིམས་འོག་ཏུ་ནོན་པའི་རྣམ་འགྱུར་གསལ་པོ་བསྟན་ཡོད། དོན་དངོས་སུ་བརྡ་ཐོ་གཏོང་མཁན་ཁྲིམས་དྲུང་ཡིན་པ་དང་། བཀའ་ཁྱབ་གཏོང་མཁན་ཁྲིམས་ཞིབ་པ་ཡིན་དགོས་ལ། ཁྲིམས་དྲུང་གི་བརྡ་ཐོ་དེ་ནི་ཁྲིམས་ཞིབ་པའི་བཀའ་ཁྱབ་ལག་བསྟར་ཡོང་བའི་ཆེད་དུ་བཏང་བ་ཞིག་ཡིན་པས། ཁྲིམས་དྲུང་གི་བརྡ་ཐོར་བརྩི་བཀུར་ཞུས་ཏེ་ངོས་བཞེས་བརྩི་མེད་ཡོང་བའི་ཞུ་སྐུལ་ཡི་གེ་ཕུལ་བ་དང་། ཁྲིམས་ཞིབ་པའི་བཀའ་ཁྱབ་གསུམ་ཀར་ཉམས་ལེན་ཞུས་མེད་པའི་དོན་དངོས་སྦས་ཏེ། ད་དུང་ཁྲིམས་ཞིབ་ཁང་ཁ་དན་ལ་མ་གནས་ཚུལ་ཀླན་འདེབས་དང་། (ཆད་འགེལ་)ཆག་ཡང་གཏོང་རྒྱུའི་ཁྲིམས་སྒྲིག་གི་ལམ་ཁ་མེད་ལུགས་སྒྲོགས་པ་ནི། རྐུ་མས་རྒྱུ་བདག་ལ་རྒྱུ་ནོར་ཆ་ཚང་རྐུ་རུ་མ་བཅུག་པའི་རྩོད་གླེང་བྱེད་པ་དང་འདྲ་མཚུངས་རེད།
༢།ཁྲིམས་ཞིབ་ཁང་ནས་བཀའ་ཁྱབ་སྔ་རྗེས་གསུམ་དང་། བརྡ་ཐོ་སྔ་རྗེས་གཉིས་བཏང་འདུག་པ་དང་། དེ་དག་གི་ནང་སྤྱི་འཐུས་རྒྱུན་ལས་ལ་གསལ་བཤད་ཀྱི་གོ་སྐབས་སྤྲད་ཡོད་པ་མ་ཟད། ད་དུང་ཁྲིམས་ཡིག་ངོ་སྤྲོད་དང་། བྱ་རིམ་ལམ་སྟོན་གནང་སྟེ་རྒྱུན་ལས་ ༡༡ ཁྲིམས་ཞིབ་ཁང་གི་ཁྲིམས་འོག་ཏུ་བཅུག་ཐོག སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཅིག་ཕྱིར་བསྡུ་བྱས་པ་ཡིན་། བཅའ་ཁྲིམས་དོན་ཚན་ ༤༠ པའི་དགོངས་དོན་ལ་བརྡལ་བཤིག་བཏང་བ་ཡིན་པས། དུས་བཀག་ནང་ཁྲིམས་མཐུན་གྱི་ཐབས་ལམ་བསྟེན་གལ་བཀའ་ཁྱབ་བཏང་བའི་བརྒྱུད་རིམ་རྣམས་ཁྲིམས་ཞིབ་ཁང་གི་དྲ་རྒྱ་དང་ངོ་དེབ་ནང་ཡིག་ཆ་འགོད་འཇུག་གནང་འདུག་པ་དེ་དག་ནང་གསལ་པོ་བཀོད་འདུག་པས། སྤྱི་འཐུས་རྒྱུན་ལས་ལ་དག་སེལ་གྱི་གོ་སྐབས་གང་ཡང་མི་སྤྲོད་ཟེར་བ་ནི་དཀར་ནག་གོ་ལྡོག་ཆགས་འདུག
༣།ཁྲིམས་ཞིབ་་རྣམ་པའི་གསལ་བཤད་དོན་ཚན་ ༦ ནང་། སྤྱི་འཐུས་ཚོགས་གཙོས་གྲོས་ཚོགས་ཀྱི་བྱ་རིམ་ཚུལ་མིན་དུ་སྤྱད་པ་དང་། སྤྱི་འཐུས་ལོག་འཁྲིད་བྱས་མཐར། ་་་ཁྲིམས་ལུགས་དབང་འཛིན་རྨང་ནས་བསྒྱེལ་ཞེས་བཀོད་འདུག་པ་དང་། དེའི་སྒྲུབ་བྱེད་དུ། དོན་ཚན་ ༤ པར། སྤྱི་འཐུས་ཚོགས་གཙོས་ཁྲིམས་ཞིབ་པ་ཆེ་བར་ཐུག་འཕྲད་ཀྱི་བརྒྱུད་རིམ་དང་། ཁྲིམས་ཁང་གིས་བཀའ་ཁྱབ་བཏང་བའི་བརྒྱུད་རིམ། ཁྲིམས་ཞིབ་ཁང་གི་ཐག་གཅོད་བཀའ་ཁྱབ་ཀྱི་ཀུན་སློང་བཅས་པར་དངོས་བདེན་མ་ཡིན་པའི་གསལ་བཤད་ཇི་སྙེད་བྱས་པ་མ་ཟད། ཁྲིམས་ཀྱིས་ངོས་བཞེས་ལ་འགྲེལ་ལོག་དང་། སྒྲིག་གཞིར་ལྟོས་མེད་ཀྱི་སྒོ་ནས་གསང་བའི་འོས་བསྡུ་བྱེད་དུ་བཅུག་ཅེས་སོགས་བཀོད་འདུག་པ་ལས། ལོག་ཁྲིད་བྱེད་མཁན་སྤྱི་འཐུས་རྒྱུན་ལས་ཡིན་སྐོར་གསལ་མེད་པས། རྩོམ་འབྲི་པས། སྤྱི་འཐུས་རྒྱུན་ལས་ནས་སྤྱི་འཐུས་རྣམས་ལོག་འཁྲིད་བྱས་ཚུལ་བཀོད་འདུག སྤྱི་འཐུས་རྣམས་ར་ལུག་ལྟ་བུ་གར་དེད་ཆོག་པ་ཞིག་ཡིན་ནམ། འདི་ལ་ཁུངས་སྐྱེལ་ཅི་ཞིག་ཡོད་ཟེར་བ་ནི་ཨ་མ་དང་ར་མ་འཁྲུལ་བའི་སེམས་འཚོ་མ་ཟིན་པའི་གནས་སྐབས་ཀྱི་འཆོལ་བཤད་ཅིག་ཡིན་པ་འདྲ།
༤།ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་ཀྱིས་ངོས་བཞེས་ཀྱི་བྱ་རིམ་འདི་ཁྲིམས་ཡིག་ནང་གཏན་འབེབས་གནང་བ་ནི་རང་རེའི་ཁྲིམས་ལུགས་དབང་འཛིན་གྱི་ལོ་རྒྱུས་ཀྱི་ལེ་ཚན་གལ་གནད་ཆེན་པོ་ཞིག་ཡིན་པ་སྨོས་མེད་ཡིན་ནའང་།ཁྲིམས་ཀྱིས་ངོས་བཞེས་གནང་ཟིན་པའི་ཁ་མཆུ་དེར་བརྡ་ཐོ་དང་བཀའ་ཁྱབ་གཏོང་རྒྱུའི་འགྲོ་ལུགས་གསལ་ཙམ་ཞིག་དགོས་པ་དང་། རྩོད་བཤད་སྐབས་སུ་གཞི་རྩའི་ཐོབ་ཐང་ངམ། ཁྲིམས་ཀྱི་ཐོབ་ཐང་། སྤྱི་པའི་ཁེ་ཕན་ལ་གནོད་འགལ་བྱེད་མཁན་རྩོད་ལན་པར་གདོང་ལེན་བྱེད་མཁན་གྱིས་མཚོན་པའི་འགྲོ་སྟངས་ཞིབ་གསལ་ཞིག་བཟོ་ཐུབ་པ་ཡིན་ན། བཙན་བྱོལ་སྤྱི་ཚོགས་ནང་འབུས་མ་ཐག་པའི་ཁྲིམས་ཀྱིས་དབང་བསྒྱུར་གྱི་མྱུ་གུ་རྩ་ཆེན་འདི་རྩ་བ་ཟུག་ཅིང་ལོ་འདབ་རྒྱས་པའི་གྲོགས་རྐྱེན་དུ་འགྲོ་རེ་སྙམ་པ་ཞོར་འཕྲོས་སུ་ཐལ་བའོ། །
འབྲེལ་ཡོད་རྩོམ་ཡིག https://tibettimes.net/2021/04/16/212267/
མཆན། གོང་བཀོད་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༦ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་། བཅའ་ཁྲིམས་དོན་ཚན་ ༦༧ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང་སྒྲིག་གཞི་། དོན་ཚན་འདི་གཉིས་བཅའ་ཁྲིམས་ནས་བཀུར་བའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འགན་དབང་ཡིན་པ་དང་འགན་དབང་འདི་རྒྱུད་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་ཀྱི་ངོས་བཞེས་ལ་སོགས་པའི་ཁྲིམས་སྒྲིག་གང་ཡང་བཟོ་ཆོག་པ་དེ་བཅའ་ཁྲིམས་ཀྱི་དོན་ཚན་ ༦༦ དང་ ༦༧ གཉིས་ནས་གསལ་པོ་བསྟན་འདུག་པ་དབང་པོ་ནུས་མེད་མིན་ན་ཚང་མས་མཐོང་ཐུབ་པ་དང་ཤེས་ཐུབ་པ་ཞིག་མ་རེད་།
It is a long essay but one simple thing writer himself not known and blaming everything on Chithue. What is the point of writing long if you don’t know that the suo-motu is a special power or stages of legal proceeding. Suo-motu is a power that the court can act by itself to direct government and refrain any act. However, such power not given to TSJC in the Charter and it has accepted to former Chitthue Lobsang Chonjor on his hearing. The author wrote long essay to emphazie that all the mistakes are done by Chithue and TSJC is super hero. This is totally bias and an attempted to blame Chithue. It is wasting your time and ours too. It is disrespect to Chithues and shows no moral value of writer.
ལུག་མགོ་བཀལ་ནས་ཁྱི་ཤ་ཚོང་མཁན་གྱི་ཤན་པ་བསྟན་འཛིན་རང་གྲོལ་ཟེར་བ་འདི་ཤར་ཕྱོགས་ཁུག་རྟ་རེད་ལྷ་བདུད་དུ་བབ་ཟེར་བ་ལྟར་དེང་སྐབས་ཤར་ཁུག་གིས་ཨ་རོགས་དམ་ཉམས་ཚོར་ངན་པ་ལག་འབྲེལ་བྱས་ཏེ་སྤྱི་འཐུས་སྐྱ་མིན་སེར་མིན་ཚོའི་ཁོག་པ་བརྒྱངས་ཏེ་རང་གཞན་རོགས་གསུམ་རྩ་མེད་བཟོ་བའི་ངན་ཇུས་འཐེན་བཞིན་འདུག་ཟེར། ཆེས་མཐོའི་ཁྲིམས་ཞིབ་ཁང་ནག་པོ་བཟོས་ཏེ་ཁྲིམས་ཞིབ་ཁང་མེད་པ་བཟོས་ན་བོད་བོད་མིའི་སྒྲིག་འཛུགས་འཐོར་འགྲོ་བ་ཉག་ཅིག་རེད། གོང་གི་རྩོམ་ཡིག་འབྲི་མཁན་དེར་ཐུགས་རྗེ་ཆེ་ཞུ་བོད་གཞུང་མེད་པ་ཆགས་ན་ང་ཚོ་ཚང་མའི་གྱོང་རེད། དགྲ་དགའ་ཉེན་སྡུག་ཆགས་རྒྱུ་ལས་སུ་གང་ལ་ཕན་ཐོག་ཡོད་མ་རེད་ལ་སྤྱི་འཐུས་དམ་ཉམ་དེ་ཚོར་ཡང་ལྐོག་རྔན་ཞིག་རེག་གི་ཡོད་པ་མ་གཏོགས་བོད་སྤྱི་བར་ཕན་ཐོག་པ་ཞིག་མ་རེད།
ར་བཟི་ཞིག་གིས་བྲིས་པ་འདྲ། ཧཧཧཧ
བློ་བཟང་ཆོས་འབྱོར་མིན་པ་འདྲ། བློ་བཟང་ཆོས་འབྱུང་རེད་འདུག རྩ་དགོངས་ཞུ་མཁན་དེ་རེད་མི་འདུག་པས། དེ་ལ་དགོངས་དག་ཞུ།
བློ་བཟང་ཆོས་འབྱུང་ལགས། བཅའ་ཁྲིམས་རིན་པོ་ཆེར་བཙན་གཡེམ་བྱེད་པ་དང་གཅིག་མཚུངས་རེད་ཟེར་བའི་ཚིག་འདིར་ཁྱོད་ཀྱིས་དྲན་ཕོད་པ་དང་འབྲི་ཕོད་པའི་བློ་ཁོག་དེ་སུས་སྤྲད་སོང་། བློ་ཕམ་བྱུང་། བཅའ་ཁྲིམས་ཧ་མ་གོ་ནས་རྩ་དགོངས་ཞུ་མཁན་གྱི་མི་དེ་ཁྱོད་ཡིན་བསམ་སོང་།