དྲང་སྲོང་གཞོན་ནུ།
གཅིག ཁྲིམས་ཞིབ་ཁང་སོར་ཆུད་ཐབས།
༡ འཕོ་འགྱུར་ཟིན་པའི་ཁྲིམས་དཔོན་རྣམས་བསྐྱར་དུ་སླེབས་དགོས་ཚེ། གྲོས་ཚོགས་ཀྱི་གྲོས་ཆོད་ཕྱིར་འཐེན་དང་རྩིས་མེད་གང་རུང་དུ་གཏོང་དགོས། དེ་གཏོང་རྒྱུའི་བྱ་རིམ་ནི་གྲོས་ཚོགས་རང་ལ་མ་གཏོགས་གཞན་དབང་ལྡན་སུ་ཡང་མེད།
༢ གྲོས་ཆོད་གྲོས་འཆར་དེ་གཞུང་འབྲེལ་གྱིས་འཁྱེར་རམ། སྤྱི་འཐུས་སྒེར་གྱིས་འཁྱེར། གཞུང་འབྲེལ་གྱིས་འཁྱེར་ན་སྤྱི་འཐུས་རྒྱུན་ལས་ནས་བཟོ་དགོས། བཟོས་ཏེ་འཁྱེར་དགོས། དེ་བཟོ་པ་དང་འཁྱེར་པ་གཉིས་ཀར་རྒྱུན་ལས་ནང་རྒྱབ་སྐྱོར་ཐོབ་བམ། ཐོབ་དཀའ།
༣ གལ་སྲིད་གྲོས་ཚོགས་ནང་འཁྱེར་ཐུབ་པའི་དབང་དུ་བཏང་ཡང་། དེར་མང་མོས་ཐོབ་དཀའ་བ་མ་ཟད། མང་མོས་ཐོབ་པ་ཙམ་གྱིས་འགྲིག་པའི་བཅའ་ཁྲིམས་ཀྱི་གནང་བ་གང་ཡང་མེད། དེས་ན་འཕོ་འགྱུར་གཏོང་སྟངས་བཞིན། གསུམ་ཆ་གཉིས་ཡན་གྱི་རྒྱབ་སྐྱོར་དགོས་པ་ཇི་བཞིན་ལག་བསྟར་མི་བྱེད་རང་བྱེད་ཡིན།
༤ གོང་གསལ་རྒྱུ་མཚན་གསུམ་ལ་བརྟེན། ཁྲིམས་ཞིབ་པ་རྣམ་པ་གསུམ་བསྐྱར་གསོ་ཡོང་རྒྱུའི་ཁྲིམས་སྒྲིག་གི་ལམ་ཁ་དང་དངོས་ཡོད་གནས་ཚུལ་གང་ནས་ལྟོས་ཀྱང་མེད་པར་འདོད།
༥ དེས་ན་ཚོགས་འདུ་འཕར་མའི་སྟེང་ཁྲིམས་ཞིབ་པ་གསུམ་འོས་འདེམས་བྱ་རྒྱུ་ལས་ལམ་ཁ་གཞན་མེད།
གཉིས། ཚོགས་འདུ་འཕར་མ་འཚོག་ཐུབ་བམ།
༡ བཅའ་ཁྲིམས་དོན་ཚན་ ༤༡ པ། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་མ། བཀའ་ཤག་དང་། སྤྱི་འཐུས་ལྷན་ཚོགས། རྒྱུན་ལས་བཅས་སོ་སོའི་ཚོགས་མིའི་བརྒྱ་ཆ་ལྔ་བཅུ་ཡན་གྱིས་ཞུ་སྐུལ་བྱུང་ན་ཚོགས་གཙོ་ལྷན་རྒྱས་ཀྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་མ་བསྡུ་སྐོང་བྱེད་འཐུས་ཞེས་གསལ་ཡོད། བརྒྱ་ཆ་ལྔ་བཅུ་ཡན་གྱིས་ཞུ་སྐུལ་གནང་གི་ཡོད་མེད་བཤད་དཀའ། དེ་མ་བྱུང་བར་བཅའ་ཁྲིམས་དང་འགལ་ཏེ་ཚོགས་དཀའ།
༢ མི་མང་གི་ངོས་ནས་གནང་ཐུབ་པ་གཅིག་ཡོད་པ་ནི་གྲོས་ཚོགས་འཕར་མ་ངེས་པར་འཚོག་དགོས་པའི་སྤྱི་འཐུས་སོ་སོར་སྙན་ཞུ་ཕུལ་དགོས་པ་དེ་རེད།
གསུམ། ཚོགས་འདུ་འཕར་མའི་ནང་ཅི་ཞིག་གནང་དགོས་སམ།
༡ ཚོགས་འདུ་འཕར་མའི་ནང་ཁྲིམས་ཞིབ་པ་གསུམ་ངེས་པར་འདེམས་ཐུབ་དགོས།
༢ ཁྲིམས་ཞིབ་པ་གསུམ་ལ་དམ་བཅའ་ཕུལ་ས་ཞིག་བཅའ་ཁྲིམས་ནང་བསྐྱར་བཅོས་ཞུ་དགོས། དེའི་ཆེད་བཅའ་ཁྲིམས་དོན་ཚན་ ༦༣ ནང་གསེས་ ༣ བསྐྱར་བཅོས་ཕྲན་བུ་ཞུ་དགོས། ཁྲིམས་ཞིབ་པ་གསུམ་མཉམ་དུ་འཕོ་འགྱུར་ཕྱིན་ཚེ། བསྐྱར་དུ་བདམས་ཐོན་བྱུང་བ་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དམ་འབུལ་ཞུ་དགོས་ཞེས་བསྐྱར་བཅོས་མི་ཞུ་ཐབས་མེད་ཡིན།
༣ ཁྲིམས་ཞིབ་པ་གསུམ་མཉམ་དུ་འཕོ་འགྱུར་གཏོང་ཆོག་མིན་ཐད་འཛིན་སྐྱོང་བཀའ་ཤག་ལྟར་འཕོ་འགྱུར་གྱི་བྱ་རིམ་བཟོས་ཚེ། བར་བརྒལ་དུས་ཡུན་རིང་དཀའ་ངལ་མི་འཕྲད་ཅིང་། ཀ་བ་ཚང་མ་འདྲ་མཉམ་ཡོང་བ་ཡིན་པས། འདིའི་ཐད་ཁྲིམས་དོན་ཤེས་པའི་བགྲོ་གླེང་གྲོས་ཚོགས་སུ་ཡོང་ན་རབ།
༤ བཅའ་ཁྲིམས་ནང་གསལ་ཁ་མེད་པའི་གནད་དོན་ཁག་གིས་གཙོས། ཁྲིམས་ཞིབ་པ་རྣམ་པ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམས་འཕོ་འགྱུར་བྱ་ཕྱོགས་ཐད་སྤྱི་འཐུས་ལྷན་ཚོགས་ནས། བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི། རྒྱལ་སྤྱིའི་ཁྲིམས་དོན་མཁས་པ། བོད་མི་མང་སྤྱི་འཐུས་བཅས་འདུས་པའི་ཚོགས་ཆུང་ཞིག་བཙུགས་དགོས་པའི་གྲོས་ཆོད་འཇོག་རྒྱུ།
༥ ཚོགས་ཆུང་དེའི་རྒྱབ་གཉེར་སྙན་ཐོ་བཞིན་སྤྱི་འཐུས་གསར་པ་ཚོའི་གནས་ཚད་ཀྱང་གང་འཚམས་ལོན་པའི་སྐབས་ཤིག་ཏུ། བཅའ་ཁྲིམས་བསྐྱར་བཅོས་སྐད་གྲགས་ཅན་ཞིག་བྱེད་དགོས་སྙམ།
བཞི། མི་མང་གིས་ག་རེ་གནང་དགོས་སམ།
༡ མི་མང་ཚང་མས་དོན་གནད་རྟོགས་ཏེ་བསམ་འཆར་འདོན་དཀའ་ཞིང་། ཚོར་བ་དང་རྣམ་རྟོག ལོག་རྟོགས་ཀྱི་དབང་དུ་སོང་སྟེ་ཁྲིམས་དོན་ཐད་རྔོ་ཐོགས་པའི་དགོངས་ཚུལ་ཡོང་དཀའ་བ་མཐོང་གསལ་རེད།
༢ ཆབ་སྲིད་པ་རེ་འགའ་དང་། སྤྱི་ཚོགས་བརྒྱུད་ལམ་ཁག་གི་དོན་གནད་མི་ཤེས་ཀྱང་དེའི་ཐད་བསམ་འཆར་ཞུ་རྒྱུར་འཛེམ་ཟོན། འཚེར་སྣང་མེད་མཁན་རིགས་གཅིག་གི་དཀྲོག་གཏམ་འོག རེ་འགས་ཁྲིམས་ཞིབ་པ་རྣམས་བསྐྱར་གསོ་མ་གནང་ཚེ་ངོ་རྒོལ་ཞུ་ངེས།
༣ འོན་ཀྱང་། བསྐྱར་གསོའི་ལམ་ཁ་མེད་པ་དང་། ཁྲིམས་སྒྲིག་གིས་གཅུན་འདོམས་བྱེད་མཁན་མི་མང་ལས་འགུལ་བའང་ཧ་ཅང་དཀོན་པས་ནུས་པ་ཐོན་དཀའ།
མཆན། གོང་བཀོད་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ།
སྤྱི་འཐུས་གྲོས་ཚོགས་ནས་ཆེས་མཐོའི་ཁྲིམས ་ཞིབ་པ་གསུམ་འཕོ་འགྱུར་གཏོང་རྒྱུའི་གྲོས་འཆར་དེ་བཅའ་ཁྲིམས་དོན་ཚན་ ༦༣ གི་ནང་གསེས་ ༤ པའི་འོག་ཏུ་ཁྱེར་བ་ཏག་ཏག་བསྡད་མི་འདུག་། བཅའ་ཁྲིམས་དོན་ཚན་ ༦༣ དེ་ཆེས་མཐོའི་ཁྲིམས་ཞིབ་པ་ཚོའི་ལས་ཡུན་ལོ་དུས་སྐོར་ཡིན་པ་དང་འཕོ་འགྱུར་གཏོང་རྒྱུ་དེ་བཅའ་ཁྲིམས་དོན་ཚན་ ༥༤ ཡིན་པ་ལོང་བས་བལྟས་ཀྱང་ཁམས་གསུམ་གྱི་དཔེ་ལྟར་རེད་།
ཁྲིམས་ཞིབ་པ་འཕོ་འགྱུར་དེ་ཁྲིམས་མཐུན་མ་ཡིན་ན། ཁྲིམས་མཐུན་བཞིན་ཐག་གཅོད་གནང་རྒྱུའི་གྲོས་ཚོགས་ལ་དབང་ཆ་གང་ཡོད་དམ། གྲོས་ཚོགས་ཀྱིས་ཁྲིམས་མཐུན་མ་ཡིན་པའི་ཐག་གཅོད་དེར་ཁྲིམས་མཐུན་གྱི་ལམ་ནས་ཁྲིམས་ཞིབ་པས་ཁས་བླངས་དོན་མེད་ཅིང་། དེ་མ་ཐག་ཁྲིམས་ཞིབ་པའི་དབང་ཆ་རྣམས་རང་འགུལ་གྱིས་སོར་ཆུད་གནང་སྟེ། མགོ་བདེ་དྲན་འཕྲུལ་གྱི་སྤྱི་འཐུས་སོ་གཅིག་པ་རྣམས་ལ་ཁྲིམས་སྒྲིག་དང་འགལ་བའི་ཐག་གཅོད་གནང་བ་དེར་ཉེས་ཆད་འགེལ་དགོས། དེ་མིན། ཐ་ཤལ་སྤྱི་འཐུས་དེ་རིགས་ཀྱིས་ང་ཚོའི་མང་གཙོའི་ཁེ་དབང་རྩ་གཏོར་གཏོང་སྲིད།
ཁྱེད་རང་གིས་གསུངས་པ་དེ་དེ་བཞིན་ནོ། ཐོག་མར་ཉིད་ནས་ཁྲིམས་དཔོན་གསུམ་ནས་ཁྲིམས་འགལ་ཐོག་བཞག་པའི་གྲོས་ཆོད་དེར་རྩིས་མེད་བཏང་སྟེ་དེ་ལས་ལྡོག་སྟེ་སྤྱི་འཐུས་ཚོགས་གཙོ་འགྲེས་གཞོན་གཉིས་གཙོས་གཞན་རྒྱུན་ལས་རྣམ་པར་བཅའ་ཁྲིམས་དང་རྩ་འགལ་གྱི་བྱ་ངན་དེར་ཡན་པོར་མ་སོང་བའི་ཉེས་པ་བཏང་དགོས་ཀྱང་དེ་ལྟར་མ་བྱུང་བ་རེད། འོན་ཀྱང་ད་ལྟའི་གནས་སྲངས་ལ་གཞོགས་ན་བཙན་བྱོལ་ནང་གི་མི་སྣ་གནས་ཡོད་ཁག་གཅིག་དཔེར་ན་ཁྲིམས་ཟུར། གཞུང་ཞབས་ལས་ཟུར། ཚོགས་སྐྱིད་ཁག དེ་བཞིན་མང་ཚོགས་སྟོང་ཚོ་འགལ་བས་འབོད་སྐུལ་ཞུ་ཡིག་ཕུལ་བའི་ནང་དོན་གཙོ་བོར་ཁྲིམས་འགལ་ཐོག་བཞག་པའི་གྲོས་ཆོད་དེ་ཕྱིར་བསྡུ་དགོས་སྐོར་གྱི་འབོད་སྐུལ་ཞུ་ཡིག་ཕུལ་ཡོད་པ་དེར་རྩིས་འཇོག་མ་བྱས་ན་རྙོག་ཕྲ་ཆེན་པོ་ཆགས་ངེས་ཡིན་པ་ལོང་བས་བལྟས་ཀྱང་མཐོང་ཐུབ།
ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བ་དེ་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་གང་དུའང་མ་གསལ་བ་སྒྲིག་འཛུགས་ཀྱི་དཔོན་པོ་ཁག་གཅིག་གིས་མ་ཤེས་ཤེས་མདོག་ཀྱིས་༧གོང་ས་མཆོག་ནས་ད་བར་ཕྲུ་གུ་ཆུང་ཆུང་ཞིག་ལྟར་གཡས་སྐྱོག་གཡོན་སྐྱོག་གནང་སྟེ་བཙན་བྱོལ་སྒྲིག་འཛུགས་སྲ་ཐག་ཡོད་པ་དེར་མཐོང་ཆུང་ཁྱད་གསོས་ཀྱི་ཐོག་ནས་གཏོར་བཤིགས་བྱས་པར་ངོས་འཛིན་བྱེད་ཐུབ། གྲོས་ཆོད་དེ་ཡང་སྟབས་བདེའི་ངང་ཚོུད་སྐར་མ་འགའ་ཤས་ཤིག་གི་ནང་བཞག་པའི་ཐོག་འཕོ་འགྱུར་བཏང་བ་ཞིག་ཡིན་པར་བརྟེན་ཁྲིམས་འགལ་གྱིས་བཞག་པའི་གྲོས་ཆོད་དེ་ཚུལ་མཐུན་ཐོག་ཕྱིར་འཐེན་བྱེད་པ་ལས་ལམ་གཞན་མ་མཐོང་། དེ་ཡང་གྲོས་ཆོད་ཕྱིར་འཐེན་གྱི་གྲོས་འཆར་གསར་མའི་ནང་ “འཕོ་འགྱུར་ཕྱིན་པའི་ཁྲིམས་ཞིབ་པ་གསུམ་པོ་དེ་དག་ལས་རྒྱུན་མཚམའ་མི་ཆད་པར་མུ་མཐིད་སྔར་རྒྱུན་བཞིན་རང་འཇགས་གནས་རྒྱུ་” ཞེས་གསར་བཅུག་གནང་ན་མ་འགྲིག་པ་ལས། ཚོགས་འདུ་འཕར་མ་འཛུགས་དགོས་པའི་རྒྱུ་མཚན་གང་ཡང་མཐོང་མ་སོང་།
“གསར་བཅུག་གནང་ན་མ་འགྲིག་པ་མེད་པ་ལས” ཞེས་ནོར་བཅོས་གནང་རོགས།