འདི་ལོའི་ཟླ་ ༧ པའི་ཚེས་ ༡ སྟེ་རྒྱ་ནག་དམར་གཞུང་བཙུགས་ནས་ལོ་ ༡༠༠ འཁོར་བའི་ཉིན་མོ་དང་བསྟུན་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཉིང་ཁྲི་བར་གྱི་སི་ཁྲོན་ལྕགས་ལམ་སྒོ་འབྱེད་བྱས་ཏེ་གློག་གི་མྱུར་སྐྱོད་མེ་འཁོར་ཤར་གཏོང་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག
ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་བཟོ་སྐྲུན་འགན་འཛིན་ལུའུ་ཡས་ཤང་Liu Yuxiang ཟེར་བ་ཞིག་གིས། གློག་གི་མྱུར་སྐྱོད་མེ་འཁོར་གྱི་གློག་རྒྱུད་བྱ་བར་བརྟག་དཔྱད་ཚོད་ལྟ་ཆ་ཚང་བ་བྱས་ཚར་ཡོད་སྐོར་བརྗོད་འདུག་ལ། མཐའ་མཚམས་ལྕགས་ལམ་དེ་ཕྱི་ལོ་ ༢༠༡༤ ལོ་ནས་མགོ་འཛུགས་བྱས་ཤིང་། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༣༠ ཉིན་ནས་ལེགས་འགྲུབ་འབྱུང་རྒྱུ་ཡིན་སྐོར་བསྒྲགས་ཡོད་ལ། སྤྱིའི་ལམ་ཐག་རིང་ཚད་ལ་སྤྱི་ལེ་ ༤༣༤ ལྷག་ཡོད་པར་བཤད།
བོད་ཉིང་ཁྲི་ནི་རྩོད་རྙོག་ཆེ་བའི་རྒྱ་གར་གྱི་ཨ་རུ་ཎ་ཅལ་མངའ་སྡེ་དང་ས་འབྲེལ་ཆགས་ཀྱི་ཡོད་སྟབས། འདས་ལོའི་ཟླ་ ༡༡ པའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིན་གྱིས། ས་མཚམས་བར་དུ་མེ་འཁོར་ལྕགས་ལམ་གསར་བཟོའི་ལས་གཞི་དེ་མགྱོགས་པོར་འགྲུབ་ཐབས་དགོས་པ་དང་།ལྕགས་ལམ་གསར་པ་དེ་ནི་མཐའ་མཚམས་སྲ་བརྟན་ཡོང་བའི་གཞི་རྩ་ལྟ་བུ་ཡིན་ཞེས་བརྗོད་ཡོད་པ་དང་། དེ་བཞིན་རྒྱ་ནག་ཚེ་ཧྥ་གཙུག་ལག་སློབ་གྲྭ་ཆེན་མོའི་རྒྱལ་ཁབ་ཀྱི་སྲིད་ཇུས་ལྟེ་གནས་ཁང་གི་ཉམས་ཞིབ་ཚན་པའི་འགན་འཛིན་ཆན་ཧྥོང་(Qian Feng)ཞེས་པ་ཞིག་གིས། གལ་ཏེ་བོད་ཧིན་མཐའ་མཚམས་སུ་དོན་རྐྱེན་བྱུང་ཚེ། མེ་འཁོར་ལྕགས་ལམ་དེ་ནས་འཐབ་དམག་ལ་མཁོ་བའི་ཅ་དངོས་རིགས་སྟབས་བདེའི་ངང་ནས་དབོར་འདྲེན་བྱ་རྒྱུ་ཡིན། ཞེས་བརྗོད་འདུག
རྒྱ་ནག་གཞུང་གིས་བོད་ས་ཡོངས་སུ་སྟངས་འཛིན་དོ་དམ་བྱེད་བདེ་བའི་ཆེད་དུ་གནམ་ཐང་དང་མེ་འཁོར་ལྕགས་ལམ་མང་པོ་བཟོ་སྐྲུན་བཞིན་ཡོད་པ་ལྟར། ཕྱི་ལོ་༡༩༨༤ ལོར་མཚོ་བོད་ལྕགས་ལམ་བཟོ་སྐྲུན་ཁང་གིས་ཟི་ལིང་ནས་ན་གོར་མོ་བར་དུ་ལྕགས་ལམ་བཟོ་སྐྲུན་བྱས་ཡོད་པ་དང་། ཕྱི་ལོ་༢༠༠༦ལོར་ན་གོར་མོ་ནས་ལྷ་ས་བར་ལྕགས་ལམ་གྱིས་མཐུད་ཡོད་པ་རེད།
དཔལ་ལྡན།