དེ་རིང་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་རྩིས་སྤྲོད་ཀྱི་ཉིན་མོ་དང་བསྟུན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་བསྟན་འཛིན་གཡང་འཛོམས་དང་ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་ལས་འགུལ་བ་བསྟན་འཛིན་དགོན་པ་གཉིས་བསྐྱར་དུ་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག
དེ་རིང་འཛམ་གླིང་གི་དམངས་གཙོའི་ཕ་ས་རུ་འབོད་པའི་གྷི་རི་སིའི་རྒྱལ་ས་ཨེ་ཐེན་སི་ (Athens) ནང་། ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་ལིམ་པིག་རྩེད་འགྲན་ཆེན་མོའི་དཔལ་འབར་དེ་ཉིད་རྒྱ་ནག་ལ་དངོས་སུ་རྩིས་སྤྲོད་ཀྱི་མཛད་སྒོ་ཞིག་བསྡུ་རྒྱུ་ཡིན་པ་དང་བསྟུན། བོད་དང་ཧོང་ཀོང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཐུན་མོང་ནས་གྷི་རི་སིའི་གྲོང་ཁྱེར་ཨེ་ཐན་སིའི་ནང་དཔལ་འབར་རྩིས་སྤྲོད་ལ་ངོ་རྒོལ་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱལ་སྤྱིའི་སྲིད་གཞུང་དང་། རྒྱལ་ཁབ་སོ་སོའི་ཨོ་ལིམ་པིག་གོ་སྒྲིག་ཚོགས་ཆུང་དང་། རྩེད་འགྲན་གྱི་སྦྱིན་བདག དེ་བཞིན་རྩེད་འགྲན་པ་རྣམས་ལ་པེ་ཅིན་གྱི་དགུན་དུས་ཨོ་རྩེད་ནས་ཕྱིར་འཐེན་བྱ་རྒྱུའི་གོ་སྐབས་ད་ལྟ་ཡོད་སྐོར་བརྗོད་འདུག
བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། བོད་རང་དབང་(Free Tibet)། འཛམ་གླིང་ཡུ་གུར་ལྷན་ཚོགས (World Uyghur Congress)། རྒྱལ་སྤྱིའི་བོད་གནས་འབྲེལ་མཐུད་ཁང་། ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བའི་གསར་འགོད་གསལ་བསྒྲགས་སྟེང་། འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་ལས་འཆར་དང་ཞུ་འབོད་འགན་འཛིན་ཛུམ་ར་ཊེ་ཨར་ཀིན་(Zumretay Arkin) གྱིས། ཨོ་ལིམ་པིག་རྩེད་འགྲན་ཆེན་མོའི་དཔལ་འབར་གྱིས་ཞི་བདེ་དང་རེ་བ་མཚོན་དགོས་ཀྱི་ཡོད་ནའང་། རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་མི་རིགས་རྣམས་ལ་མཚོན་ན། དེ་ནི་འཛམ་གླིང་ཡོངས་ཀྱི་བྱས་ཉེས་དང་རྒྱ་ནག་གི་དྲག་གནོན་ཞིག་ཡིན་པ་དང་། རྒྱལ་སྤྱིིའི་ཨོ་ལིམ་པིག་ལྷན་ཚོགས་ཀྱིས་མི་རིགས་རྩ་མེད་ཀྱི་སྲིད་ཇུས་སྤེལ་མཁན་གྱི་རྒྱལ་ཁབ་ཅིག་ནང་ཨོ་རྩེད་འཚོག་ཏུ་བཅུག་ཡོད་སྐོར་དང་། ཨ་རིས་གཙོས་པའི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་(G7) གྱིས་པེ་ཅིན་གྱི་དགུན་དུས་ཨོ་རྩེད་ནས་ཕྱིར་འཐེན་དགོས་པའི་རེ་སྐུལ་ཞུ་ཡི་ཡོད་པ་དང་། ད་ཐེངས་འདི་དམངས་གཙོའི་རྒྱལ་ཁབ་རྣམས་ཀྱིས་དམངས་གཙོའི་རིན་ཐང་སྲུང་སྐྱོབ་བྱེད་རྒྱུའི་གོ་སྐབས་བཟང་ཤོས་དེ་ཡིན་སྐོར་བརྗོད་འདུག
དེ་རིང་ཞོགས་པར་བཞུགས་སྒར་དྷ་རམ་ས་ལའི་མེག་གྷན་བཞི་མདོ་རུ། རྒྱ་གར་གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཀྱང་པེ་ཅིན་གྱི་དགུན་དུས་ཨོ་རྩེད་ལ་ངོ་རྒོལ་ཆེད། དབྱིན་ཡིག་ཐོག་ #NOBEIJING2022 ཞེས་པའི་ཡིག་འབྲི་གསལ་བའི་སྟོད་གོས་གྱོན་ནས་རྔམ་སྟོན་ལས་འགུལ་སྤེལ་ཏེ། རྒྱལ་སྤྱིའི་ཚོགས་སྡེ་དང་སྲིད་གཞུང་ཁག་གིས་རྒྱ་ནག་ལ་དཔལ་འབྱོར་གྱི་ཉེས་ཆད་འགེལ་དགོས་པ་མ་ཟད། ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༤ ཉིན་པེ་ཅིན་དུ་འཚོག་གཏན་འཁེལ་བའི་དགུན་དུས་ཨོ་ལིམ་པིག་རྩེད་འགྲན་ནས་ཕྱིར་འཐེན་དགོས་པའི་འབོད་སྐུལ་ཞུས་སོང་།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་པདྨ་སྒྲོལ་མ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་གི་ཕྲུ་གུ་རྣམས་ལ་བོད་སྐད་བོད་ཡིག་སྦྱང་རྒྱུའི་ཚབ་ཏུ་འདོད་པ་ཡོད་མེད་ལ་མ་ལྟོས་པར་རྒྱའི་སྐད་ཡིག་སྦྱོང་དུ་འཇུག་གི་ཡོད་པ་མ་ཟད། བསམ་བློ་གཏོང་ཕྱོགས་ཚུན་ཆད་རྒྱ་ལྟ་བུ་བཟོ་བཞིན་ཡོད་སྐོར་དང་། དེ་སྔ་བོད་ནས་བཙན་བྱོལ་དུ་འབྱོར་མཁན་མང་པོ་ཡོད་ནའང་། བར་སྐབས་ཤིག་ནས་རྒྱ་ནག་གཞུང་གིས་ས་མཚམས་ཁག་ཏུ་དོགས་ཟོན་མྱུལ་ཞིབ་འཕྲུལ་ཆས་བཙུགས་ཏེ་དམ་དྲག་ཆེས་ཆེར་བྱས་པའི་རྐྱེན་གྱིས་འདི་ལོར་བོད་ནས་བྲོས་བྱོལ་དུ་སླེབ་མཁན་བོད་མི་ལྔ་མ་གཏོགས་བྱུང་མེད་སྐོར་དང་། ད་ལྟའི་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་རྒྱ་ནག་གི་དྲག་གནོན་གྱི་སྲིད་ཇུས་དག་ལ་ཕར་རྒོལ་བྱ་རྒྱུའི་ཚབ་ཏུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་ཨོ་རྩེད་གོ་སྒྲིག་བྱེད་དུ་བཅུག་པ་དེ་ནི་རྒྱ་ནག་གཞུང་གི་བྱས་ཉེས་ཁག་འགེབ་སྲུང་བྱས་པ་ཞིག་ཡིན་སྐོར་སོགས་བརྗོད་ཡོད་འདུག
གསར་འགོད་གསལ་བསྒྲགས་སྟེང་པདྨ་སྒྲོལ་མ་ལགས་ཀྱིས་འདས་པའི་ཉིན་གྲངས་གཉིས་རིང་གྷི་རིག་ཉེན་རྟོག་པས་འཛིན་བཟུང་བྱས་པའི་ལས་འགུལ་བའི་གནས་སྟངས་སྐོར་གསལ་བཤད་བྱས་པ་ལྟར་ན། ཁ་སང་ཡུལ་དེའི་གནའ་བོའི་གྲོང་ཁྱེར་ཨོ་ལིམ་པི་ཡའི་ནང་། གྷི་རིག་གི་སྲིད་འཛིན་ཀེ་ཊེ་རི་ན་ (Katerina Sakellaropoulou) དང་། རྒྱལ་སྤྱིའི་ཨོ་རྩེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཐོ་མ་སི་བྷེ་ཆི་ (Thomas Bach)། རྒྱ་ནག་གི་ཨོ་ལིམ་རྩེད་འགྲན་གོ་སྒྲིག་ཚོགས་པའི་ཚོགས་གཞོན་ཡུ་ཙའེ་ཆིང་ (Yu Zaiqing) ཟེར་བ་བཅས་ལྷན་འཛོམས་ཐོག་ནས། པེ་ཅིན་དུ་འཚོག་གཏན་འཁེལ་བའི་དགུན་དུས་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་ལ་མེ་ལྕེ་སྒྲོན་པའི་མཛད་སྒོ་བསྡུས་པའི་སྐབས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོ་དང་། ཇེ་སན་ལེ་ཐི་(Jason Leith)། ཧྥན་མེག་ཌོ་གྷལ་ (Fern McDougal) བཅས་གསུམ་གྱིས་མཛད་སྒོ་འཚོག་ཡུལ་གྱི་ཉེ་འགྲམ་ནས་བོད་ཀྱི་རྒྱལ་དར་དང་། མི་རིགས་རྩ་མེད་ཀྱི་རྩེད་འགྲན་ཕྱིར་འཐེན་དགོས་ཞེས་པའི་བརྗོད་ཚིག་འཁོད་པའི་འཕྲེད་དར་འཕྱར་ཏེ་མདུན་མཆོང་ལས་འགུལ་སྤེལ་བའི་རྐྱེན་གྱིས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག དེ་རིང་གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན་ལས་འགུལ་བ་གསུམ་དེ་ད་ལྟའང་འཛིན་བཟུང་བཀག་ཉར་འོག་ཡོད་འདུག
ཁ་སང་ཨོ་ལིམ་པིག་གི་དཔལ་འབར་སྒྲོན་པའི་མཛད་སྒོའི་སྐབས་གྷི་རིག་ཉེན་རྟོག་པས་ངོ་རྒོལ་ལས་འགུལ་སྤེལ་མིན་ལ་མ་ལྟོས་པར། ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་ལས་འགུལ་བ་བསྟན་འཛིན་གནས་ཚང་དང་ཚེ་རིང་དགོན་པ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་པདྨ་སྒྲོལ་མ་དང་བསྟན་འཛིན་གཡང་འཛོམས་བཅས་ལས་འགུལ་བ་བཞི་འཛིན་བཟུང་གིས་མངག་གཏོང་ཁང་ནང་འདྲི་རྩད་བྱས་རྗེས། བསྟན་འཛིན་གནས་ཚང་གི་ངོ་དེབ་སྟེང་ཁ་སང་གི་མཛད་སྒོ་འཚོག་ཡུལ་གྱི་གཡས་གཡོན་དུ་གྷི་རིག་ཉེན་རྟོག་པ་དང་རྒྱལ་ཁབ་བདེ་འཇགས་མི་སྣ་ཕོན་ཆེན་འགྲེམ་འཇོག་བྱས་འདུག་པ་མ་ཟད། རྒྱ་ནག་གི་བདེ་འཇགས་མི་སྣ་ཡང་བསླེབས་ཡོད་སྐོར་དང་། ཁ་སང་ཉིན་རྒྱབ་ཙམ་ལ་ཉེས་མིང་གང་ཡང་མེད་པའི་ཐོག་ནས་ཀློད་གྲོལ་བཏང་ཡོད་སྐོར་བཀོད་ཡོད་ཀྱང་། དེ་རིང་གི་གསར་འགོད་གསལ་བསྒྲགས་ཚར་བ་དང་བསྟན་འཛིན་གཡང་འཛོམས་དང་ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་ལས་འགུལ་བ་གཞན་ཞིག་བཅས་ཉེན་རྟོག་པས་བསྐྱར་དུ་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་བོད་རང་བཙན་སློབ་ཕྲུག་ཚོགས་པས་སྤྱི་ཚོགས་དྲ་ལམ་དུ་སྤེལ་འདུག
ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ཨ་རིའི་མི་སེར་ཡིན་པའི་བོད་མི་ལས་འགུལ་བ་ཚེ་ལྷ་རྫོགས་སངས་དང་། ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོའེ་སཱོ་རྣམ་གཉིས་ཀྱིས་དཔལ་འབར་རྩིས་སྤྲོད་ཀྱི་མཛད་སྒོ་འཚོག་ཡུལ་དུ་བོད་ཀྱི་རྒྱལ་དར་དང་། ཧོང་ཀོང་གི་གསར་བརྗེའི་དར་ཆ་བསྒྲེངས་ཏེ་ངོ་རྒོལ་སྐད་འབོད་བྱས་པར་བརྟེན། གྷི་རིག་གི་ཉེན་རྟོག་པས་འཛིན་བཟུང་གིས་ཉིན་མཚན་གཅིག་རིང་བཀག་ཉར་བྱས་ཏེ་ཁ་སང་ཀློད་གྲོལ་བཏང་ཡོད་ནའང་། ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༡ པོའི་ནང་གྷི་རིག་གི་ཁྲིམས་ཁང་ལ་ཁྲིམས་བཤེར་ཆེད་བཅར་དགོས་ཀྱི་ཡོད་པའི་བཀའ་བཏང་ཡོད་འདུག
གསར་འགོད་པ། པ་སངས་ཚེ་རིང་།