——བོད་ཀྱི་དུས་བབ་གསར་ཁང་གི་བཙན་བྱོལ་གསར་འགྱུར་ཆེ་ཁག་བཅུ།
སྤེན་པ་ཚེ་རིང་མཆོག་སྲིད་སྐྱོང་དུ་བདམས།
ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་འོས་བསྡུ་ཆེན་མོར་འཛམ་གླིང་གི་རྒྱལ་ཁབ་ཁག་ ༢༦ ནང་ས་གནས་འོས་བསྡུ་ལས་ཁང་གྲངས་ ༥༨ ཆེད་འཛུགས་དང་དེབ་སྐྱེལ་བྱེད་མཁན་ཁྱོན་བོད་མི་ ༨༢༩༦༩ བྱུང་བའི་ཁྲོད་ནས། སྲིད་སྐྱོང་གི་དངོས་གཞིར་འོས་འཕེན་མཁན་ ༦༣༩༩༡ བྱུང་ཡོད་པ་དང་། འདི་ལོའི་སྲིད་སྐྱོང་གི་སྔོན་འགྲོའི་འོས་མིའི་ཁོངས་སུ། སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་དང་། སྐུ་ཚབ་དོན་ཟུར་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས། བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས། བཀའ་ཟུར་བློ་བཟང་སྙན་གྲགས་ལགས། ཚོགས་གཞོན་ཟུར་པ་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས། བཀྲ་ཤིས་སྟོབས་རྒྱལ་ལགས་བཅས་འོས་མི་ ༧ མཉམ་ཞུགས་གནང་བའི་ཁྲོད་ནས། དངོས་གཞིའི་ནང་འོས་མི་གཉིས་རྩེ་ཏོག་གནང་བ་ལྟར་སྲིད་སྐྱོང་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་འོས་གྲངས་ ༢༨༩༠༧ དང་། སྤེན་པ་ཚེ་རིང་ལགས་སུ་འོས་གྲངས་ ༣༤༣༢༤ ཐོབ་སྟེ་སྐབས་བཅུ་དྲུག་པའི་སྲིད་སྐྱོང་དུ་བདམས་ཐོན་བྱུང་། ཕྱི་ཟླ་ ༥ ཚེས་ ༢༧ ཉིན་གྱི་སྔ་དྲོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དྲ་ལམ་ནས་དབུ་བཞུགས་མཛད་པའི་ཐོག་ནས་སྲིད་སྐྱོང་གསར་རྙིང་གཉིས་བར་རྩིས་སྤྲོད་རྩིས་ལེན་གནང་ཡོད་པ་མ་ཟད། ༧གོང་ས་མཆོག་ནས་བཙན་བྱོལ་བོད་མིའི་ཡང་དག་པའི་དམངས་གཙོའི་ལམ་སྲོལ་གྱི་འཕེལ་རིམ་མདོར་བསྡུས་ཤིག་གསུངས་པ་དང་འབྲེལ། སྲིད་སྐྱོང་གསར་པར་བཀྲ་ཤིས་བདེ་ལེགས་དང་། སྲིད་སྐྱོང་རྙིང་པས་ད་ལྟ་བར་དུ་ཧུར་ཐག་གནང་བར་ཐུགས་རྗེ་ཆེ་ཞེས་ད་བར་དུ་ཧུར་ཐག་གནང་ཡོད་པ་དང་། མ་འོངས་པ་ལའང་མུ་མཐུད་འབད་བརྩོན་གནང་དགོས་པའི་བཀའ་གནང་།
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས།
སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ ༤༥ བདམས་ཐོན་བྱུང་ཡོད་ཀྱང་། ཕྱི་ཟླ་ ༦ ཚེས་ ༨ ཉིན་དམ་བཅའ་འབུལ་སྐབས་བཅའ་ཁྲིམས་དོན་ཚན་ ༤༧ པའི་དགོངས་དོན་ལྟར་བར་བརྒལ་ཚོགས་གཙོའི་མདུན་དུ་དམ་བཅའ་འབུལ་མཁན་ ༢༡ དང་། ༧གོང་ས་མཆོག་གི་སྐུ་པར་དང་བཅའ་ཁྲིམས་མདུན་དུ་དམ་བཅའ་འབུལ་མཁན་ ༢༢ བྱུང་སྟེ། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་འོས་འདེམས་སོགས་ཀྱི་ལས་དོན་འགྲོ་མ་ཐུབ་པར་ཟླ་བཞི་ཙམ་ཕྱིན་ནས་རྩོད་རྙོག་གང་མང་བྱུང་རྗེས། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བདམས་ཐོན་སྤྱི་འཐུས་རྣམ་པ་ལྔ་ཡི་འདུམ་འགྲིག་དང་གོ་སྒྲིག་འོག ཕྱི་ཟླ་ ༩ ཚེས་ ༢༧ ནས་ ༢༩ བར་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་ནང་མོལ་ཚོགས་འདུ་བསྡུས་ཏེ། དཀའ་རྙོག་སེལ་བའི་ཐབས་ལམ་ ༨ ཀྱི་ཐོག་གྲོས་བསྡུར་གནང་ཡོད་ཀྱང་འདུམ་འགྲིག་ཡོང་ཐབས་གཏན་ནས་མ་བྱུང་བར་བརྟེན། ཐབས་ལམ་ ༧ པ་སྟེ་བཅའ་ཁྲིམས་དོན་ཚན་དང་པོའི་ནང་གསེས་ ༢ པའི་དགོངས་དོན་ལྟར། སྤྱི་མོས་ཀྱི་ཐོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཀའ་སློབ་ལམ་སྟོན་སྩལ་གནང་ཡོང་བའི་གསོལ་འདེབས་སྙན་ཞུ་ཕུལ་བ་ལྟར། ཕྱི་ཟླ་ ༡༠ ཚེས་ ༦ ཉིན་ཐུགས་ཕམ་དང་སྦྲགས་ལམ་སྟོན་བཀའ་ཡིག་གནང་བའི་ནང་། བདམས་ཐོན་གསལ་བསྒྲགས་ཟིན་པའི་སྤྱི་འཐུས་ཚང་མས་བཅའ་ཁྲིམས་ཀྱི་འབྲུ་དོན་གཞིར་བཟུང་དམ་འབུལ་བྱ་རྒྱུ་དང་། དེ་ལྟར་མ་བྱུང་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་གང་མྱུར་ལོངས་ཆེད་འོས་བསྡུ་ལས་ཁང་ནས་བཅའ་ཁྲིམས་གཞིར་བཟུང་བྱེད་སྒོ་གང་ཡོད་ལག་བསྟར་བྱ་རྒྱུ་བཅས་ཡིད་འཇགས་གྱིས། ཞེས་བཀའ་ཕེབས་དོན་ལྟར། ཕྱི་ཟླ་ ༡༠ ཚེས་ ༨ ཉིན་གྱི་སྔ་དྲོར་བདམས་ཐོན་སྤྱི་འཐུས་ ༤༥ ཡིས་བཅའ་ཁྲིམས་དོན་ཚན་ ༤༧ པའི་དགོངས་དོན་ལྟར་བར་བརྒལ་ཚོགས་གཙོའི་མདུན་དུ་དམ་བཅའ་ཕུལ་ཏེ། རྙིང་མའི་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཚོགས་གཙོ་དང་དབུས་གཙང་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཚོགས་གཞོན་དུ་འོས་འདེམས་གནང་སྟེ། ཕྱི་ཟླ་ ༡༠ ཚེས་ ༡༡ དང་ ༡༢ ཉིན་གཉིས་རིང་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་དང་པོ་ཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་དང་། ལྕང་ར་ཐར་ལམ་སྒྲོལ་མ་ལགས། ནོར་འཛིན་སྒྲོལ་མ་ལགས་བཅས་བཀའ་བློན་དུ་བདམས་ཐོན་བྱུང་།
བོད་རྒྱ་འབྲེལ་མོལ་གྱི་ཐབས་ཇུས་འཆར་འགོད་ཚོགས་ཆུང་བསྐོས།
ཕྱི་ཟླ་ ༡༡ ཚེས་ ༡༦ ནས་ ༡༨ བར་ཉིན་གསུམ་རིང་བཞུགས་སྒར་ཉེ་འདབས་ཀྱི་ནོར་གླིང་གི་རྒྱ་གར་གྱི་(Imperial Heights Inn)གསོལ་མགྲོན་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚབ་ཏུ་བཙུགས་གནང་བའི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་ཚོགས་ཏེ། ཚོགས་ཆུང་གི་མ་འོངས་པའི་ལས་དོན་དང་གྲ་སྒྲིག་ཞུ་ཕྱོགས་སོགས་ཀྱི་སྐོར་ལ་བཀའ་བསྡུར་གནང་ཡོད་པ་མ་ཟད། གང་མགྱོགས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་བརྒྱུད་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་དང་འབྲེལ་བའི་ཡིག་ཆ་ཞིག་འབུལ་གཏན་འཁེལ་ཡོད་པ་རེད། ཐབས་ཇུས་ཚོགས་ཆུང་གི་སློབ་སྟོན་པ་གསུམ་ནི་བཀའ་ཟུར་བསྟན་པ་ཚེ་རིང་ལགས་དང་། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས། སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་བཅས་དང་། ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་མི་རྣམས་ནི་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་དང་། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། སྲིད་ཇུས་ཉམས་ཞིབ་ཁང་གི་དྲུང་ཆེ་ཟླ་བ་ཚེ་རིང་ལགས། བཀའ་དྲུང་ཡིག་ཚང་གི་ཆབ་སྲིད་དྲུང་ཆེ་བཀྲ་ཤིས་རྒྱ་མཚོ་ལགས། དེ་བཞིན་དམིགས་བསལ་སྐུ་མགྲོན་དུ་འབྲེལ་ཡོད་དགའ་ལྡན་ཕོ་བྲང་གི་རྒྱ་ཡིག་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་བཅས་ཡིན་པ་རེད།
རྩིས་ལོ་༢༠༢༡་་༢༠༢༢ལོའི་འགྲོ་གྲོན་སྒོར་ས་ཡ་ ༢༦༩༨ གཏན་འབེབ།
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་ཕྱི་ཟླ་ ༣ ཚེས་ ༡༥ ནས་ ༣༡ བར་འཚོག་གཏན་འཁེལ་ཡོད་ཀྱང་། ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་རྐྱེན་གྱིས་སྔ་ནུར་བྱས་ཏེ། ཕྱི་ཟླ་ ༣ ཚེས་ ༢༧ བར་ཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ནས་འཛམ་གླིང་ནང་ཡོངས་གྲགས་སུ་ཏོག་དབྱིབས་གཉན་རིམས་དེ་མིས་བཟོས་པ་ལས་རང་བྱུང་གི་ནད་ཡམས་ཤིག་མིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར་རྒྱ་ནག་གི་བྱ་སྤྱོད་ནོར་འཁྲུལ་ཅན་དེར་བློ་ཕམ་ཆེན་པོ་ཡོད་སྐོར་གསུངས་ཡོད་པ་རེད། ཚོགས་དུས་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༡་་་༢༠༢༢ ལོའི་འགྲོ་གྲོན་སྒོར་ས་ཡ་ ༢༦༩༨,༡༣༡,༤༩༨ དང་། སྔོན་རྩིས་མ་དངུལ་གྱི་ཕྱོགས་བསྡོམས་ཡོང་འཆར་ ༡༠༥༧༧༧.༩༥༣། རྩིས་ལོའི་ནང་ཟུར་བཀོལ་ཡོང་འཆར་ཕྱོགས་བསྡོམས་ཧིན་སྒོར་ ༢༤༠༥.༨༠༠.༠༠༤ བཅས་སྤྱི་མོས་གཏན་འབེབ་གནང་ཡོད་པ་རེད།
སྲིད་སྐྱོང་སློབ་ཡོན་གཟེངས་རྟགས་ཐོབ་མཁན་མང་ཤོས་ཀྱི་ལོ།
འདི་ལོར་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཁྲོད་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ ༢༧ གྱི་སློབ་མ་གྲངས་ ༡༢༢༦ མཉམ་ཞུགས་བྱས་ཏེ། ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༦༢།༨༧ ཟིན་ཡོད་འདུག་ལ། མ་སུ་རི་བོད་ཁྱིམ་གྱི་སློབ་མ་ ༤ དང་སྦེལ་ཀོབ་སམ་བྷོ་ཊའི་སློབ་མ་ ༢ བཅས་ཁྱོན་སློབ་མ་ ༦ ལ་སྲིད་སྐྱོང་གཟེངས་རྟགས་ཐོབ། དེ་བཞིན་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་ ༡༢ པའི་ཡིག་རྒྱུགས་ཁྲོད། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ ༡༦ གི་སློབ་མ་གྲངས་ ༡༠༦༠ མཉམ་ཞུགས་བྱས་ཏེ། ཡིག་རྒྱུགས་འཕྲོད་པའི་ཆ་སྙོམས་བརྒྱ་ཆ་ ༧༨།༤༡ ཟིན་ཡོད་པ་མ་ཟད། མ་སུ་རི་བོད་ཁྱིམ་ནས་སློབ་ཕྲུག་ ༢༡ དང་མོན་གྷོ་སམ་བྷོ་ཊ་ནས་ ༢། བོད་ཁྱིམ་གོ་པལ་པུར་དང་སྦིར་སུ་ཇཱ་བོད་ཁྱིམ། དྷ་སྟེང་བོད་ཁྱིམ། སྦེལ་ཀོབ་སམ་བྷོ་ཊ་བཅས་ནས་སློབ་མ་ ༡ རེ་བཅས་ཁྱོན་སློབ་མ་ ༢༧ ལ་སྲིད་སྐྱོང་གཟེངས་རྟགས་ཐོབ། ད་དུང་མ་སུ་རི་བོད་ཁྱིམ་ནས་སློབ་མ་ ༩ དང་སམ་བྷོ་ཊ་མོན་གྷོ་ནས་སློབ་མ་ ༡ བཅས་ཁྱོན་སློབ་མ་ ༡༠ ལ་ཕྱི་ལོ་ ༢༠༢༡ ལོའི་དགའ་ལྡན་ཕོ་བྲང་གི་གཟེངས་རྟགས་ཐོབ་པ་རེད། འདི་ལོ་ནི་སྲིད་སྐྱོང་གཟེངས་རྟགས་ཐོབ་མཁན་མང་ཤོས་ཆགས་ཡོད་པ་དང་། འདི་ལོར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་ལོ་འཆར་ཅན་ལྟར་རྒྱལ་ཡོངས་ཡིག་ཚད་གཏོང་ཐུབ་མེད་ཀྱང་། རྒྱ་གར་ཤེས་ཡོན་ལྷན་ཁང་གི་ལམ་སྟོན་འོག་ལོ་ཕྱེད་ཀྱི་ཡིག་རྒྱུགས་བརྒྱ་ཆ་དང་ནང་ལས་སོགས་ཀྱི་བརྒྱ་ཆ་སོགས་ཕྱོགས་བསྡོམས་བྱས་ཡོད་འདུག གཞན་ཡང་འཛམ་གླིང་ནང་སྙན་གྲགས་ཆེ་བའི་གཙུག་ལག་སློབ་ཆེན་ཁག་གི་ནང་སློབ་གཉེར་བྱེད་མཁན་བོད་རིགས་སློབ་མ་ ༤༠ ལ་ཕྱི་ལོ་ ༢༠༢༡ ལོའི་ཏཱ་ལའི་བླ་མའི་མཐོ་རིམ་སློབ་ཡོན་ཐོབ་ཡོད་འདུག་ལ། བོད་ཁྱིམ་སེ་ལ་ཀུའི་སློབ་མ་བསྟན་འཛིན་ཟླ་གསལ་དང་སྦེལ་་ཀོབ་སམ་བྷོ་ཊའི་སློབ་མ་བསྟན་འཛིན་ཟླ་སྒྲོན་དང་སློབ་མ་ཐུབ་བསྟན་དཔལ་མོ། མ་སུ་རི་བོད་ཁྱིམ་གྱི་སློབ་མ་ཤ་རིའི་བུ་དང་སློབ་མ་བསྟན་འཛིན་པ་སངས་བཅས་ཁྱོན་བོད་ཁྱིམ་སློབ་གྲྭ་གསུམ་གྱི་སློབ་མ་ལྔ་ལ་འདི་ལོའི་རྒྱལ་སྤྱིའི་མཉམ་འབྲེལ་མཐོ་སློབ་ (UWC) ཀྱི་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་པའི་སློབ་ཡོན་ཐོབ་ཡོད་འདུག
ཁྲིམས་ཞིབ་པ་གསུམ་དུས་གཅིག་ལ་འཕོ་འགྱུར་བཏང་སྟེ་དཀའ་རྙོག་ཆེན་པོ་བྱུང་།
འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༥ སྟེ་གྲོས་ཚོགས་དུས་བཅུ་པའི་ལས་ཉིན་བཅུ་པའི་སྔ་དྲོར། གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༣༩ པ་སྟེ། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། ཁྲིམས་དཔོན་གཞན་གཉིས་བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་དང་འགལ་ཡོད་པས་འཕོ་འགྱུར་གཏོང་དགོས་པའི་གྲོས་འཆར་ལ་སྤྱི་འཐུས་ཀྱི་རྩ་འབོར་གསུམ་ཆ་གཉིས་བརྒལ་བ་སྤྱི་འཐུས་ ༣༡ ནས་རྒྱབ་སྐྱོར་ཐོབ་པ་བརྒྱུད།ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་དང་། ཁྲིམས་དཔོན་གཞན་ཀརྨ་དགྲ་འདུལ་ལགས་དང་བསྟན་འཛིན་ལུང་རྟོགས་ལགས་རྣམ་གཉིས་བཅས་འཕོ་འགྱུར་བཏང་ཡོད་པ་དང་། ཕྱི་ཚེས་ ༢༦ ཉིན་ཁྲིམས་ཞིབ་པ་གསུམ་ནས་གསར་འགོད་ལྷན་ཚོགས་བསྡུས་ཏེ་བཅའ་ཁྲིམས་དང་གནོད་འགལ་བྱས་པའི་གནོང་སྐྱོན་གང་ཡང་མེད་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བྱ་རིམ་གང་ཡང་མེད་པའི་ཐོག་ནས་ཁྲིམས་ཞིབ་པ་རྣམས་འཕོ་འགྱུར་བཏང་བ་དེ་མ་འོངས་པར་ཉེན་ཁ་ཆེན་པོ་ཞིག་ཆགས་ཡོད་སྐོར་བསྒྲགས་རྗེས་ཉིན་དེའི་ཕྱི་དྲོ་ནས་ཁྲིམས་ཞིབ་པའི་ལས་གནས་ནས་བཤོལ་དགོས་བྱུང་བར་བརྟེན། སྔ་གཞུག་ཏུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཟུར་པ་དང་བཀའ་བློན་ཁྲི་ཟུར། བཀའ་བློན་ཟུར་པ། གཞུང་ཞབས་ཟུར་པ། ཆབ་སྲིད་བཙོན་ཟུར། མི་མང་མང་ཚོགས། དེ་བཞིན་གྲོས་ཚོགས་འཐུས་མི་ ༢༡ བཅས་ནས་སྔ་གཞུག་ཏུཡིག་ངག་གཉིས་ཐོག་ནས་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བ་ཁྲིམས་སྒྲིག་དང་འགལ་ཡོད་པ་དང་། ཁོང་རྣམ་པའི་ལས་གནས་བསྐྱར་གསོ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། ཏོག་དབྱིབས་ཁྱབ་གདལ་སོགས་ཀྱིས་གྲོས་ཚོགས་འཕར་མ་ཚོགས་མ་ཐུབ་པ་དང་། བཀའ་ཤག་གིས་ཁྲིམས་ཞིབ་པའི་འོས་མི་མ་རག་པ་སོགས་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་ལ་སྐྱོན་ཆག་ཆེན་པོ་ཡོང་གཞི་ཆགས་པར་བརྟེན། ཕྱི་ཟླ་ ༥ ཚེས་ ༢༤ ཉིན་ཁྲིམས་ཞིབ་པ་རྣམ་པ་གསུམ་གྱིས་ལས་ཁུར་རྒྱུན་སྐྱོང་གནང་ཟིན་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་།
ཇི་ནེ་ཝར་བོད་དོན་གླེང་སྟེགས་ཐེངས་བཞི་པ་འཚོགས།
ཕྱི་ཟླ་ ༡༡ ཚེས་ ༡ ནས་ཉིན་གཉིས་རིང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་དང་སུད་སི་སྐུ་ཚབ་དོན་གཅོད་གཉིས་ཟུང་འབྲེལ་གྱི་གོ་སྒྲིག་འོག མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་གནས་ཇི་ནེ་ཝར་བོད་དོན་གླེང་སྟེགས་ཐེངས་བཞི་པ་འཚོགས་ཡོད་པ་དང་། ཉིན་གཉིས་རིང་གི་ཚོགས་འདུའི་ཐོག་བོར་བརླག་ཏུ་ཕྱིན་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་ཅེས་པའི་བརྗོད་གཞི་སོགས་ཀྱི་ཐོག་བགྲོ་གླེང་འཚོགས་པ་ཡོད་པ་རེད། ཚོགས་འདུ་དབུ་འཛུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དབུས་སྐུ་མགྲོན་གཙོ་བོ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་ཚོགས་གཞོན་ཇའེ་རེ་ཨོ་བྷི་ལེ་རྫར་ (jiří oberfalzer) མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་སུད་སིའི་གྲོས་ཚོགས་འཐུས་མི་ནེ་ཁའོ་ལེ་ཝོ་ཊར་ (Nicolas Walder) མཆོག་དང་ཧཱ་གྷི་རེ་ཡའི་ (Budapest) མཆོག་སོགས་ཕེབས་ཏེ་བོད་དོན་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་སྦྲགས། རྒྱ་ནག་གཞུང་དང་ལྷན་དུ་ཞི་བའི་གྲོས་མོལ་གྱིས་མཐར་ཐུག་གི་ཐག་གཅོད་ཅིག་ལེན་པར་གྲ་སྒྲིག་ཡོད་ལ། ཐག་གཅོད་དེ་ཡང་བོད་མི་མང་དང་རྒྱ་ནག་གཉིས་ལ་འདྲ་མཉམ་ལྡན་པའི་ཐག་གཅོད་ཅིག་ཡིན་དགོས་སྐོར་དང་། འཚེ་མེད་ཞི་བ་ནི་འཐབ་རྩོད་ཀུན་གྱི་ལྡེ་མིག་ལྟ་བུ་ཡིན་པས། ཞི་བའི་ལམ་ནས་ངོ་རྒོལ་ལས་འགུལ་སྤེལ་མཁན་ཧོང་ཀོང་གི་གཞོན་སྐྱེས་ཚོ་དང་། ཡུ་གུར་མི་མང་། སོག་པོ། ཐའེ་ཝན་མི་མང་བཅས་ལ་གདུང་སེམས་མཉམ་སྐྱེད་ཡོད་སྐོར་སོགས་གསུངས་ཡོད་པ་རེད། སྲིད་སྐྱོང་མཆོག་གི་གཞུང་འབྲེལ་ཕྱོགས་སྐྱོད་དེ་དང་བསྟུན་ཡུལ་ལུང་གང་སར་འཐོར་བའི་བོད་མི་རྣམས་ཀྱིས་བོད་དོན་ཐོག་ནུས་པ་མཉམ་སྤུངས་ཡོང་ཆེད། དྭང་བླངས་བོད་ཀྱི་ཞུ་གཏུག་ལས་འགུལ་ཚོགས་པ་ (Voluntary Tibetan Advocacy Groups V-TAG) དབུ་འབྱེད་གནང་ཡོད་པ་རེད།
རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་སྟེང་བོད་ཀྱི་ཁོར་ཡུག་གླེང་སློང་བྱས།
ཕྱི་ཟླ་ ༡༠ ཚེས་ ༣༡ ནས་ཉིན་གྲངས་ ༡༣ རིང་དབྱིན་ཡུལ་གྱི་སི་ཁོ་ཊི་ལན་ཌིའི་གྲོང་ཁྱེར་གྷ་ལ་སི་ཁོ་ (Glasgow) རུ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ (COP26) དང་བསྟུན། རྒྱལ་སྤྱི་རང་བཞིན་ཅན་གྱི་ཚོགས་ཆེན་དེའི་ཐོག་རྒྱལ་ཁབ་ ༡༩༠ ལྷག་གི་འཐུས་མིས་མཉམ་ཞུགས་བྱས་ཡོད་ལ། བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་རྣམས་ཀྱིས་ཀྱང་མཉམ་ཞུགས་བྱས་ཏེ། གཞུང་འབྲེལ་གྱི་ཚོགས་འདུ་ཁག་གི་ནང་བོད་དང་ཐད་ཀར་འབྲེལ་འདྲིས་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་། ཆབ་སྲིད་ཀྱི་ཐོག་ནས་བོད་དང་འབྲེལ་ལམ་ཡོད་པའི་རྒྱལ་ཁབ་ཁག་གི་འཐུས་མིར་ཐུག་འཕྲད་བྱས་ཏེ། བོད་ཀྱི་ཁོར་ཡུག་གི་གནས་བབ་སོགས་ཀྱི་སྐོར་ལ་གླེང་སློང་དང་། རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་སྦག་བཙོག་བཟོ་མུས་ཡིན་པའི་སྐོར་གྱི་ཡིག་ཆ་སོགས་བཀྲམ་ཡོད་པ་རེད། དེ་བཞིན་རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་ཆུ་རགས་སོགས་འཛུགས་སྐྲུན་བྱེད་མུས་ཡིན་སྟབས། བྷང་ལ་དྷེ་ཤི་སོགས་སུ་དཀའ་ངལ་འཕྲད་མུས་ཡིན་པ་ལྟར། ཡར་ལུང་གཙང་པོ་བདག་གཅེས་དང་འབྲེལ་ཏེ། བོད་མི་དང་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་ཆགས་པའི་རྒྱལ་ཁབ་ཁག་གི་འཐུས་མི་བར་གླེང་སློང་བྱས་ཡོད་འདུག
ལོ་རྒྱུས་མཁས་པའི་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ་བསྡུས།
ཕྱི་ཟླ་ ༡༡ ཚེས་ ༢༠ ཉིན་དྷ་རམ་ས་ལའི་ས་རཱ་མཐོ་སློབ་ཏུ། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གཉིས་ཐུན་མོང་ནས་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་གལ་ཆེའི་མི་སྣའི་སྐོར་གྱི་དཔྱད་གླེང་ཞེས་པའི་བཙན་བྱོལ་ནང་གི་ལོ་རྒྱུས་མཁས་པ་མི་ ༡༢ ཀྱིས། བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་མི་སྣ་གལ་ཆེན་ཁག་ཅིག་ངོ་སྤྲོད་གནང་སོང་། མཛད་སྒོའི་ཐོག་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་དྲ་ལམ་ནས་དམིགས་བསལ་གསུང་འཕྲིན་ཞིག་སྩལ་བའི་ནང་། བོད་པའི་རྩོམ་རིག་དང་སྐད་ཡིག་མཁས་པ་རྣམས་ཀྱིས་ཞིབ་འཇུག་དང་དཔྱད་པ་མང་པོ་གནང་བ་དེ་དག་རྨང་གཞི་བཞག་པའི་ཐོག་ནས། དེང་དུས་ཀྱི་འགྲོ་སྟངས་བཞིན་ཞིབ་འཇུག་དང་། ཕྱོགས་ཡོངས་ཀྱི་ཉམས་ཞིབ་བྱེད་སྟངས་ལ་སྦྱོང་བརྡར་དང་སློབ་སྦྱོང་ཞུ་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་འདུག་ལ། ཐེངས་འདིའི་ལོ་རྒྱུས་མི་སྣའི་ཚོགས་ཆེན་དེ་བསྡུས་པའི་དམིགས་ཡུལ་གཙོ་བོ་ནི། ལོ་ཤས་ཀྱི་གོང་དུ་༧གོང་ས་མཆོག་གིས་རྒྱལ་སྤྱིའི་རང་བཞིན་ཅན་གྱི་བོད་ཀྱི་ལོ་རྒྱུས་ཀྱི་ཚོགས་ཆེན་ཞིག་འཚོག་ཐུབ་ན་དགོས་པ་ཆེན་པོ་ཞིག་ཡོད་སྐོར་གསུངས་ཡོད་ལྟར་ལས་གཞི་མགོ་བཙུགས་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་སོང་།
ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཀྱི་གནོད་སྐྱོན།
རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་གཉན་རིམས་ཀྱི་ཚ་རླབས་གཉིས་པ་བྱུང་སྟེ་ལྡི་ལི་དང་པན་ཇབ་མངའ་སྡེ་སོགས་ཀྱི་ནང་ཛ་དྲག་གི་གནས་སྟངས་བྱུང་སྟབས། ཧི་མ་ཅལ་མངའ་སྡེ་གཞུང་གིས་ཕྱི་ཟླ་ ༥ ཚེས་ ༧ ནས་ ༡༧ བར་དུ་མངའ་སྡེའི་ཁྱོན་ཡོངས་སུ་ཐེམ་སྤང་བཀའ་རྒྱ་བཏང་སྟེ་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གནས་སྐབས་རིང་ཁྱིམ་སྡོད་བཀའ་རྒྱ་བྱས་ཡོད་པ་རེད། ད་དུང་རྒྱ་གར་དབུས་གཞུང་གིས་འདས་ལོའི་ཕྱི་ཟླ་ ༣ ཚེས་ ༢༤ ནས་ཉིན་གྲངས་ ༢༡ རིང་ཁྱིམ་སྡོད་བཀའ་རྒྱ་བཏང་ བསྐྱར་དུ་བདུན་ཕྲག་གཉིས་ཀྱི་རིང་འཕར་འགྱངས་གནང་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་དང་བལ་ཡུལ་ནང་ཏོག་ནད་ཕོག་པའི་བོད་མི་གྲངས་ ༦༩༣༡ ཁྲོད་མི་གྲངས་ ༡༦༢ རྐྱེན་འདས་དང་མི་གྲངས་ ༥༥ ནད་མནར་བཞིན་ཡོད་འདུག དེ་བཞིན་ཕྱི་རྒྱལ་སྐུ་ཚབ་དོན་ཁང་ནས་འབྱོར་བའི་གྲངས་ཐོའི་ནང་ཕྱི་རྒྱལ་དུ་ཏོག་ནད་ཕོག་པའི་བོད་མི་གྲངས་ ༢༡༣ ཁྲོད་མི་གྲངས་ ༩ རྐྱེན་འདས་དང་མི་གྲངས་ ༣༩ ནད་མནར་བཞིན་ཡོད་འདུག གཞན་ཡང་བོད་ནང་ཏོག་ནད་ཕོག་པའི་མི་གྲངས་ ༡༠༧ ཡོད་པའི་ཁྲོད་མི་གྲངས་ ༡ རྐྱེན་འདས་སུ་ཕྱིན་ཡོད་འདུག འོན་ཀྱང་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་ཡོད་པའི་བོད་ནང་དུ་ཏོག་ནད་ཕོག་པའི་མི་གྲངས་དེ་ལ་དོགས་པ་ཡོད་པ་རེད།
གསར་འགོད་པ་བསྟན་འཛིན་ཕུར་བུ་ཡིས་ཕྱོགས་སྒྲིག་བྱས།
ཕྱོགས་སྒྲིག་གང་ལེགས་གནང་འདུག