ཟླ་འདིའི་ཕྱི་ཚེས་ ༢༨ ནས་ ༣༠ བར་༧གོང་ས་མཆོག་གིས་ལ་དྭགས་ཀྱི་དད་ལྡན་དོན་གཉེར་ཅན་རྣམས་ལ་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་འཕྲོ་སྐྱོང་སྩལ་རྒྱུ་ཡིན་འདུག
དེ་རིང་འདི་གའི་གསར་འགོད་པར་ལ་དྭགས་གླེ་ནང་པ་ཚོགས་འདུ་ཡིག་ཚང་གི་ཡོངས་ཁྱབ་གསར་བསྒྲགས་ཤིག་འབྱོར་བའི་ནང་དུ། ཟླ་འདིའི་ཕྱི་ཚེས་ ༢༨ ནས་ ༣༠ བར་ཉིན་གྲངས་གསུམ་རིང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལ་དྭགས་ཀྱི་དད་ལྡན་དོན་གཉེར་ཅན་རྣམས་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་འཕྲོ་སྐྱོང་སྩལ་རྒྱུའི་ཞལ་བཞེངས་བཟང་མོ་ཐོབ་ཡོད་པ་མ་ཟད། གསུང་ཆོས་ཀྱི་རྗེས་སུ་ལ་དྭགས་ནང་ཚོགས་དང་དགོན་ཚོགས་གཉིས་ཀྱིས་ལ་དྭགས་ཀྱི་དད་ལྡན་དོན་གཉེར་ཅན་ཡོངས་ཀྱི་ཚབ་བྱས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་ཞིག་ཀྱང་འབུལ་གཏན་ཁེལ་ཡོད་སྐོར་བརྗོད་འདུག
དེ་བཞིན། ཕྱི་ཟླ་ ༨ ཚེས་ ༡ ནས་ཉིན་གྲངས་བཅུའི་རིང་ལ་དྭགས་ལིང་ཤེད་དགོན་པའི་དབྱར་ཆོས་ཆེན་མོ་འཚོག་རྒྱུ་ཡིན་པ་ལྟར། ལིང་ཤེད་དགོན་པའི་དབྱར་ཆོས་ཆེན་མོའི་ཚོགས་མགོན་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཆིབས་སྒྱུར་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད་འདུག་ལ། ཉེ་སྔོན་ལ་དྭགས་ནང་ཚོགས་ཡིག་ཚང་གི་འགན་འཛིན་ཐུབ་བསྟན་ཚེ་དབང་ལགས་ཀྱིས་གསུངས་པ་ལྟར་ན། ད་རེས་༧གོང་ས་མཆོག་ལོ་ངོ་བཞིའི་རྗེས་ནས་ལ་དྭགས་སུ་ཆིབས་སྒྱུར་བསྐྱངས་པ་དང་བསྟུན། ཟངས་དཀར་དང་ལིང་ཤེད་དགོན་པ་སོགས་སུ་ཆིབས་སྒྱུར་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད།
འདི་གའི་གསར་འགོད་པར་ལ་དྭགས་ཀྱི་དད་ལྡན་དོན་གཉེར་ཅན་ཁག་ཅིག་གིས། ༧གོང་ས་མཆོག་ལ་དྭགས་སུ་ཆིབས་སྒྱུར་བསྐྱངས་པ་ནི་ལ་དྭགས་མི་མང་གི་བསོད་ནམས་ཡིན་པ་དང་། མགོན་པོ་གང་ཉིད་མཆོག་ལ་དྭགས་སུ་ཕེབས་པ་ལ་བརྟེན་ནས། ལ་དྭགས་མི་མང་ལ་འཆམ་མཐུན་དང་བདེ་སྐྱིད། ཞི་བདེ་སོགས་ཡོང་གི་ཡོད་སྐོར་བརྗོད་བྱུང་ལ། ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༧ ཚེས་ ༣ ཉིན་ནས་༧གོང་ས་མཆོག་ཟླ་གཅིག་མ་ཟིན་ཙམ་གྱི་རིང་ལ་དྭགས་སུ་ཆིབས་སྒྱུར་བསྐྱངས་ཏེ། ནུབ་ར་བདེ་སྐྱིད་ཕོ་བྲང་དང་ནུབ་ར་བསམ་གཏན་གླིང་དགོན་པ། བདེ་སྐྱིད་དགོན་པ། ཀར་གྷིལ་(Kargil) དང་ཟངས་དཀར་སོགས་སུའང་ཆིབས་སྒྱུར་བསྐྱངས་གནང་མཛད་ཡོད་པ་རེད།
གསར་འགོད་པ་སྐལ་བཟང་སྦྱིན་པས་ལ་དྭགས་ལྕོག་ལམ་སར་ཞི་བའི་ཚལ་ཕོ་བྲང་གི་ཉེ་འགྲམ་ནས་སྤེལ།