བཀའ་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་བོད་ཀྱི་སྐད་ཡིག་ལ་སིམ་འཛུལ་གྱིས་སྐད་ཡིག་འགྱུར་བ་གཏོང་གི་ཡོད་པར་བརྟེན། བོད་རིགས་གཞོན་སྐྱེས་རྣམས་ཀྱིས་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ལུགས་དང་སྐད་ཡིག་ལ་བདག་པོ་རྒྱག་དགོས་པའི་སྐུལ་མ་གནང་སོང་།
དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ པའི་སྟེང་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་དུ་བྱིས་པའི་རྩེད་ཆས་དང་དེབ་ ༡༣ གྱི་དབུ་འབྱེད་མཛད་སྒོའི་སྟེང་། སྐུ་མགྲོན་གཙོ་བོ་བཀའ་ཟུར་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་གཙོས་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས་དང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་སོགས་ཕེབས་ཏེ། སྐུ་མགྲོན་གཙོ་བོ་མཆོག་གིས་བྱིས་པའི་རྩེད་ཆས་དང་དེབ་ ༡༣ བཅས་དབུ་འབྱེད་གནང་སོང་།
འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གི་ལོ་རྒྱུས་དང་འབྲེལ་ནས་ད་བར་ཕྱག་ལས་གང་གནང་ཡོད་པའི་ཐད་དྷ་སར་རྟེན་གཞི་བྱས་པའི་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གི་འགན་འཛིན་བྷུ་དྷ་སྐྱབས་ལགས་ཀྱིས། ད་ལྟ་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་ནི་གཞུང་འབྲེལ་མ་ཡིན་པའི་རྒྱ་གར་གཞུང་གི་ཁྲིམས་མཐུན་གྱི་ཚོགས་པ་ཞིག་ཆགས་ཡོད་པ་རེད། ཐོག་མར་ཕྱི་ལོ་ ༢༠༡༦ ལོར་མགོ་བཙུགས་པ་དང་། སྐབས་དེ་དུས་བོད་མིའི་སྒྲིག་འཛུགས་ཀྱིས་ཁྲིམས་མཐུན་གྱི་ཚོགས་པ་འཛུགས་རྒྱུའི་འཆར་གཞི་གང་ཡང་མེད་ཀྱང་། ཤེས་ཡོན་གྱི་ཐོག་ལ་དོ་དབྱིངས་ཡོད་པ་དང་། སོ་སོའི་ལྟ་ཚུལ་མཐུན་པ་ཁག་ཅིག་དང་མཉམ་རུབ་ཀྱི་ཐོག་ནས་སྤྱི་ཚོགས་ལ་ལག་སྐྱེས་འབུལ་ཐུབ་རྒྱུའི་དམིགས་ཡུལ་ཡོད་པའི་ཐོག་ནས་ལས་གཞི་འདི་མགོ་བརྩམས་པ་ཞིག་ཆགས་ཀྱི་ཡོད། དེ་ཡང་བོད་ཡིག་ཐོག་བྱིས་པའི་དེབ་ཀློག་རྒྱུའི་བྱིས་སྒྲུང་དང་དེབ་སོགས་ཞན་པ་དང་སྟོང་ཆ་ཆེན་པོ་མཐོང་བར་བརྟེན། ད་བར་དེབ་ ༦༣ པར་སྐྲུན་དང་སློབ་གྲྭ་ཁག་ལ་དེབ་གྲངས་ ༥༠,༠༠༠ ལྷག་འགྲེམས་སྤེལ་བྱས་ཡོད། དེ་བཞིན་པཱར་ཐམ་དཔེ་ཚོགས་དང་མཉམ་འབྲེལ་གྱིས་དེབ་ ༥༣ ཙམ་བོད་བསྒྱུར་བྱས་ཏེ་དྲ་ཐོག་ཏུ་གཟིགས་རྒྱུ་ཡོད་ཅེས་དང་། ད་དུང་བོད་ཀྱི་བྱིས་པའི་སྒམ་ཆུང་གི་ལས་གཞིའི་འོག་ནས་ལོ་ཆུང་བྱིས་པ་གསོ་སྐྱོང་དང་སློབ་གསོའི་ཐོག་ནས་རྒྱ་བལ་གཉིས་ཀྱི་ཁྱིམ་ཚང་ ༨༡༨ ལ་དེ་འབྲེལ་ཟབ་སྦྱོང་དང་བོད་ཀྱི་བྱིས་པའི་སྒམ་ཆུང་ལག་སྐྱེས་ཕུལ་ཡོད་སྐོར་དང་། འཇམ་དབྱངས་བྱིས་པའི་དཔེ་མཛོད་ཁང་དུ་ཟླ་རེར་ཆ་སྙོམས་སློབ་ཕྲུག་གྲངས་ ༣༡༧ ཙམ་ཡོང་གི་ཡོད་པ་དང་། དཔེ་མཛོད་ཁང་དུ་བྱིས་པ་ལོ་ ༢ ནས་ ༡༥ བར་དུ་དེབ་ལྟ་ཀློག་དང་གཡར་རྒྱུའི་ཁོར་ཡུག་བསྐྲུན་ཡོད་སྐོར། གཞན་ཡང་། ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དགེ་རྒན་ཕ་མའི་ཚོགས་ཆུང་ཁག་དང་ཕ་མ་ཚོར་ཕྲུ་གུ་སྐྱོང་སྟངས་སྐོར་གྱི་ཟབ་སྦྱོང་ལས་གཞིའི་འོག་ནས་ཕ་མ་ ༡༤༡༨ དང་དགེ་རྒན་ཕ་མའི་ཚོགས་ཆུང་གྲངས་ ༢༩ ལ་ཟབ་སྦྱོང་ཕུལ་ཟིན་པ་དང་། ཕ་མས་ཕྲུ་གུ་སྐྱོང་སྟངས་ཀྱི་ལག་དེབ་ཨིན་བོད་ཤན་སྦྱར་ཞིག་རྩོམ་སྒྲིག་བྱས་ཡོད་སྐོར་སོགས་བརྗོད་སོང་།
ཡང་ཁོང་གིས་མུ་མཐུད་གསུང་དོན། འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གིས་ལས་གཞི་ཁག་ལག་བསྟར་བྱེད་པའི་སྐབས་སུ། བོད་ཡིག་ཐོག་བརྗོད་གཞི་དང་དེབ་རིགས་སྣ་ཚོགས་དགོས་པ་དང་། ཕ་མའི་ཟབ་སྦྱོང་གི་ནང་དོན་ཇེ་ཕྱུག་ཏུ་གཏོང་དགོས་པ། དེ་བཞིན་ཟབ་སྦྱོང་གི་ནང་དོན་བོད་ཡིག་ཐོག་འགོད་དགོས་པ་སོགས་ཀྱི་ཉམས་མྱོང་བྱུང་བར་བརྟེན། འབྱུང་འགྱུར་ལོ་གསུམ་གྱི་ནང་བོད་ཡིག་ཐོག་བརྗོད་གཞི་སྣ་ཚོགས་ཀྱི་ཐོག་བྱིས་པའི་དེབ་ ༥༠ པར་སྐྲུན་བྱ་རྒྱུ་དང་། བོད་ཀྱི་བྱིས་པའི་སྒམ་ཆུང་ལས་གཞིའི་འོག་ནས་བྱང་ཤར་དང་དབུས་ཁུལ། ལྷོ་ཕྱོགས་བཅས་ཀྱི་ཁྱིམ་ཚང་ ༤༠༠ ལ་ཟབ་སྦྱོང་གི་ལས་གཞི་བརྩམ་རྒྱུ། དེ་བཞིན་དཔེ་མཛོད་ཁང་དུ་གཞི་རིམ་བར་མའི་བྱིས་པ་ཚོར་རན་པའི་དེབ་མཁོ་སྒྲུབ་དང་། ཟླ་རེ་བཞིན་གྱི་ལས་རིམ་སྤེལ་རྒྱུ། ད་དུང་རྩིག་ཆས་དང་ཚོན་དེབ། ཤོག་བྱང་སོགས་རྩེད་མོའི་ལམ་ནས་བོད་ཡིག་སྦྱོང་བའི་རྒྱུ་ཆ་གང་ཐུབ་མཐུན་རྐྱེན་སྦྱོར་གྱི་ཡིན་སྐོར་བརྗོད་སོང་།
སྐུ་མགྲོན་གཙོ་བོ་བཀའ་ཟུར་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས། འདས་པའི་ལོ་གང་འཚམ་གྱི་རིང་ལ་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་དུ་ཕྱག་ལས་གནང་མཁན་གྱི་མི་གྲངས་ཉུང་ཡང་། ཕྱག་ལས་ཕོན་ཆེན་པོ་གནང་ཐུབ་པ་ནི་གཟི་བརྗིད་ཆེན་པོ་དང་དོན་གནད་དང་ལྡན་པ། འབྱུང་རབས་ཀྱི་ནང་ལ་གནས་ཐུབ་པ་ཆགས་འདུག དེར་བརྟེན། ངས་རྗེས་སུ་ཡི་རངས་ཀྱི་སྒོ་ནས་བསྔགས་བརྗོད་དང་མ་འོངས་པར་ཕྱག་ལས་རྒྱུན་སྐྱོང་གནང་ཐུབ་པའི་ཡིད་ཆེས་དང་སྨོན་འདུན་ཞུ་རྒྱུ་ཡིན། ཕྱི་ལོ་༡༩༥༩གོང་གི་བོད་མིའི་སྤྱི་ཚོགས་ནང་བྱིས་པ་དང་ན་གཞོན་དེ་དག་གལ་འགངས་ཆེན་པོ་ཡིན་པ་དང་རྒན་རབས་ཀྱིས་ན་གཞོན་གསོ་སྐྱོང་བྱ་རྒྱུ་གལ་ཆེན་པོ་ཡིན་ཡང་། དེ་ལ་ཆེད་དུ་དམིགས་ཏེ་དུས་རྒྱུན་དུ་ནས་བགྲོ་གླེང་བྱ་རྒྱུ་དང་བསམ་བློ་གཏོང་མཁན་ཞེ་དྲགས་མེད་པ་རེད་ཅེས་དང་། ༧གོང་ས་སྐུ་ཕྲེང་ ༡༣ པ་ཆེན་པོ་མཆོག་གིས་ལྷ་ལྡན་སྨན་རྩིས་ཁང་གསར་འཛུགས་གནང་བའི་རྗེས་སུ། བྱིས་པའི་འཕྲོད་བསྟེན་གྱི་ཐོག་ལ་ཐུགས་བསམ་བཞེས་ཏེ་ཕྱག་ལས་གང་མང་གནང་ཡོད་སྐོར་དང་། ༡༩༥༩ སྔོན་ལ་བོད་པའི་སྤྱི་ཚོགས་ནང་གཞི་རིམ་སློབ་གྲྭའི་སྐབས་གཙོ་བོ་ཡི་གེ་འབྲི་ཀློག་དང་ཡིག་གཟུགས་སྦྱང་རྒྱུ་དང་། དག་ཡིག་དང་སུམ་རྟགས་སོགས་སྦྱངས་པ་ལས་སློབ་དེབ་མེད་པ་རེད། འོན་ཀྱང་རྒྱ་མིས་བཏོན་པའི་བོད་ཀྱི་སྐོར་ལ་སློབ་དེབ་མཐོང་རྒྱུ་འདུག ཕྱིས་སུ་བོད་པ་དེ་དག་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་སླད། སློབ་གྲྭ་ཁག་ཏུ་བོད་ཡིག་ཁོ་ན་བསླབ་པ་ཙམ་མིན་པར་འདབ་གཤོག་གཉིས་ལྡན་བཟོས་ཏེ། བོད་པས་དུས་ཡུན་མང་པོའི་རིང་ལ་དེང་རབས་དང་མཐུན་པའི་ཐོག་ནས་སློབ་སྦྱོང་སྦྱང་གི་ཡོད་ཀྱང་། སློབ་སྦྱོང་སྦྱངས་པ་ཙམ་མིན་པར་ལག་ལེན་བསྟར་དགོས་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།
ཡང་ཁོང་གིས་མུ་མཐུད་དུ། རྒན་རབས་ཀྱི་ཤེས་ཡོན་སློབ་གསོའི་ལམ་སྲོལ་ནང་དུ་ལེགས་ཆ་བླངས་འོས་པ་དང་བླངས་དགོས་པ་ཡོད། འགྲིག་མེད་པའང་མང་པོ་ཡོད། དེར་བརྟེན་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་དེ་དག་གི་ཐོག་ལ་མཁྱེན་རྟོགས་དགོས་གལ་ཆེ་བ་དང་། ཤེས་ཡོན་དང་གཞི་རིམ་སློབ་དེབ་སོགས་ལ་སློབ་སྦྱོང་བྱེད་སྐབས་ཉམས་ཞིབ་གཏིང་ཟབ་པོ་དང་ཞིབ་ཚགས་པོའི་ཐོག་ནས་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན་སྐོར་དང་། གཞོན་སྐྱེས་རྣམས་ཀྱིས་བོད་པའི་བརྡ་སྤྲོད་ཀྱི་གཞུང་ལུགས་དང་སྐད་ཡིག་དེ་དག་རྩ་ཆེན་པོ་ཆགས་ཀྱི་ཡོད་པས། སྐད་ཡིག་ལ་བདག་པོ་བརྒྱབ་དགོས་པའི་འབོད་སྐུལ་དང་། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་། བོད་ཀྱི་སྐད་ཡིག་ལ་སིམ་འཛུལ་གྱིས་སྐད་ཡིག་འགྱུར་བ་བཏང་ཡོད་པར་བརྟེན། བོད་དང་བཙན་བྱོལ་སྤྱི་ཚོགས་གཉིས་ཀའི་ནང་སྐད་ཡིག་དེ་འགྱུར་བ་ཕྱིན་པའི་རྐྱེན་གྱིས་བཀའ་འགྱུར་དང་བསྟན་འགྱུར་གྱི་དོན་ལའང་འགྱུར་བ་ཕྱིན་པའི་ཉེན་ཁ་ཡོད་པ་དང་། མི་རིགས་དང་སྐད་ཡིག་དེ་དག་རིམ་པས་མེད་པར་འགྱུར་སྲིད་པས་དེ་ལ་དོགས་ཟོན་གནང་དགོས་སྐོར་སོགས་ཀྱི་བླང་དོར་བཀའ་སློབ་གནང་སོང་།
གསར་འགོད་པ། བསྟན་འཛིན་ཕུར་བུ།