མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐབ་ཆུང་ཆུང་ནང་ལ་མེ་ཚ་བོ་གཏོང་མཁན་གྱི་ཆོས་བརྒྱུད-གཡུང་དྲུང་བོན།

བོད་ཀྱི་དུས་བབ།
༢༠༢༢/༡༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཀླུ་སྨྱོན་ཧེ་རུ་ཀ

བོད་དུ་ཡོད་པའི་སྨན་རིའི་དགོན།

ཀ
བདག་ལ་མཚོན་ན་སྐྱེས་ཡུལ་གྱི་དབང་གིས་ཆུང་དུས་ནས་ངེད་ཚོའི་གྲོང་ཚོའི་མི་ཕལ་མོ་ཆེ་དགེ་ལུགས་པའི་རྗེས་འབྲངས་ཤ་སྟག་ཡིན་ཡང་། འབྲོག་སྡེ་རེ་ཟུང་གིས་ཁྲི་ཀ་ས་ཆའི་བོན་པོའི་སྔགས་པ་ཁག་ཅིག་ལོ་འཁོར་རིམ་གྲོ་སྣ་ཚོགས་སྒྲུབ་པར་གདན་འདྲེན་ཞུས་པ་མཐོང་མྱོང་ལ། (1) རྗེས་སུ་ཕྱི་ཡུལ་འགྲིམས་པ་ནས་བཟུང་སྟེ་གཡུང་དྲུང་བོན་གྱི་གྲྭ་བཙུན་མི་ཉུང་བ་ཞིག་ལ་འབྲེལ་འདྲིས་བྱེད་མྱོང་ཞིང་། དགེ་བཤེས་བྱ་འཕུར་ལགས་བརྒྱུད་ནས་བོན་པོའི་རྫོགས་ཆེན་སོགས་ཀྱི་དཔེ་ཆ་ཁག་ཅིག་ལག་སོན་གྱིས་ལྟ་ཀློག་བྱས། ཁོམ་སྐབས་ཡོད་དུས་ཧི་མ་ལ་མའི་བོན་དང་གཡུང་དྲུང་བོན་སོགས་བོན་གྱི་དྲ་ཚིགས་ཁག་ཅིག་ལ་ཉུལ་ཞིབ་བྱས། བོན་དང་བན་དེའི་ཆོས་ལུགས་ལོ་རྒྱུས་ཀྱི་དཔེ་ཆ་མང་པོ་ཞིབ་ཀློག་བྱས། ལོ་རྒྱུས་བྱུང་བ་རིག་པའི་ཕྱོགས་སུ་བསམ་བློ་མང་པོ་ཞིག་བཏང་། བན་བོན་ཕྱོགས་གཉིས་ཀྱི་མཁས་པས་བྲིས་པའི་རྩོམ་ཡིག་དུ་མ་གཤིབ་བསྡུར་བྱས། དེང་རབས་ལོ་རྒྱུས་ཞིབ་འཇུག་པའི་ཞིབ་འཇུག་ཐབས་ལམ་འདྲ་མིན་གྱི་སྐོར་ལ་ཡང་མཐོང་ཐོས་བསགས། བན་བོན་གཉིས་ཀའི་ཕྱོགས་སུ་མ་བསྡད་པར་ལོ་རྒྱུས་ཀྱི་བྱུང་བ་ངོ་མའི་ཕྱོགས་སུ་འགྲེངས་ཏེ། བོན་བཙན་པོའི་རྒྱལ་རབས་རིམ་བྱུང་གི་ལོ་རྒྱུས་ཀྱི་ཤོག་ལྷེ་རེ་རེ་ཕར་སློག་ཚུར་སློག་བྱས། བོད་བཙན་པོའི་རྒྱལ་རབས་འཇིག་པའི་རྒྱུ་རྐྱེན་ཞེས་པའི་གཏམ་བཤད་ནང་དུ། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བོན་བསྣུབས་པའི་ཕྱོགས་སུ་སྐད་ཆ་དྲང་མོ་བཤད་དྲགས་ཏེ་བན་དེའི་ཆོས་གྲོགས་སྐོར་ཞིག་ལ་ཁོང་ཁྲོ་བསླངས། དེ་རིང་ཡང་འདིར་ལོ་རྒྱུས་ཞིབ་འཇུག་པ་དག་གི་བརྗོད་ཚིག་དང་རང་གི་བསམ་པའི་འཆར་སྒོ་མ་གསང་དྲང་བོར་བྲིས་ཏེ་བོན་པོ་ཁག་ཅིག་ལ་དོགས་འདྲོག་སློང་བ་ཡང་སྲིད། དེ་ནི་སྣང་ས་འོད་འབུམ་གྱིས། ཁ་རོག་བསྡད་ན་བུ་མོ་ལྐུགས་མ་ཟེར། བཤད་རྒྱུ་མང་ན་བུ་མོའི་འཕེར་ཤ་ཟེར། ཞེས་དང་། དྲང་པོར་བཤད་ན་མི་མི་དགའ། དབྱུག་པ་བསྟན་ན་ཁྱི་མི་དགའ། ཞེས་པའི་གཏམ་དཔེ་སོགས་སེམས་ཀྱི་མེ་ལོང་ངོས་སུ་རིམ་བཞིན་ཤར་ཡོང་ངོ་།།

ཁ
བོད་ཀྱི་ཆོས་བརྒྱུད་མང་པོའི་ཁྲོད་ནས་གཡུང་དྲུང་བོན་གྱི་ཆོས་བརྒྱུད་ནི་ལོ་རྒྱུས་རིང་ཤོས་ཀྱི་ཆོས་ལུགས་ཤིག་ཡིན་ཞིང་། འདིར་ལོ་རྒྱུས་རིང་ཤོས་ཞེས་པ་ནི་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བསྣུབས་པ་དང་གཏོར་སྐྱོན་བཏང་བའི་བོད་ཀྱི་གདོད་མའི་བོན་ཆོས་ལ་ཟེར་བ་ཡིན། འདིར་བརྗོད་ཚིག་ཇི་བཞིན་བྲིས་མེད་ན་ཡང་བོད་ཀྱི་ཆོས་ལུགས་ལོ་རྒྱུས་ཞིབ་འཇུག་པ་ཁག་ཅིག་གིས། གདོད་མའི་བོན་ཆོས་ཀྱི་ཁྱད་ཆོས་གཙོ་བོ་གཉིས་ནི། དེང་སང་གི་ཨ་རིའི་གླིང་ཆེན་དང་ཨ་ཧྥེ་རི་ཀ ཨོ་སུ་ཁྲོ་ལི་ཡ་སོགས་སུ་ཡོད་པའི་གདོད་མའི་མི་རིགས་ཀྱི་ཆོས་ལུགས་ཏེ་ལྷ་མཆོད་པ་དང་འདྲེ་འདུལ་བ་གཉིས་དང་གཅིག་མཚུངས་ཡིན་པས། བོད་བཙན་པོའི་རྒྱལ་རབས་མང་པོའི་སྐུ་གཤེན་ཚོའི་ཕྱག་ལས་གཙོ་བོ་གཉིས་ནི་བོན་ལྷ་དང་བཙན་པོའི་སྒེར་ལྷ་བོད་ཀྱི་སྤྱི་ལྷ་སོགས་མཆོད་རྒྱུ་དང་། རང་ཉིད་དང་བཙན་པོ་བོད་ཁམས་གསུམ་ལ་གནོད་པའི་འདྲེ་སྲིན་འདུལ་རྒྱུ་དེ་རེད། གལ་སྲིད་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་བོན་པོར་ད་ལྟའི་མདོ་སྔགས་སེམས་གསུམ་དང་གཞུང་ཆེན་བཀའ་པོད་ལྔའི་ཆོས་ལུགས་རྒྱ་གར་ན་ལེནྡྲའི་ཆོས་བརྒྱུད་དང་བརྒྱ་བཅུ་གོ་དགུ་ཙམ་མཚུངས་ཆོས་ཡིན་པ་ཞིག་ཡོད་ན། དེ་བསྣུབས་དགོས་པའི་རྒྱུ་མཚན་ཡང་དག་ཅི་ཡང་བཙལ་ནས་རྙེད་རྒྱུ་མེད་པ་དང་། སློབ་དཔོན་པདྨ་དང་ཞི་འཚོ་ཡབ་སྲས་སོགས་བོད་དུ་གདན་འདྲེན་དགོས་པའི་རྒྱུ་མཚན་ཡང་ཡོད་པ་མ་རེད། འོ་ན་དུས་སྐབས་དེར་རྒྱ་ནག་གི་བསམ་གཏན་པའི་ཆོས་ལུགས་སྤེལ་མཁན་རྒྱ་ནག་ཧ་ཤང་སློབ་མ་དང་བཅས་པ་བོད་ནས་མཐར་སྐྲོད་བཏང་བ་མ་ཡིན་ནམ་ཞེ་ན། དེ་ནི་བསམ་གཏན་པའི་སློབ་དཔོན་ཚོས་བསམ་གཏན་གཅིག་པོ་མ་གཏོགས་དེ་ལས་གཞན་པའི་ཕར་ཕྱིན་གྱི་ཉམས་ལེན་གཞན་དག་དང་ཕྱག་མཆོད་འབུལ་ཁ་ཏོན་ཟློས་བརྗོད་སོགས་བསོད་ནམས་གསོག་པའི་ཆ་རྐྱེན་དེ་དག་དགོས་མེད་དུ་བསྒྲགས་པའི་རྐྱེན་ལས་དོན་རྐྱེན་དེ་བྱུང་བ་མ་གཏོགས། བོན་པོའི་མདོ་སྔགས་སེམས་གསུམ་དང་གཞུང་ཆེན་བཀའ་པོད་ལྔའི་ནང་དུ་བསམ་གཏན་གཅིག་པོ་མ་གཏོགས་དགོས་གལ་མེད་པའི་སྐོར་རྩ་བ་ནས་བཤད་ཡོད་པ་མ་རེད། དེའི་ཕྱིར་ཁྲི་སྲོང་ལྡེའུ་བཙན་སྐབས་བོན་པོར་མདོ་སྔགས་སེམས་གསུམ་གྱི་ཆོས་ལུགས་ཤིག་ཡོད་ན་དེ་བསྣུབས་དགོས་པའི་རྒྱུ་མཚན་ཅི་ཞིག་ཡོད་དམ། དེ་ལྟ་བུའི་བླ་མེད་བྱང་ཆུབ་སྒྲུབ་ཐུབ་པའི་ཆོས་ལུགས་དེ་དང་དེ་ཉམས་ལེན་བྱེད་པའི་གང་ཟག་དེ་ཚོར་ཉེས་པ་ཅི་ཞིག་ཡོད་དམ། དེ་རྩ་མེད་དུ་བཏང་བའི་ཤུལ་དུ་འཇོག་རྒྱུའི་རྒྱ་གར་ནང་བསྟན་གཉིས་ལ་མི་འདྲ་བའི་ཁྱད་པར་ཅི་ཞིག་ཡོད་དམ་ཞེ་ན། ད་ལྟའི་བན་བོན་གཉིས་ཀའི་མདོ་སྔགས་གཉིས་ཀའི་གཞི་ལམ་འབྲས་གསུམ་ལ་ཁྱད་པར་ཆེན་པོ་ཅི་ཡང་མི་འདུག ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བོན་པོ་ཁག་ཅིག་སོག་པོ་སྤྲེལ་སློག་ཅན་གྱི་ཡུལ་དུ་སྤྱུགས།། ཞེས་པའི་སོག་ཡུལ་དུ་སྤྱུགས་པའི་བོན་པོའི་ཆོས་པ་ཚོས་ལྷ་པའི་ཆོས་ལུགས་ཏེ་དབྱིན་སྐད་དུ་Shamanism ཞེས་པ་འདིའི་རིག་གཞུང་སྤེལ་བའི་རྗེས་ཤུལ་ད་དུང་མང་པོ་ཞིག་རྙེད་རྒྱུ་ཡོད་པ་མ་གཏོགས། བོན་པོ་དེ་དག་གིས་སོག་ཡུལ་དུ་མདོ་སྔགས་སེམས་གསུམ་སྤེལ་བའི་དཔང་རྟགས་ཅི་ཡང་རྙེད་རྒྱུ་མི་འདུག  ཅེས་པའི་བསམ་ཚུལ་སྤེལ་མཁན་ཡང་སྔོན་ཆད་དང་དེང་སྐབས་ཡོད་པ་ཤེས་གསལ་བཞིན་ཡིན་ལ། འདི་ནི་དགེ་འདུན་ཆོས་འཕེལ་གྱིས་ལོ་སྟོང་ལོན་པའི་རྒད་པོ་འདྲ་ཡོད་ན་ནི་འདྲི་བར་ཟད་ཀྱི་ཞེས་བརྗོད་པ་བཞིན། ལོ་སྟོང་ཕྲག་གཅིག་ཡས་མས་ཀྱི་ལོ་རྒྱུས་ཀྱི་གསང་བ་ཡིན་པས། འདི་ཡིན་དེ་མིན་གྱི་ཁ་ཚོན་གཅོད་རྒྱུ་སྔ་དྲགས་ན་མི་ལེགས་ཤིང་། བན་བོན་ཆོས་ལུགས་འདི་གཉིས་ཚད་མ་རིག་པའི་ཐ་སྙད་ཅིག་སྟེ། “ངོ་བོ་གཅིག་ལ་ལྡོག་པ་ཐ་དད་”ཅེས་པའི་དཔེར་མཚོན་དུ་བཞག་སྟེ་ང་དགའ་ཁྱོད་སྐྱིད་ཀྱིས་མི་ཚེ་ཐུང་ཐུང་འདི་བསྐྱལ་ན་ལེགས་པར་ཡང་སེམས་སོ།།

ག
གོང་གི་ལོ་རྒྱུས་ཞིབ་འཇུག་པ་ཁག་ཅིག་གི་བསམ་ཚུལ་དེ་ཚོ་གལ་སྲིད་བདེན་པ་ཡིན་ན། བོན་གསར་མ་ནི་རྒྱ་གར་གྱི་ནང་བསྟན་རིག་གནས་ཚང་མས་ཤུགས་རྐྱེན་ཐེབས་པའི་ཆོས་བརྒྱུད་ཅིག་སྟེ། ཡ་ཀིའི་རྫོགས་པ་ཆེན་པོ་ནས་མ་གིའི་སྙན་ངག་མེ་ལོང་མའི་བར་དུ་ཕལ་ཆེར་ཆུ་ལ་ཆུ་བཞག་ཡིན་པའི་དེང་སང་གི་བོན་པོའི་བསྟན་པ་འདི་ལ་གོ་དགོས། སྐབས་རེར་རྒྱ་གར་གྱི་ན་ལེནྡྲའི་ཆོས་བརྒྱུད་ཚང་མའི་རིག་གནས་ཀྱི་གྲུབ་ཆ་ནང་འདྲེན་བྱས་པའི་བོན་གསར་མའི་བསྟན་པའི་མྱུ་གུ་འབུས་སྟངས་དང་། རྗེ་ཙོང་ཁ་པས་བོད་ཀྱི་རྙིང་མ་དང་བཀའ་གདམས་པ། བཀའ་བརྒྱུད་དང་ས་སྐྱ་པ། ཇོ་ནང་པ་དང་བུ་ལུགས་པ་སོགས་ཀྱི་ལེགས་ཆ་ཚང་མ་ཕྱོགས་བསྡུས་ཀྱིས་དགེ་ལུགས་པའི་བསྟན་པ་གསར་བཏོད་གནང་བ་གཉིས་ལ་མཚུངས་ཆོས་ཧ་ཅང་མང་པོ་ཞིག་རྙེད་ཡོང་གི་འདུག རིག་གཞུང་ནང་འདྲེན་གྱི་ཐབས་ལམ་འདིས་གནའ་ནས་ད་ལ་ཐུག་གི་བར་གྱི་འཛམ་གླིང་གི་ཆོས་དང་རིག་གཞུང་ཚང་མ་འཐུས་ཚང་དང་སྣ་འཛོམས་རང་བཞིན་ཅན་དུ་བཏང་ཡོད་པས། བོན་པོས་རིག་གཞུང་ནང་འདྲེན་བྱས་པ་ཡིས་བོན་ཆོས་ཀྱི་རིན་ཐང་ཉམས་འགྲོ་རྒྱུ་ཅི་ཡང་མེད། བོད་ལ་མཚོན་ན་རྙིང་མ་བཀའ་བརྒྱུད་ས་སྐྱ་ཇོ་ནང་བོན་པོ་ཚང་མས་རིག་གནས་ནང་འདྲེན་བྱས་ནས་རང་རང་གི་ཆོས་བརྒྱུད་རེ་གྲུབ་ཡོད་པའི་དངོས་ཡོད་གནས་ཚུལ་ལ་སུ་ཞིག་གིས་བསྙོན་འདིང་ནུས། བོན་གྱི་རིག་གནས་ནང་འདྲེན་གྱི་སྲོལ་རྒྱུན་འདིའི་ཤུགས་རྐྱེན་གྱི་དབང་གིས་གནའ་ནས་ད་བར་དུ་བོན་པོའི་གྲྭ་པ་མང་པོ་ཞིག་དགེ་ལུགས་པའི་གྲྭ་སར་ཞུགས་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་བྱེད་སྲོལ་ཞིག་ཡོད་པ་དང་།   སྟོང་སྐོར་ཚེ་རིང་ཐར་གྱིས། ཞང་ཞུང-བོན་པོ། ཞེས་པའི་ཚོགས་འདུའི་སྐབས་ཀྱི་གཏམ་བཤད་སྤེལ་བའི་ནང་དུ། “དུས་རབས་བཅུ་བཞི་པའི་མཉམ་མེད་ཤེས་རབ་རྒྱལ་མཚན་ནི་ཆུ་ཆེན་རྫོང་དམར་སྤུངས་ཤང་སྟེགས་ཅོག་ལུང་པ་ནས་ཕྱིར་སོང་བའི་སྐྱེས་ཆེན་དམ་པ་ཞིག་ཡིན་ཞིང་། ཁོས་བན་བོན་གཉིས་ཀའི་བླ་མ་མང་པོར་བསྟེན་ཏེ་བན་བོན་གཉིས་ཀའི་ལོ་རྒྱུས་དང་གཞུང་ལུགས་ལ་སློབ་སྦྱོང་བྱས་པར་མ་ཟད། ལྷག་པར་དུ་ཞང་ཞུང་ཤེས་རིག་རྒྱུད་འཛིན་བྱེད་པར་སློབ་སྦྱོང་བྱས། ཁོས་བོད་ལྗོངས་གཞིས་ཀ་རྩེའི་རྣམ་གླིང་དབེན་ས་ཁ་དགོན་ནས་སློབ་སྦྱོང་གི་གྲུབ་འབྲས་ཐོབ་རྗེས་དགོན་པ་དེ་གའི་མཁན་པོར་གྱུར་པ་དང་། རྗེས་སུ་མིང་དུ་གྲགས་པའི་སྨན་རི་དགོན་གསར་བཞེངས་མཛད་དེ་བོན་ཆོས་ཀྱི་འདུལ་བ་འཕེལ་རྒྱས་སུ་བཏང་ཞིང་། བན་ཁའི་ཚད་མའི་བསམ་བློའམ་དགོངས་པ་བསྡུ་ལེན་བྱས་ཏེ་བོན་ཆོས་ཕྱི་དར་གྱི་ཚད་མའི་གཞུང་ལུགས་བསྐྱར་བཟོ་གནང་བར་ བྱས་རྗེས་འབུར་དུ་ཐོན་པ་བཞག་ཡོད།” ཅེས་བརྗོད་ཡོད་ལ།  སྨན་རིའི་ཁྲི་འཛིན་ཞིང་གཤེགས་ལུང་རྟོགས་བསྟན་པའི་ཉི་མ་མཆོག་གིས་ཀྱང་བོད་ཀྱི་དགེ་ལུགས་པའི་གདན་ས་འབྲས་སྤུངས་སུ་སློབ་གཉེར་གནང་མྱོང་ཡོད་ཚུལ་གསར་ལམ་ཁག་ནས་ཐོས།(2) མཁས་དབང་མཁར་རྨེའུ་བསམ་གཏན་རྒྱ་མཚོས་(3) ཀྱང་དགེ་ལུགས་པའི་གྲྭ་སར་སློབ་གཉེར་བྱས་ཡོད ། ༡༩༩༤ ལོར་ཁོ་བོ་རྒྱ་གར་ལྷོ་ཕྱོགས་སུ་ཡོད་དུས་མདོ་སྨད་རྔ་བའི་ཕྱོགས་ཀྱི་བོན་པོའི་གྲྭ་པ་འགས་གདན་ས་འབྲས་སྤུངས་སུ་གཞུང་ཆེན་སློབ་གཉེར་བྱེད་བཞིན་འདུག་ལ། ཁོང་ཚོ་ནི་དཔེ་ཆ་བ་རྩེ་གྲས་དེ་འདྲ་ཡང་རེད་འདུག འདིས་ཅི་ཞིག་མཚོན་གྱི་ཡོད་ཅེ་ན། བོན་པོའི་གྲྭ་བཙུན་ཚོའི་གུ་དོག་ལས་ཐར་པའི་དཀྱེལ་ཡངས་རྒྱང་རིང་གི་བསམ་བློ་དང་ཤེས་བྱ་འཚོལ་བའི་སྤོབས་པ་དེ་མཚོན་ཡོད།

ང
ཞང་བོད་དཔེ་ཁང་ཆེན་མོའི་འཕྲུལ་དེབ་ཅེས་པའི་དྲ་ཚིགས་སུ་བཀོད་ཡོད་པའི་རྒྱ་ཤོད་དགེ་བཤེས་ཤེས་རབ་རྒྱ་མཚོས་བརྩམས་པའི་བོན་ཆོས་དཔྱད་བསྡུར་(4) ཞེས་པའི་རྩོམ་ཡིག་དེར་ཁམས་ཆེན་དང་ཡུམ་འབུམ་ལ་དཔྱད་པ་ཞེས་པའི་ལེའུ་ཞིག་འདུག་ཅིང་། དེར་རྩོམ་པ་པོས་བོན་གྱི་ཁམས་ཆེན་དང་བན་དེའི་ཡུམ་འབུམ་པ་གཉིས་ཞིབ་བསྡུར་གྱིས་མཚུངས་ཆོས་ཧ་ཅང་མང་པོ་ཞིག་ངོ་སྤྲོད་བྱས་འདུག འདི་ནི་དཔེ་མཚོན་ཙམ་ཞིག་ཡིན་ལ། དེ་ལས་གཞན་པའི་ལེའུ་བོན་གྱི་མངོན་པ་མཛོད་དཔེ་དང་བན་དེའི་མཛོད་དཔེ་སོགས་བསྡུར་ནས་དཔྱད་པ་བཏང་ཡོད་པ་དེ་དང་། བན་བོན་འདུལ་གཞུང་དཔྱད་བསྡུར། གསོ་རིག་འབུམ་བཞི་དང་རྒྱུད་བཞི་དཔྱད་བསྡུར་བཅས་ལ་གཟིགས་ན་རིག་གནས་ནང་འདྲེན་ཞེས་པའི་ཐ་སྙད་འདིའི་གོ་དོན་ཡོངས་སུ་རྫོགས་པ་ཞིག་ངོ་འཕྲོད་ཡོང་གི་རེད། དེ་བཞིན་བན་དེའི་རྫོགས་ཆེན་དང་བོན་པོའི་རྫོགས་ཆེན། བན་དེའི་སྒྲོལ་མ་ཉེར་གཅིག་དང་བོན་པོའི་བྱམས་མ་ཉེར་གཅིག བན་དེའི་དཔལ་ལྡན་ལྷ་མོ་དང་བོན་པོའི་སྲིད་པའི་རྒྱལ་མོ། བོན་གྱི་དབྱངས་ཅན་ལྷ་མོ་དང་བན་དེའི་དབྱངས་ཅན་ལྷ་མོ། བན་དེའི་ཀུན་རིག་དང་བོན་པོའི་ཀུན་རིག བན་དེའི་ཞི་ཁྲོ་དང་བོན་པོའི་ཞི་ཁྲོ་སོགས་རྫོགས་མཐའ་མེད་པའི་རིག་གནས་ནང་འདྲེན་གྱི་མཚུངས་ཆོས་དག་ལ་དཔྱད་ཞིབ་གནང་རྒྱུ་ཧ་ཅང་གལ་ཆེ་ཞིང་། གལ་སྲིད་བན་བོན་གང་ཞིག་གིས་རིག་གནས་ནང་འདྲེན་བྱས་མེད་ན་གཞུང་ལུགས་འདི་དག་ཆེས་འདྲ་མཚུངས་སུ་ཇི་ལྟར་གྱུར་པ་ཡིན་ནམ། ལྷ་ཆེན་པོ་ཞིག་གིས་འདི་ནས་བླངས་ཏེ་དེ་ལ་བཞག་པ་ཡིན་ནམ། ཡང་ན་སྟབས་ལེགས་སྟེས་དབང་གིས་བྱུང་བ་ཡིན་ནམ་ཞེ་ན་གཏན་ནས་མིན་ཏེ། འདི་ནི་རིག་གཞུང་ནང་འདྲེན་བྱས་པའི་ལོ་རྒྱུས་ཀྱི་དོན་དངོས་ཤིག་ཡིན་ནོ།། ལོ་རྒྱུས་ཀྱི་སྡོམ་ཚིག་ནི་དུས་རྟག་ཏུ་འགྱུར་ལྡོག་ཅན་ཞིག་ཡིན་ཏེ། སྔོན་ཆད་མིའི་རིགས་རིག་པའི་མཁས་པ་ཚང་མས་མགྲིན་དབྱངས་གཅིག་གྱུར་གྱིས་མིའི་རིགས་ཀྱི་འབྱུང་ཁུངས་ཨ་ཧྥེ་རི་ཀ་ཡིན་པར་ཐག་བཅད་ནས་བཤད་མྱོང་ཡང་། བོད་མདོ་སྨད་རྒན་གྱའི་བྲག་དཀར་གྱི་བྲག་ཕུག་ནས་ཐོན་པའི་མིའི་འགྲམ་རུས་དེར་དཔྱད་འབྲས་སུ་བོད་ཡུལ་དུ་ཡང་ཨ་ཧྥེ་རི་ཀ་དང་འདྲ་བར་འགྲོ་བ་མིའི་རིགས་སྤྲ་ནས་མི་རུ་གྱུར་པའི་ལོ་རྒྱུས་ཡོད་པ་ཁས་ལེན་དགོས་བྱུང་བ་ལྟ་བུའོ།།

ཅ
བོན་གྱི་ལོ་རྒྱུས་ཞིབ་འཇུག་པ་རྣམས་ཀྱིས་མདོ་སྔགས་སེམས་གསུམ་མ་ཟད་ཐ་ན་གསོ་རིག་འབུམ་བཞི་(5) དང་སྙན་ངག་གི་གཞུང་ལུགས་དང་ (6)  བཅས་པ་ཞང་ཞུང་གི་ཁྱུང་ལུང་དངུལ་མཁར་དུ་སྐུ་འཁྲུངས་པའི་སྟོན་པ་གཤེན་རབས་སོགས་ལས་བརྒྱུད་པ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ལ། ཁོང་རྣམ་པར་ཡང་བོན་པོའི་མཁས་པས་བརྩམས་པའི་བསྟན་བཅོས་ཀྱི་རྒྱབ་རྟེན་བྲག་རི་ལྟ་བུ་ཡོད་པས། འདི་ལ་དགེ་འདུན་ཆོས་འཕེལ་གྱིས། རེ་ཞིག་རང་རིགས་མཐུན་པའི་འཁོར་ནང་དུ།། རང་རང་སོ་སོའི་སྤྱོད་པ་བསྐྱང་ན་ལེགས།། ཞེས་གསུངས་པ་ལྟར། རང་ལུགས་ལ་མ་ཆགས་ཤིང་གཞན་ལུགས་ལ་མི་སྡང་བའི་སྒོ་ནས་རང་རང་གི་ལོ་རྒྱུས་ཞིབ་འཇུག་པའི་གྲུབ་དོན་ནམ། ཆོས་བརྒྱུད་རིག་གནས་དང་བཅས་པའི་འབྱུང་ཁུངས་ལ་རང་རང་གི་མཁས་པས་གསུངས་པ་དག་ལ་ཡིད་ཆེས་ནས་བསྡད་ན་ལེགས་སོ།།

རྒྱ་གར་དུ་ཡོད་པའི་སྨན་རིའི་དགོན།

ཆ
བོད་ཀྱི་ལོ་རྒྱུས་ཁྲོད་དུ་ཆོས་བརྒྱུད་ཚང་མར་དུས་རབས་མི་འདྲ་བའི་ནང་དུ་གཏོར་སྐྱོན་ཐེབས་ཡོད་པ་དང་། བོན་པོ་ནི་རྩ་འཛུགས་དང་ལྡན་ལ་གཞི་རྒྱ་ཆེན་པོའི་སྒོ་ནས་གཏོར་སྐྱོན་གནོད་འཚེ་ཚབས་ཆེན་ཐེབས་པའི་ཆོས་བརྒྱུད་ཅིག་རེད། ཡིན་ན་ཡང་ལོ་རྒྱུས་ཀྱི་འཁོར་སྐྱོད་ཆེན་མོའི་ཁྲོད་དུ། མི་དང་བྱ་དངོས་གང་ཡིན་ཡང་འགྱེལ་མྱོང་ན་ལངས་མྱོང་བའི་གཏམ་རྒྱུད་ཡོད་པ་དང་། ཕམ་ཁ་མྱངས་ན་རྒྱལ་ཁའི་འཐབ་ཇུས་རྙེད་པའི་སྤྱི་འགྲོས་འདིའི་ཀློང་དུ། བོན་པོ་ཚོས་ཀྱང་ལོ་རྒྱུས་ཀྱི་རྨ་ཁ་བཙེམ་ཞོར་གདངས་ཞོར་དུ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སོ་སོའི་བསྟན་པའི་རྩ་བ་བཙུགས་ཤིང་། དེང་སང་བོད་ཡུལ་དང་རྒྱ་བལ་ཕྱི་གླིང་སོགས་འཛམ་གླིང་གི་ས་གནས་མང་པོ་ཞིག་ཏུ་བོན་པོའི་བླ་མ་དང་ཆོས་ཚོགས་དུ་མ་ཞིག་གིས་ཁྱབ་འདུག

ཇ
བོད་ཕྱི་ནང་གཉིས་ཀར་བོན་པོའི་མི་གྲངས་ནི་རྙིང་མ་དང་དགེ་ལྡན་པའི་ཆོས་བརྒྱུད་གཉིས་ཀྱི་རྗེས་འཇུག་པ་དང་བསྡུར་ན་ཧ་ཅང་ཉུང་ཉུང་ཞིག་ཡིན་ཞིང་། ས་སྐྱ་པ་དང་ཕལ་ཆེར་གྲངས་འབོར་མཚུངས་པ་དང་། ཇོ་ནང་པ་ལས་མང་ཞིང་བཀའ་བརྒྱུད་པ་དང་བསྡུར་ན་ཉུང་བར་མཐོང་བ་ཞིག་རེད། རྗེས་འཇུག་པའི་གྲངས་འབོར་མང་དྲགས་ནས་གང་སར་ཁ་འཐོར་ཏེ་རྡོག་རྩ་གཅིག་སྒྲིལ་བྱེད་དཀའ་བའི་ཆོས་བརྒྱུད་ག་གེ་མོ་དང་། ཡང་གྲངས་འབོར་མང་ཡང་ནང་ཁུལ་གྲུབ་མཐའ་མེད་པས་རྡོག་རྩ་གཅིག་སྒྲིལ་བྱེད་ཐུབ་པའི་ཆོས་བརྒྱུད་ག་གེ་མོ། གྲངས་འབོར་ཉུང་ཡང་ནང་ཁུལ་གྲུབ་མཐའ་མང་དྲགས་ཏེ་རྡོག་རྩ་གཅིག་སྒྲིལ་བྱེད་མི་ཐུབ་པའི་ཆོས་བརྒྱུད་ག་གེ་མོ། གྲངས་འབོར་ཉུང་ཡང་རྡོག་རྩ་གཅིག་སྒྲིལ་བྱེད་ཐུབ་པའི་ཆོས་བརྒྱུད་འགའ་ཡོད་པའི་ནང་བོན་པོ་གཅིག་ཡིན། སྐབས་འདིའི་གྲངས་འབོར་ཉུང་ཉུང་ཞེས་པ་ནི་བསྡུར་ཚད་ཀྱི་དབང་གིས་བཞག་པ་ཞིག་ཡིན་གྱི་རང་ལྡོག་ནས་བཞག་པ་ཞིག་མིན་ཏེ། བོན་པོ་ལ་མཚོན་ན་མདོ་སྨད་རྒྱ་རོང་ཕྱོགས་སུ་གྲུབ་མཐའ་གཞན་དང་བསྡུར་ན་གྲངས་ཀ་ཧ་ཅང་མང་ངོ་།།

སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག

ཉ
བོན་གྱི་ཁྲི་འཛིན་བསྐོ་བཞག་བྱེད་པའི་ལུགས་སྲོལ་འདི་གཅིག་པོའི་སྟེང་ནས་ཀྱང་ཁྱད་ཆོས་བླ་ན་མེད་པ་ཞིག་མཐོང་ཐུབ་སྟེ། བླ་མ་གོང་མའི་ཡང་སྲིད་བྱིས་པ་སྣབས་ལུག་ཅིག་ཁྲི་མཐོན་པོ་ཞིག་གི་ཁར་བསྐྱལ་ཏེ་དོང་ནང་གི་མེ་ཏོག་ལྟ་བུར་གསོ་སྐྱོང་ལོ་མང་རིང་བྱེད་དགོས་པའི་སྤྲུལ་སྐུའི་ལམ་ལུགས་ཀྱི་མཐའ་དང་། ཡང་ན་ཁྱིམ་བརྒྱུད་གདུང་བརྒྱུད་ཀྱིས་ཆོས་བརྒྱུད་སྐྱོང་བའི་རྒྱལ་པོའི་ལམ་ལུགས་ཀྱི་མཐའ་གཉིས་དང་བྲལ་བའི་དབུ་མའི་ལམ་སྟེ། ཕྱི་འདུལ་བའི་ཀུན་སྤྱོད་གཙང་ཞིང་ནང་མདོ་སྔགས་སེམས་གསུམ་གྱི་སློབ་གཉེར་མཐར་ཕྱིན་པའི་བཀའ་རབ་འབྱམས་པའི་དགེ་བའི་བཤེས་གཉེན་དག་གི་ཁྲོད་ནས་མིང་ཐོ་བདམས་སྒྲུག་གིས་བོན་གྱི་བླ་མ་ཡི་དམ་སྲུང་མའི་ཚོགས་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པའི་འབྲས་བུར་སྨིན་པའི་སྐྱེས་བུ་དེ་བོན་བསྟན་ཡོངས་ཀྱི་སྐྱབས་མགོན་དུ་མངའ་གསོལ་ཞུ་བ་འདི་ནི། གནའ་རབས་དེང་རབས་གཉིས་ཀའི་ལུགས་སྲོལ་གྱི་ཆ་གང་ནས་བལྟས་ཀྱང་བསྔག་པར་འོས་ཤིང་སྐྱོན་མེད་ཡོན་ཏན་གྱི་ངོ་བོར་གྲུབ་ཡོད་ལ། འདིའི་སྐོར་ལ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དང་། རབ་འབྱམས་དགེ་བའི་བཤེས་གཉེན་དྲང་སྲོང་ཟླ་བ་དར་རྒྱས་མཆོག་ཇི་ལྟར་སྨན་རིའི་ཁྲི་འཛིན་སོ་བཞི་པར་བསྐོས་པའི་སྐོར་གྱི་གསར་འགྱུར་དང་རྩོམ་ཡིག་ལ་བལྟས་ན་ངོ་མཚར་བའི་བྱུང་བ་ཞིག་མཐོང་ཐུབ།

ཏ
རྔ་བའི་སྣང་ཞིག་དགོན་དང་རྟོགས་ལྡན་དགོན་པའི་གྲྭ་གྲངས་ལ་ཆ་རྒྱུས་ཆེན་པོ་ཞིག་མེད་ན་ཡང་། རྒྱ་གར་གྱི་གདན་ས་སྨན་རི་དང་བལ་ཡུལ་ཁྲི་བརྟན་ནོར་བུ་རྩེ་གཉིས་སུ་ཆོས་བརྒྱུད་གཞན་པའི་གྲྭ་ས་ཆེན་པོ་དག་དང་བསྡུར་ན་གྲྭ་པའི་གྲངས་འབོར་ཉུང་ན་ཡང་། གྲྭ་པའི་སློབ་གཉེར་གྱི་ཕྱོགས་སུ་ཞིབ་ཏུ་དཔྱད་ན་ཆོས་བརྒྱུད་གཞན་པའི་གྲྭ་པའི་སློབ་གཉེར་དང་གཅིག་མཚུངས་ཀྱི་གྲུབ་འབྲས་ལོན་ཡོད། གདན་ས་སྨན་རིར་མཚོན་ན་མདོ་སྔགས་སེམས་གསུམ་ཡོད་པ་གཞིར་བཞག་གི་སྟེང་དུ་ཐ་སྙད་རིག་གནས་བརྡ་དག་སྙན་ངག་སྨན་དང་རྩིས་སོགས་ཀྱི་སློབ་གཉེར་བྱེད་ས་ཡང་ཡོད་འདུག་ཅིང་། བལ་ཡུལ་གྱི་ཁྲི་བརྟན་ནོར་བུ་རྩེ་ལ་ཡང་དེ་མཚུངས་ཀྱི་སློབ་གཉེར་ལམ་ལུགས་ཡོད་འདུག་པ་མ་ཟད། ན་གཞོན་ཤེས་ཡོན་ཅན་མང་པོ་ཞིག་སྐྱེད་སྲིང་བྱས་དང་བྱེད་བཞིན་འདུག  ཡིག་ཆ་རྩོམ་པ་པོ་ཕལ་ཆེ་བ་བན་དེའི་ཕྱོགས་ནས་ཡིན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་མང་པོར་བོན་རྙིང་མས་དམར་མཆོད་བྱེད་ཚུལ་འཁོད་ཡོད་ལ། དེང་སང་མདོ་སྨད་རྒྱ་རོང་ཕྱོགས་དང་ཧི་མ་ལ་ཡའི་རི་རྒྱུད་ཁག་ཏུ་གནའ་བོན་ལྷག་ལུས་སུ་འདོད་པའི་བོན་གྱི་གྲོང་ཆོག་པ་རེ་ཟུང་གིས་ད་དུང་དམར་མཆོད་ཕྲན་བུ་རེ་བྱེད་པའི་བརྙན་ཐུང་འདྲ་མིན་མཐོང་རྒྱུ་ཡོད་ཀྱང་། ཁོ་བོས་ངོ་ཤེས་པའི་བོན་པོའི་གྲྭ་པ་ཕལ་མོ་ཆེ་ནི་དཀར་ཟས་པ་རེད་འདུག་ལ། འདུལ་ཁྲིམས་ལ་ཤིན་ཏུ་གནས་པའི་དྲང་སྲོང་གི་རྒྱལ་མཚན་འཛིན་པ་ཧ་ཅང་མང་པོ་ཞིག་འདུག་ལ། དེ་བཞིན་བོན་རྙིང་མའི་ཆོས་ལུགས་ཀྱི་ཆོ་ག་མང་པོ་ཞིག་དེང་སང་དཔེ་རྙིང་ཁྲོད་ཡོད་ཀྱང་བོན་གསར་མའི་ལུགས་འཛིན་ཕལ་ཆེ་བས་གཞུང་ཆེན་ལ་སློབ་གཉེར་བྱེད་པ་གཙིགས་སུ་འཛིན་པ་མ་གཏོགས་ཆོ་ག་དེ་དག་ལག་ལེན་མི་བྱེད་པ་ཡང་། བོན་རྙིང་མ་བོན་གསར་མའི་ཕྱོགས་སུ་རིམ་འགྱུར་བྱུང་བའི་དཀྱོགས་མཚམས་ཀྱི་གོད་ཆག་ཅིག་ལོས་ཡིན་བསམས།  འདི་ནི་སྔ་འགྱུར་རྙིང་མ་པའི་ཁྲོད་དུ་བཀའ་མ་ཤུགས་ཆེ་དུས་གཏེར་མ་བག་ལ་ཞ་བ་དང་། གཏེར་མའི་ཆོས་སྐོར་རྒྱས་དུས་བཀའ་མར་ཉམས་རྒྱུད་འབྱུང་བའི་སྣང་ཚུལ་དང་ཧ་ཅང་འདྲ་བོ་ཡོད།

ཐ
ཁོ་བོར་མཚོན་ན་རྔ་བ་སྣང་ཞིག་དགོན་དང་རྟོགས་ལྡན་དགོན། རྒྱ་གར་སྨན་རིའི་དགོན་དང་བལ་ཡུལ་ཁྲི་བརྟན་དགོན་སོགས་ཀྱི་བོན་པོའི་གྲྭ་གྲོགས་གང་འཚམ་ཞིག་ཡོད་ལ། བོན་གྲྭ་འདི་དག་གི་གྲས་སུ་ཚང་མར་མདོ་སྔགས་རིག་གནས་ཀྱི་ཡོན་ཏན་གང་འཚམ་རེ་འདུག་ཅིང་། ཕལ་ཆེ་བས་རང་མགོ་ཐོན་པའི་ཡོན་ཏན་འདུག ཁོང་ཚོའི་གྲས་ནས་སྨན་རིའི་སློབ་དཔོན་འཕྲིན་ལས་ཉི་མ་ཚང་ནི་བདག་གིས་མཇལ་བའི་བོན་པོའི་བླ་མའི་ཁྲོད་ནས་མཁས་བཙུན་བཟང་གསུམ་འཛོམས་པའི་དགེ་བའི་བཤེས་གཉེན་ཁྱད་པར་བ་ཞིག་རེད། བྱ་འཕུར་ནམ་མཁའ་རྒྱལ་མཚན་ཞེས་པའི་དགེ་བཤེས་དེ་སྐུ་ཚེ་མ་རིང་བ་མ་གཏོགས་བོན་བསྟན་འཛིན་སྐྱོང་སྤེལ་བའི་སྐྱེས་ཆེན་དམ་པ་ཞིག་ཡིན། དོལ་བོའི་ཆོས་འཁོར་ཚང་ཉི་མ་འོད་ཟེར་ལྟ་བུར་མཚོན་ན་བོན་ཆོས་ཀྱི་དགེ་བཤེས་ཐོབ་ཐང་ཡོད་པའི་སྟེང་དུ་ནུབ་ཕྱོགས་སློབ་ཆེན་ནས་འབུམ་རམས་པའི་ལག་ཁྱེར་ཡང་ཐོབ་ཡོད་ཅིང་། རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་གཙོ་སྐྱོང་བའི་གྲས་སུ་ཚུད་ཡོད། དགེ་བཤེས་བསྟན་འཛིན་དབང་རྒྱལ་ལ་མཚོན་ན་བོན་ཆོས་ཀྱི་དགེ་བཤེས་ལག་ཁྱེར་ཡོད་ལ། བོན་ཚོགས་མང་པོ་བཙུགས་ཤིང་དཔེ་ཆ་མང་པོ་བརྩམས་ཏེ་བོན་བསྟན་ནུབ་ཕྱོགས་སུ་སྤེལ་བའི་ཉི་མ་ལྟ་བུར་གྱུར་ཡོད། དགེ་བཤེས་བྱ་འཕུར་ལྷུན་འགྲུབ་རྒྱ་མཚོ་དང་དགེ་བཤེས་གཡུང་དྲུང་རྣམ་གཉིས་ཀྱང་ནུབ་ཕྱོགས་སུ་མཛད་འཕྲིན་རྒྱས་བཞིན་འདུག དགེ་བཤེས་བྱ་འཕུར་ལྷུན་འགྲུབ་ལ་མཚོན་ན་ཕྱག་དེབ་རྩོམ་པ་དང་མཛེས་རྩལ་ཡིག་གཟུགས་ལ་མཁས་པ། ཁ་པར་ནང་བོན་པོའི་ལོ་ཐོ་གསར་བཏོད་སོགས་སྣ་མང་རང་བཞིན་གྱི་ཕྱག་ལས་ལ་འཇུག་བཞིན་ཡོད། དགེ་བཤེས་ཁྲི་གཡུང་དྲུང་ལ་མཚོན་ན་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཆེ་ཆུང་དུ་མའི་སྟེང་དཔྱད་རྩོམ་སྒྲོག་སྦྱོང་དང་ཕྱག་རྩོམ་སྣ་མང་སྤེལ་བཞིན་འདུག གཞན་སྣང་རྒྱལ་ཤེར་དགེ་ཟེར་བའི་གྲྭ་པ་ཡོན་ཏན་ཅན་ཞིག་གིས་ཝ་ར་ཎ་སིར་སློབ་གཉེར་བྱེད་ཞོར་རྩོམ་ཡིག་སྣ་མང་སྤེལ་བཞིན་འདུག་ལ། ཁོང་གིས་ཁ་བརྡ་དྲ་བར་འཚུབ་མ་རྒོད་པོ་ཞེས་པའི་མིང་ཐོག་ནས་མཆན་སྣ་ཚོགས་ཀྱང་འབྲི་བཞིན་འདུག  <<བོན་སྒོ>> ཞེས་པའི་བོན་རིག་པའི་དུས་དེབ་དང་ཧི་མ་ལ་ཡའི་བོན་(7) ཞེས་པའི་བོན་གྱི་དྲ་ཚིགས་གྲགས་ཅན་དེའི་སྟེང་དུ་གཟིགས་ན་བོན་པོའི་མཁས་པ་ཚོས་བྲིས་པའི་རྩོམ་ལུས་སྣ་མང་གི་རྩོམ་ཡིག་ཡག་པོ་མང་པོ་ཞིག་མཐོང་རྒྱུ་ཡོད། རྒྱལ་སྤྱིའི་རིག་པའི་ཚོགས་འདུ་ཆེ་ཆུང་གང་གི་སྐབས་སུ་ཡང་ཆོས་བརྒྱུད་གཞན་དང་བསྡུར་ན་བོན་པོའི་གྲྭ་པ་དང་དགེ་བཤེས་མཁས་པ་མང་པོས་མཉམ་ཞུགས་བྱས་དང་བྱེད་བཞིན་འདུག་ལ། དཔྱད་རྩོམ་ལ་མཚོན་ན་ཡང་བོན་པོའི་མཁས་པས་བྲིས་པའི་དཔྱད་རྩོམ་དག་ལ་རྒྱལ་སྤྱིའི་དཔྱད་རྩོམ་ཚད་ལྡན་འབྲི་སྟངས་ཀྱི་ཁྱད་ཆོས་གང་འཚམ་ཞིག་ལྡན་འདུག

ད
དེ་ལྟར་ཕྱོགས་མང་པོ་ཞིག་ནས་བལྟས་ན། ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་བསྟན་འཛིན་དང་བཅས་པ་ནི་ཐབ་ཆུང་ཆུང་ནང་ལ་མེ་ཚ་བོ་འབུད་པའི་དཔེ་མཚོན་གསོན་པོ་ཞིག་ཡིན་འདུག་པས། ཤྰཀྱའི་རིང་ལུགས་ཀྱི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བསྟན་འཛིན་དག་ལ་མཚོན་ན་ཡང་གཡུང་དྲུང་བོན་གྱི་ཆོས་བརྒྱུད་འདི་ལས་ལེགས་ཆ་ཧ་ཅང་མང་པོ་ཞིག་ལེན་རྒྱུ་འདུག་ཅིང་། དེ་ནི་གཡུང་དྲུང་བོན་གྱིས་ཤྰཀྱའི་བསྟན་པ་ལས་རིག་གནས་ནང་འདྲེན་བྱས་ལུགས་བརྗོད་པ་དང་མཚུངས་པ་ཞིག་ཡིན་པས། དེས་རང་ཉིད་དར་རྒྱས་དང་ཕུན་སུམ་ཚོགས་པར་བྱེད་པ་ལ་འགྲན་ཟླ་མེད་པའི་གཟི་བརྗིད་དང་ལེགས་ཆ་འདྲེན་པར་བྱེད་ལ། དེས་ཆོས་བརྒྱུད་ཕན་ཚུན་བར་གྱི་མཐུན་འབྲེལ་དང་མཛའ་བརྩེ་གོང་དུ་འཕེལ་བར་ཡང་བྱེད་དོ།།

ན
དེང་སང་མཁས་པ་སྐོར་ཞིག་གིས་ཞང་བོད་ཅེས་པའི་ཐ་སྙད་ཅིག་གསར་བཟོ་བྱས་ཏེ་ཞང་ཞུང་དང་བོད་གཉིས་རྦད་དེ་ཁ་ཁ་ཡིན་པའི་ལྟ་ཚུལ་ལམ་དྲིལ་སྒྲོག་གསར་པ་ཞིག་བྱེད་པར་འབད་བཞིན་འདུག་པས། གལ་སྲིད་ཞང་ཞུང་སྟེ་མངའ་རིས་ས་ཁུལ་འདི་བོད་དང་རྦད་དེ་ཁ་ཁ་ཡིན་ན། མངའ་རིས་སྐོར་གསུམ་ཚང་མ་བོད་དང་ཁ་ཁ། མདོ་སྨད་ཀྱང་བོད་དང་ཁ་ཁ། ཁམས་ཕྱོགས་ཀྱང་བོད་དང་ཁ་ཁ་ཡིན་དགོས་པས། མཐར་ཐུག་བོད་ཅེས་པ་དེ་བོད་དབུས་ཁུལ་གཅིག་པོར་གོ་བར་འགྱུར་བས། འདིས་བོད་དང་བོད་རིག་པར་ཕན་གྱི་ཡོད་དམ་གནོད་ཀྱི་ཡོད་པའི་སྐོར་ལ་ཡང་ཐུགས་བསམ་བཞེས་གལ་ཆེ་བར་སྙམ། བོད་ཀྱི་ཞང་ཞུང་ཞེས་པའི་ཐ་སྙད་ཅིག་ཨེ་འགྲུབ་ལ་མ་འབད་པར་ཞང་བོད་ཅེས་འབྲི་རྐྱང་སྤེལ་རྐྱང་བརྗོད་རྐྱང་བྱས་ན། དེ་ནི་ཨ་རྒྱའམ་ཀྲུང་རི་ཞེས་པའི་ཐ་སྙད་དང་འདྲ་བོ་ཡིན་པས་བོད་དང་ཞང་ཞུང་རྦད་དེ་ཁ་ཁ་ཡིན་པའི་ལོག་རྟོག་ངན་པའི་བག་ཆགས་ཤིག་འཇོག་རྒྱུ་གདོན་མི་ཟ།   བདག་གིས་གངས་ལྗོངས་བོན་ཞེས་པའི་དྲ་ཚིགས་སུ། “ཞང་ཞུང་རིག་གནས་ནི་བོད་ཀྱི་རིག་གནས་ཏེ། བོད་རིག་གནས་ཀྱི་སྔ་རབས་ཀྱི་རྣམ་པ་དང་འབྱུང་རྩ་ཡིན།__བོད་རིག་པའི་ཆེད་མཁས་ཚེ་རིང་ཐར།” ཞེས་པའི་ཚིག་དུམ་ཞིག་མཐོང་བྱུང་བས། བོན་དང་ཞང་ཞུང་གི་ལོ་རྒྱུས་ལ་མི་ཚེ་གང་བོར་ཞིབ་འཇུག་བྱས་པའི་མཁས་པ་འདིའི་བརྗོད་ཚིག་གནད་འགག་ཅན་འདི་ལ་ཐུགས་བསམ་བཞེས་རྒྱུ་ཧ་ཅང་གལ་ཆེ་བ་ལགས།

པ
དེ་བཞིན་མདོ་སྨད་རྔ་བའི་ཕྱོགས་སུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་མཚན་སྔགས་བཛྲ་གུ་རུ་དུང་ཕྱུར་བཏོན་པའི་བོན་གྱི་རྒན་རབས་པ་ཡང་ཡོད་ཚུལ་ཆོས་གྲོགས་ཤིག་ལས་ཐོས་པས། བེ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུར༔ ཞེས་པ་ཡང་དྲན་འོང་བ་ཞིག་རེད། གཞན་སྔོན་ཆད་མདོ་སྨད་རེབ་གོང་སྒོ་དམར་དགོན་པའི་སྤྲུལ་སྐུ་བསྟན་པ་དཀོན་མཆོག་ཅེས་པ་ཞིག་རྔ་བའི་ཕྱོགས་སུ་གནས་སྐོར་ལ་ཕྱིན་དུས་ཤིག་ལ། བླ་མ་ཞིག་གིས་མི་མང་ལ་ཆོས་གསུང་གི་ཡོད་པར་མཇལ་བ་དང་། བླ་མའི་མཚན་དང་ཆོས་བརྒྱུད་མ་ཤེས་ཀྱང་དེའི་གསུང་ཆོས་ལ་མཉན་པས་ཡིད་དབང་འཕྲོགས་ཏེ་ཆོས་རྫོགས་པར་ཞུས། མཇུག་ཏུ་ཉེ་འཁོར་གྱི་མི་ལ་བླ་མ་དེ་སུ་དང་ཆོས་བརྒྱུད་གང་ཡིན་དྲིས་པས། བླ་མ་དེ་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་ཞུ་བ་དང་། ཆོས་བརྒྱུད་བོན་པོ་ཡིན་པ་ཐོས་ནས་སེམས་ཅུང་ཟད་མ་བདེ། ཕྱིར་རེབ་གོང་དུ་ལོག་ནས་ཁོང་གི་བླ་མ་གཡེར་གཤོང་མཁན་ཆེན་ཚང་དེ་ལུགས་ཞུས་པས། མཁན་ཆེན་ཚང་གིས་བླ་མ་དེ་ཁྱོད་ཀྱི་ཚེ་རབས་སྔོན་མར་ལས་འབྲེལ་ཡོད་པ་ཞིག་དང་ཆོས་བརྒྱུད་རིས་མེད་ཅིག་རེད། ཁྱོད་ཕྱིར་ལོག་ནས་བླ་མ་དེ་ལས་བོན་ཆོས་ཞུས་ན་ལེགས་ཞེས་གསུངས་པས། ཨ་ལགས་སྒོ་དམར་ཚང་ཡང་ཕྱིར་རྔ་བའི་ཕྱོགས་སུ་ཕྱིན་ནས་འཇའ་ལུས་པ་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་ལས་བོན་གྱི་མདོ་སྔགས་རྫོགས་གསུམ་ཚང་བར་ཞུས་ཤིང་། ཤར་རྫ་བས་ཨ་ལགས་སྒོ་དམར་ཚང་བོན་གྱི་བླ་ཆེན་དྲན་པ་ནམ་མཁའི་ཐུགས་ཀྱི་སྤྲུལ་པ་ཞིག་ཡིན་ཚུལ་ཡང་གསུངས། དེ་རྗེས་ཨ་ལགས་སྒོ་དམར་ཕྱིར་རང་གི་དགོན་པ་སྟེ་དགེ་ལྡན་པའི་དགོན་པ་དེར་ཕེབས་ནས་མུ་མཐུད་དུ་བོན་ཆོས་ཉམས་བཞེས་མཛད་པས། དགུན་གྲང་སྒང་གི་ཉི་མ་ཞིག་ལ། ཨ་ལགས་སྒོ་དམར་གྱི་ཤག་མཚེས་བླ་རྒན་ཞིག་གངས་འཕྱག་ཆེད་ཁང་ཀླད་དུ་འགོས་དུས། ཨ་ལགས་སྒོ་དམར་ཚང་གིས་ཤིང་གི་ཟོ་བ་ཆེན་པོ་ཞིག་ཏུ་ཆུ་འཁྱག་བླུགས་པའི་ནང་དུ་བཞུགས་ནས་རྩ་རླུང་སྒོམ་བཞིན་ཡོད་འདུག་ལ། ཁོང་གི་སྐུ་ལུས་ལས་ཚ་དྲོད་འབར་ཏེ་ཟོ་བའི་ནང་གི་ཆུའི་རླངས་པ་ནམ་མཁར་འཕྱུར་བ་ཡང་དངོས་སུ་མཐོང་ཚུལ། ཚངས་དབང་དགེ་འདུན་བསྟན་པས་བྲིས་པའི་ཨ་ལགས་སྒོ་དམར་ཚང་དང་འབྲེལ་བའི་ཕྱིར་དྲན་རྩོམ་ཞིག་ཅིག་ལས་མཐོང་མྱོང་ལ། རྗེས་སུ་ཨ་ལགས་སྒོ་དམར་ཚང་འཇའ་ལུས་སུ་དེངས་ཚུལ་ཡང་རྩོམ་དེའི་མཇུག་དེར་འདུག (8)

ཕ
ཉེ་ཆར་ཧི་མ་ལ་ཡའི་བོན་ཞེས་པའི་དྲ་ཚིགས་སུ་བཀོད་པའི་ཞང་བོད་རིག་གཞུང་ཞིབ་འཇུག་ཚོགས་པའི་བརྡ་སྦྱོར་ཞེས་པ་ཞིག་མཐོང་བ་དེའི་མགོར། “༧སྟོན་པ་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱི་རིང་ལུགས་འཁྲུལ་བ་མེད་པ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་དང་ཐོས་བསམ་སྒོམ་གསུམ་གྱི་ཕྱག་ལས་ཟབ་མོ་དེ་(རང་ལྟ་ལ་མི་ཆགས་ཤིང་གཞན་ལྟ་ལ་མི་སྡང་བའི)་སྒོ་ནས་གྲུབ་མཐའི་རྣམ་བཞག་འཛིན་པ་ལ་སྐུ་དྲིན་བླ་ལྷག་ཏུ་ཆེ་བའི་མདོ་དབུས་ཁམས་གསུམ་རྒྱལ་ཕྱི་ནང་ཀུན་ལ་འཚོ་ཞིང་བཞུགས་པའི་སངས་རྒྱས་གཡུང་དྲུང་བོན་གྱི་དགེ་བའི་བཤེས་གཉེན་རྣམས་ལ་ཞུ་གསོལ།” ཞེས་པ་ཞིག་འདུག་པས། གཡུང་དྲུང་བོན་གྱི་མཁས་པ་ཕལ་མོ་ཆེ་ནི་རིག་པའི་རྩལ་རྫོགས་ཤིང་ལྟ་བ་གུ་ཡངས་ལ། གོང་གསལ་བརྡ་སྦྱོར་དེའི་ནང་གསལ་ལྟར་རང་ལྟ་ལ་མི་ཆགས་ཤིང་གཞན་ལྟ་ལ་མི་སྡང་བའི་ཁྱད་ཆོས་མངའ་བ་ལགས་པས། བོན་གསར་མའི་སྐོར་གྱི་དོགས་སློང་གི་སྐོར་ལ་རྩོམ་ཡིག་སྤེལ་མཁན་ནི་བོན་པོའི་ཁྲོད་དུ་ཡང་ཡོད་ (9) ལ། གོང་གསལ་བདག་གི་བསམ་ཚུལ་བཀོད་པའི་རྩོམ་ཡིག་འདིས་ཁོང་ཅག་གི་ཐུགས་རྒྱུད་ཀྱི་བྱམས་བརྩེ་དང་བཟོད་སྒོམ། དཀྱེལ་ཡངས་དང་བརྩི་བཀུར་གྱི་འདུ་ཤེས་ལ་ཕོག་ཐུག་མི་འགྲོ་བའི་རེ་བ་ཡོད་ལགས།།

ཕ་མེས་བོན་དང་བུ་ཚ་བན་ཡིན་པས།།

ཕ་ཆོས་གདོད་མའི་རིག་གནས་བརྗེད་མི་རུང་།།

བོན་ཆོས་གསར་རྙིང་བན་ཆོས་གསར་རྙིང་གཉིས།།

ལོ་རྒྱུས་དོན་དངོས་ཡིན་པར་བདག་གིས་རྙེད།།

གཤེན་རབ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཞེས།།

པདྨས་བཀའ་ཐང་སྡེ་ལྔར་གསུངས་པ་སྟེ།།

པདྨ་འདི་ཕྱིའི་སྐྱབས་སུ་བཀུར་པ་ཚོས།།

བོན་ལ་སྡང་ཞུགས་མ་བྱེད་དག་སྣང་སྦྱོངས།།

བོན་རྙིང་རྩ་བ་བོད་ཀྱི་གདོད་མའི་ཆོས།།

བོན་གསར་གྲུབ་ཆ་སྒྲུབ་བརྒྱུད་ཤིང་རྟ་བརྒྱད།།

ཡིན་ཡང་ཆོག་ལ་མིན་ཡང་ཆོག་པ་འདི།།

རེ་ཞིག་རང་རིགས་མཐུན་པའི་ཐབས་ལམ་ཉིད།།

ཐ་ཚན་མུ་ཙུག་སྨར་རོ།།

  • (ཧི་མ་ལ་ཡའི་བོན།-ངས་བོན་དང་བོན་ཆོས་རྙེད་པའི་བརྒྱུད་རིམ། (com)
  • (སྨན་རིའི་ཁྲི་འཛིན་དགོངས་པ་བོན་དབྱིངས་སུ་གཤེགས་པ། (com)
  • ( མཁར་རྨེ་བསམ་གཏན་ – Wikipedia)
  • (བོན་ཆོས་དཔྱད་བསྡུར། – ཞང་བོད་དཔེ་ཁང་ཆེན་མོ་དཀར་ནག་བཀྲ་གསལ། (org)
  • འབུམ་བཞིའི་ལོ་རྒྱུས་དང་རྒྱུད་བཞི་བྱུང་ཚུལ།_ལུས་ཁམས་བདེ་སྲུང་།_ཀྲུང་གོའི་བོད་ལྗོངས་དྲ་བ། (cn)
  • བོན་གྱི་སྙན་ངག་གཞུང་ལུགས་སྐོར་ལ་དྲི་བ་དང་དྲིས་ལན། – ཧི་མ་ལ་ཡའི་བོན། (com)
  • ཧི་མ་ལ་ཡའི་བོན། com
  • སྒོ་དམར་ཨ་ལགས་བསྟན་པ་དཀོན་མཆོག་ཚང་གི་ལོ་རྒྱུས་བསྡུས་པ། (org)
  • བོན་གསར་མའི་སྐོར་གྱི་དོགས་གླེང་། – org

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༦ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༧ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 3

  1. རང་བྱུང་རིག་པའི་རྡོ་རྗེ says:
    ལོ་ 3 སྔོན།

    དུས་བབ་ཚང་ནས་ཚོད་འཛིན་བྱས་པར་ཧ་ཅང་གི་བློ་ཕམ་ཡོད།།

    Reply
  2. རང་བྱུང་རིག་པའི་རྡོ་རྗེ says:
    ལོ་ 3 སྔོན།

    ཀླུ་སྨྱོན་ལགས། ནུབ་ཕྱོགས་ཡུལ་ན་ཡོད་པའི་བོན་པོའི་དགེ་བཤེས་དེ་ཚོས་ཐབ་ཆུང་ཆུང་ནང་ནས་ཤིན་ཏུ་གསང་བར་གྲགས་པའི་རྫོགས་པ་ཆེན་པོ་ཡོངས་རྫོགས་མེ་ལ་བསྲེག་བཞིན་པར་ཀུན་གྱིས་ཤེས་གསལ་རེད། མི་ངན་དེ་ཚོས་སྒོར་མོ་དང་སྙན་གྲགས་ཀྱི་ཆེད་དུ་ཅི་ཡང་བྱེད་ཀི་རེད། དེ་ལྟ་བུར་བསྟོད་སྔགས་བྱེད་པར་ཤིན་ཏུ་ནས་མི་འོས་སོ། སྒོར་མོ་ལ་ཅི་ཙམ་དགའ་ཡང་། རྫོགས་ཆེན་ནི་བཙོང་མི་རུང་། ཧ་ཅང་གི་གཅེས་སྤྲས་བྱེད་དགོས།།

    Reply
  3. གངས་ཅན་པ། says:
    ལོ་ 3 སྔོན།

    རྒྱ་ནག་གཞུང་གིས་དེང་སང་ཞང་ཞུང་ནི་བོད་ལས་ལོགས་སུ་བཏོན་ནས། བོད་ལ་མགོ་མེད་པ། ཞང་ཞུང་ལ་མཇུག་མེད་པ་ཞིག་བྱེད་ཐབས་བྱེད་ཀྱི་འདུག བོན་ཕྱོགས་ཀྱི་མཁས་པ་འགས་རང་ཚུགས་མ་ཟིན་པ་དང་། རྒྱུ་དང་གོ་ཐོབ་སོགས་ལ་ཞེན་ནས་རྒྱ་ནག་གཞུང་གི་འདོད་མོས་བསྒྲུབས་དང་སྒྲུབ་མུས་སུ་མཆིས། བོད་མི་རིགས་ལ་ཤ་ཚ་མཁན་ཞིག་ཡིན་ན། བྱེད་སྟངས་དེ་ལ་ཏན་ཏན་ཐུགས་བསམ་བཞེས་དགོས་འདུག དེ་མིན་སྒོར་མོ་འགའ་དང་ཐོབ་གོ་ས་ཞིག་གི་ཆེད་བོད་མི་རིགས་ཀྱི་བླ་བཙོང་ན། ཡབ་མེས་གོང་མ་བཀའ་དྲིན་ཅན་གྱི་ཐུགས་ཁྲེལ། དེང་སང་གི་མི་བུ་མིག་རྒྱང་ཅན་རྣམས་ཀྱི་མདུན་ནས་ངོ་ཡང་ཚ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese