བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་ནང་སློབ་ཕྲུག་དང་མི་མང་གིས་ཤོག་དཀར་གསར་བརྗེའི་ལས་འགུལ་སྤེལ་བཞིན་པར་རྒྱབ་སྐྱོར་དང་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་འདུག
དེ་རིང་ཕྱི་ཟླ་ ༣ ཉིན་གྱི་སྔ་དྲོར་ལྷོ་ཕྱོགས་སྦེལ་ཀོབ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་། ཧོན་སུར་གཞིས་ཆགས། སྦེལ་ཀོབ་གཞིས་ཆགས། མེ་སོར་སློབ་ཕྲུག་བཅས་ཀྱི་བོད་མི་ ༦༠ ལྷག་གིས་ལག་ཏུ་ཤོག་སྟོང་བཟུང་སྟེ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་འབོད་ཚིག་སྒྲོག་བཞིན་ཀར་ན་ཊ་ཀའི་མེ་སོར་རྫོང་དཔོན་ལས་ཁུངས་ནས་མེ་སོར་རྒྱལ་ཁང་མདུན་ཐང་བར་དུ་ངོ་རྒོལ་གོམ་བགྲོད་བྱས་ཡོད་པ་རེད།
དེ་རིང་གི་གོམ་བགྲོད་དེ་ནི། བོད་དང་རྒྱ་ནག་ནང་རྒྱ་གཞུང་གི་ཏོལ་དབྱིབས་གཙང་སེལ་གྱི་སྲིད་ཇུས་འོག་ཚད་ལས་འདས་པའི་སྡུག་སྦྱོང་གཏོང་བཞིན་པའི་རྐྱེན་གྱིས། རྒྱ་ནག་གི་སློབ་ཆེན་ཁག་ཅིག་དང་མི་མང་བཅས་ནས་ངོ་རྒོལ་བྱེད་བཞིན་པར་གདུང་སེམས་མཉམ་སྐྱེད་ཀྱི་རྒྱབ་སྐྱོར་དང་། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པའི་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པ་རེད། ཐེངས་འདིའི་ངོ་རྒོལ་དང་འབྲེལ་བའི་སྙན་ཞུ་ཞིག་མེ་སོར་རྫོང་དཔོན་བརྒྱུད་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གི་མཚན་ཐོག་ཏུ་ཕུལ་ཡོད་འདུག
ཁ་སང་ཕྱི་ཚེས་ ༢ ཉིན་གྱི་ཉིན་རྒྱབ་ཏུ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཇན་ཌར་མན་ཌར་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱ་ནག་མི་མང་གི་ཤོག་དཀར་གསར་བརྗེའི་ལས་འགུལ་ལ་རྒྱབ་སྐྱོར་དང་དྲག་གནོན་ལ་གདུང་སེམས་མཉམ་སྐྱེད་ཀྱི་ངོ་རྒོལ་ལས་འགུལ་ཞིག་སྤེལ་ཡོད་པ་དང་། སྐབས་དེར་རྒྱ་གར་གྱི་སྤྱི་ཚོགས་ལས་འགུལ་སྣེ་འཁྲིད་པ་ལྕམ་ཀ་ཝི་ད་ཁུར་ཤི་ནན་(Kavita krishnan)ལགས་དང་། ས་གནས་ཀྱི་སེར་སྐྱ་མི་མང་དང་སློབ་ཕྲུག་བཅས་མཉམ་ཞུགས་བྱས་ཡོད་འདུག དེ་བཞིན། ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་བྷང་ལོར་དུ་ཤོག་དཀར་གསར་བརྗེའི་ལས་འགུལ་ལ་རྒྱབ་སྐྱོར་དང་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག
རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།