བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་ཞལ་འདོན་མཉེན་ཆས་གསར་པ་ཞིག་དང་པུར་རྒྱལ་བོད་ཀྱི་རྒྱན་གོས་ཞེས་པའི་དཔེ་དེབ་གཉིས་བཏོན་གནང་འདུག
དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ ཐོག་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་ཚོགས་ཁང་དུ། ཆོས་རིག་ལས་ཁུངས་ཀྱིས་འདོན་སྤེལ་བྱས་པའི་ཞལ་འདོན་མཉེན་ཆས་གསར་པ་ཞིག་དང་། པུར་རྒྱལ་བོད་ཀྱི་རྒྱན་གོས་ཞེས་པའི་དཔེ་དེབ་གཉིས་དབུ་འབྱེད་གནང་འདུག ཐེངས་འདིའི་དབུ་འབྱེད་མཛད་སྒོའི་ཐོག་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། ཆོས་རིག་དྲུང་འཕར་བདུད་འདུལ་རྡོ་རྗེ་ལགས་བཅས་འབྲེལ་ཡོད་ལས་བྱེད་ཁག་ཅིག་འདུ་འཛོམས་གནང་འདུག
བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཞལ་འདོན་མཉེན་ཆས་ཀྱི་དབུ་འབྱེད་སྐབས་སུ། མཉེན་ཆས་འཕྲུལ་རིགས་ཁ་པར་ལས་བེད་སྤྱོད་བྱེད་སྐབས་མཉེན་ཆས་ཕབ་ལེན་གྱི་མཛོད་ཁང་དུ་བཞག་ཡོད་པའི་མཉེན་ཆས་འཕྲུལ་རིགས་ཀྱི་རྒྱུ་སྤུས་དག་པོ་ཡིན་དགོས་པ་མ་ཟད། དྲ་རྒྱའི་བདེ་འཇགས་ལ་གནོད་པ་མེད་པ། མཉེན་ཆས་གང་གི་ནང་དོན་གྱི་ཀུན་ལ་དགེ་ཕན་ཆེ་བ་ཡིན་དགོས་གལ་ཆེ་བའི་སྐོར་དང་། རྒྱུན་འདོན་བྱེད་བཞིན་པའི་ཞལ་འདོན་རིགས་ཁ་པར་མཉེན་ཆས་ཀྱི་རྣམ་པའི་བཟོས་ནས་སྟབས་བདེ་སྐྲུན་པ་འདིས་ཞལ་འདོན་རྒྱུན་གནས་བྱེད་ཐུབ་པ་དང་། དད་ལྡན་རྣམས་ཀྱིས་དུས་ཚོད་ངེས་མེད་དུ་བེད་སྤྱོད་བྱེད་ཐུབ་པར་དགེ་མཚན་ཆེ་བ་དང། ཞལ་འདོན་སྐྱོར་པའི་སྐབས་སུ་ནང་དོན་ལ་བསམ་བློ་བཏང་ནས་སེམས་ལ་འགྱུར་བ་གཏོང་བའི་འབད་བརྩོན་གནང་གལ་ཆེ་བའི་སྐོར་ལམ་སྟོན་གནང་ཡོད་འདུག
ཞལ་འདོན་མཉེན་ཆས་བཟོ་སྐྲུན་གྱི་ལས་གཞི་འདི་ནི་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ལོ་གཅིག་སྔོན་ནས་དེང་རབས་འཕྲུལ་རིགས་ཡར་རྒྱས་གོང་འཕེལ་གྱི་རྣམ་པ་དང་བསྟུན་ཁ་པར་མཉེན་ཆས་སུ་ཞལ་འདོན་སྐྱོར་བདེ་བའི་བཟོ་སྐྲུན་མགོ་བཙུགས་པ་ཞིག་ཡིན་པ་དང་། མཉེན་ཆས་ཀྱི་ལས་གཞི་དེའི་ཆེད་འབྲེལ་ཡོད་དགོན་སྡེ་ཁག་ལ་འབྲེལ་བ་ཞུས་ཏེ། མ་དཔེ་ཞུ་དག་གཙང་བཟོ་གནང་ཡོད་པ་དང་། དེང་རབས་སྟབས་བདེའི་འཕྲུལ་ཆས་རྣམ་པའི་བེད་སྤྱོད་བྱེད་བདེ་བའི་ལས་དོན་ཁག་ལེགས་པར་གྲུབ་སྟེ་ད་ཆ་ཚད་ལྡན་མཉེན་ཆས་ཀྱི་རྣམ་པར་གྲུབ་ཡོད།
ཞལ་འདོན་མཉེན་ཆས་དེ་ཉིད་ཀུ་ཤུ་རྟགས་ཅན་དང་། ཨེན་ཊོ་རཊ་ (andriod) སྤྱོད་ཆས་མཛོད་ཁང་གཉིས་ནས་ཕབ་ལེན་གནང་ཐུབ་མོད། འཕྲུལ་རིག་གི་དཀའ་ངལ་ཞིག་གིས་རྐྱེན་བྱས་ཏེ་གནས་སྐབས་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ནང་ཕབ་ལེན་གནང་རྒྱུར་དཀའ་ངལ་འཕྲད་སྲིད་ཀྱང་གཟའ་འཁོར་གཅིག་ཙམ་རྗེས་དཀའ་ངལ་སེལ་ཏེ་ཕབ་ལེན་གནང་ཐུབ་པའི་ཚོད་དཔག་གནང་གི་ཡོད།
ཐེངས་འདིའི་ཞལ་འདོན་མཉེན་ཆས་བཟོ་སྐྲུན་གྱི་འགྲོ་གྲོན་མཐུན་འགྱུར་ཨི་ཊ་ལི་ནང་པའི་མཐུན་ཚོགས་ཀྱིས་གནང་ཡོད་པ་དང་། པུར་རྒྱལ་བོད་ཀྱི་རྒྱན་གོས་པར་སྐྲུན་མཐུན་འགྱུར་ཨ་རིའི་རོགས་ཚོགས་ (USAID) ཀྱིས་གནང་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་།
གཉན་ཆས་ཕབ་གནས་ ཞིག་བཞག་རོགས་ཞུ།
གསར་འགོད་ཉོབ་ཏོ་lazy journalism རེད་འདུག གོ་ལོ་ཐོས་ལོའི་གཏམ་ཙམ་ལས་དབྱེ་ཞིབ་དང་གནས་ཚུལ་ཁ་སྣོན་གཅིག་ཀྱང་མི་འདུག འདྲ་པར་དང་གནས་ཚུལ་ནི་གཞལན་ལས་བརྐུ་བཤུ་བྱས་འདུག
མཉེན་ཆས་ཕབ་ལེན་བྱེད་སྟངས་དང་། ཞལ་འདོན་རིགས་གང་འདྲ་ཡོད་མེད། སྒྲ་བརྙན་གང་འདྲ་ཡོད་མེད་སོགས་ཚིག་གཅིག་ཀྱང་བྲིས་ཐུབ་མེད་པ་དེས་གསར་འགོད་པ་དེ་འདྲའི་ཅི་འདྲའི་ལེ་ལོ་ཅན་ཞིག་ཡིན་པ་གསལ་སྟོན་བྱས་འདུག