༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་དགེ་སློབ་ ༢༠༠ ཙམ་ལ་བཀའ་སློབ་གནང་སྐབས་འགྲོ་བ་མིའི་རིགས་ཚང་མར་གཅེན་གཅུང་གི་འདུ་ཤེས་བཟུང་ནས་མཚོན་ཆའི་རིགས་བཀོལ་མཚམས་བཞག་ཏེ་འཛམ་གླིང་ཞི་བདེ་བསྐྲུན་ཐབས་བྱེད་དགོས་གསུངས་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩ ཙམ་ལ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་དུ། རྒྱ་གར་གྱི་གཞུང་ཁོངས་མིན་པའི་ཚོགས་པ་ M3M Foundation དང་། Confederation of Indian Industry. Mehrchand Mahajan charitable Trust བཅས་ཀྱི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་དགེ་སློབ་གྲངས ༢༠༠ ཙམ་ལ་མཇལ་ཁ་བཀའ་སློབ་བསྩལ་སོང་བ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། སྤྱིར་འགྲོ་བ་མིའི་རིགས་ཚང་མ་གཅེན་གཅུང་ལྟ་བུ་ཡིན་པ་རེད། བྱེ་བྲག་ཏུ་བོད་མི་དང་རྒྱ་གར་མི་མང་བར་ལ་དམིགས་བསལ་གྱི་འབྲེལ་བ་ཡོད་པ་རེད། བོད་ཀྱི་གནའ་བོའི་བསྟན་བཅོས་མང་པོ་ཞིག་རྒྱ་གར་གྱི་བསྟན་བཅོས་དང་འདྲ་བ་ལས། རྒྱ་ནག་གི་བསྟན་བཅོས་དང་གཏན་ནས་མི་མཚུངས། དུས་རབས་བདུན་པའི་དུས་སུ་བོད་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་དང་གཉེན་སྒྲིག་བྱས་ཡོད་པས། ཁོང་གིས་རྒྱ་ནག་གི་ཁ་ཟས་ལ་རོལ་མྱོང་བྱས་ཡོད་པ་ཐེ་ཚོམ་གཏན་ནས་མེད། ཁོང་གིས་བོད་མི་རྣམས་ལ་བོད་རང་གི་སྐད་དང་ཡི་གེ་དགོས་པ་ལས་རྒྱ་ནག་གི་སྐད་ཡིག་གིས་འཐུས་མི་ཉན་པར་དགོངས་ནས་བོད་ལ་ཡི་གེ་ཐོག་མ་བཟོས། དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སྐབས་དེར་དཔལ་ན་ལེནྜར་མཁས་པའི་གཙུག་རྒྱན་དུ་གྲགས་པའི་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་འདྲེན་ཞུས་ནས། ཁོང་གིས་བོད་ནང་དུ་ཆོས་ཕྱོགས་ཀྱི་མཛད་པ་མང་དག་ཅིག་བསྐྱངས་ཡོད་སྟབས། སྐབས་རེར་ངོས་རང་གིས་ཁ་མཚར་དང་སྦྲགས་ནས། གདོད་མའི་དུས་སུ་རྒྱ་གར་བ་རྣམས་དགེ་རྒན་དང་བོད་པ་རྣམས་སློབ་ཕྲུག་ཡིན་ཡང་། དེང་སྐབས་རྒྱ་གར་དེང་རབས་ལ་ཁ་ཕྱོགས་དྲགས་པས་བོད་མི་རྣམས་ལ་རྒྱ་གར་གདོད་མའི་ཤེས་རིག་གི་གོ་རྟོགས་ལེགས་པ་ཡོད་པ་འཆད་ཀྱིན་ཡོད། རྒྱ་གར་དེ་དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱིས་དབང་བསྒྱུར་ནས་ནུབ་ཕྱོགས་ཀྱི་སྐད་ཡིག་སོགས་ཀྱིས་དབང་བསྒྱུར་ཡོད་ཀྱང་། ང་ཚོས་ད་དུང་རྒྱ་གར་གྱི་གནའ་བོའི་རིིག་གཞུང་དེ་དག་སྲུང་སྐྱོབ་དང་ཉར་ཚགས་བྱས་ཡོད་པ་རེད། ཅེས་གསུངས་སོང་།
ཡང་མགོན་པོ་གང་ཉིད་ཀྱིས། བོད་མི་རྣམས་ཀྱིས་རྒྱ་གར་གནའ་བོའི་རིག་གཞུང་ཁྲོད་ཀྱི་བྱམས་བརྩེ་དང་ཞི་བའི་བསླབ་བྱ་དག་ཉར་ཚགས་བྱས་ཡོད་པ་རེད། བྱམས་སྙིང་རྗེ་སོགས་ཉམས་ལེན་བྱས་ཚེ། དེས་ནང་སེམས་ཀྱི་ཞི་བདེ་དང་རང་སེེམས་ལ་སྔར་མེད་ཀྱི་སྤོབས་སེམས་སྩལ་བ་མ་ཟད། དེས་ཁྱེད་ཀྱི་ཞལ་རས་འཛུམ་ཤིག་ཤིག་བྱེད་ངེས། ངོས་རང་གིས་བྱམས་སྙིང་རྗེ་སོགས་ཉམས་ལེན་བྱེད་ཀྱི་ཡོད་པས་ངོས་རང་གང་དུ་ཕྱིན་ཡང་རྟག་ཏུ་འཛུམ་མདངས་བསྟན་པ་ཡིན། ངོས་རང་གི་མི་ཚང་མ་འགྲོ་བ་མི་གཅིག་དང་གཅེན་གཅུང་ལྟ་བུ་ཞིག་མཐོང་གིན་ཡོད། ཅེས་དང་། འདས་པའི་མི་ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ངོས་རང་ལ་ནུབ་ཕྱོགས་ཀྱི་སློབ་གསོ་བ་མང་དག་ཅིག་དང་ཐུག་ཐུབ་རྒྱུའི་གོ་སྐབས་བྱུང་། ལྷག་པར་ཚན་རིག་པ་མང་པོ་ཞིག་དང་ཐུག་འཕྲད་བྱས་པ་ཡིན། ཚན་རིག་གིས་ཕྱི་དངོས་པོའི་ཆགས་ཚུལ་སོགས་ལ་རྟོག་ཞིབ་བྱས་པ་ལས། ནང་བསམ་བློའི་སྐོར་ལ་གོ་རྟོགས་ཅུང་ཞན་པོ་ཡིན་པས། དེང་ཀྱི་དུས་སུ་ནུབ་ཕྱོགས་དངོས་གཙོ་རིང་ལུགས་པའི་ཤེས་རིག་དང་རྒྱ་གར་གྱི་གནའ་བོའི་ནང་སེམས་ཀྱི་སྐོར་གྱི་ཤེས་རིག་གཉིས་ཀྱིས་ཞི་བདེ་བསྐྲུན་ཐུབ་ཀྱི་ཡོད་པས། ནུབ་ཕྱོགས་ཀྱི་ཚན་རིག་པ་མང་པོ་ཞིག་གིས་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་ཤེས་འདོད་ཆེན་པོ་བྱེད་ཀྱི་ཡོད། ཅེས་གསུངས་སོང་།
ཡང་༧གོང་ས་མཆོག་ནས། ངོས་རང་འཚོ་བཞིན་པའི་སྐབས་འདིར་འཛམ་གླིང་ཞི་བདེ་དང་། གོ་མཚོན་རིགས་མེད་པར་འགྱུར་བའི་རེ་བ་བྱེད་ཀྱི་ཡོད་པ་མ་ཟད། མི་རིགས་དབྱེ་འབྱེད་ཀྱི་བསམ་བློའི་འདུ་ཤེས་དེའང་མེད་པ་ཆགས་པའི་རེ་བ་ཡོད། ང་ཚོ་འགྲོ་བ་མིའི་རིགས་གཅིག་མཚུངས་ཡིན་པས། ང་ཚོས་གཅེན་གཅུང་གི་འདུ་ཤེས་གོང་མཐོར་གཏང་རྒྱུ་གལ་ཆེན་པོ་ཡིན་པ་ལས། ང་ཚོས་ཆོས་ལུགས་དང་རྒྱལ་ཁབ། ཁོང་ཚོའི་ཆོས་ལུགས་དང་རྒྱལ་ཁབ་ཅེས་པའི་བསམ་བློའི་འདུ་ཤེས་དང་། ཕན་ཚུན་བཙན་འཛུལ་ལམ་འཁྲུག་འཛིང་བྱེད་པའི་དུས་དེ་འདའ་བར་བྱ་དགོས། ཐབས་ལམ་དེ་འདྲ་ཞིག་གི་ཐོག་ནས་ང་ཚོས་དབྱེ་འབྱེད་སོགས་གང་ཡང་མེད་ཚེ་དོན་དམ་པའི་འཛམ་གླིང་ཞི་བདེ་བསྐྲུན་ཐུབ་པ་རེད། དེ་བས་ང་ཚོར་མཚོན་ཆའི་རིགས་གཏན་ནས་མེད་པར་མཉམ་གཅིག་ཏུ་འཚོ་སྡོད་བྱ་དགོས། ཆོས་ལུགས་ཁ་ལ་འཁྱེར་ནས་འཁྲུག་འཛིང་སོགས་བྱེད་པ་ནི་ཆེས་སྐྱོ་དགོས་པའི་གནད་དོན་ཞིག་ཡིན་པ་རེད། ཆོས་ལུགས་ཚང་མར་ལྟ་གྲུབ་མི་འདྲ་བ་རེ་ཡོད་ཀྱང་། ཚང་མས་གཅིག་མཚུངས་ཀྱིས་བྱམས་དང་སྙིང་རྗེ་གོང་མཐོར་གཏང་རྒྱུར་འཆད་ཀྱིན་ཡོད་པས། དེ་ནི་འགྲོ་བ་མིའི་རིགས་གཅིག་འགྱུར་གྱི་འདུ་ཤེས་ཀྱི་ཐོག་ནས་རྩོད་རྙོག་ཆུང་ཚགས་རིགས་འདུམ་སྒྲིག་བྱ་དགོས་པ་ལས། མཚོན་ཆའི་རིགས་གཏན་ནས་མི་མཁོ་བ་རེད། ཅེས་གསུངས་སོང་།
དེ་ནས་རྒྱ་གར་བུ་མོ་ཞིག་གིས་ང་ཚོའི་སེམས་སུ་རྣམ་རྟོག་དང་བསམ་བློ་འདྲ་མིན་མང་པོ་འཁོར་གྱི་ཡོད་པ་དེ་ཇི་ལྟར་བཀག་ནས་སེམས་སུ་ཞི་བདེ་སྐྲུན་དགོས་སམ་ཞེས་བཀའ་འདྲི་ཞུས་པར་༧གོང་ས་མཆོག་ནས། ང་ཚོའི་སེམས་སུ་འཆར་སྒོ་སྣ་ཚོགས་སྐྱེ་ཐུབ་པའི་ནུས་པ་ཡོད་པ་ཞིག་ཡིན། དེ་ཡང་ཕན་ཐོགས་ཀྱི་ཡོད་པ་ཞིག་རེད། ཡིན་ནའང་། ང་ཚོའི་སེམས་སུ་ངར་འཛིན་གྱི་ལྟ་བ་ཡོད་པས། ང་དང་ང་ཚོའི་བསམ་བློ་གཏོང་སྟངས་ཀྱིས་ནོར་འཁྲུལ་ཤོར་གྱི་ཡོད་པ་རེད། རྒྱ་གར་ནང་དུ་ལྟ་གྲུབ་འདྲ་མིན་འཛིན་མཁན་གྱི་མཁས་དབང་མང་པོ་ཡོད། མཚམས་མཚམས་སུ་རྩོད་པ་ཅུང་ཙམ་བྱུང་གི་ཡོད་པ་མ་གཏོགས། ཚང་མ་འཆམ་མཐུན་ངང་རྒྱལ་ཁབ་འདི་རུ་འཚོ་སྡོད་བྱེད་བཞིན་ཡོད་པ་རེད། དེར་བརྟེན། ང་ཚོས་ལྟ་གྲུབ་འདྲ་མིན་ལ་སློབ་སྦྱོང་བྱེད་དགོས། བསམ་བློ་གཏོང་སྟངས་ཐད་ནས་གུ་ཡངས་པོ་བྱས་ནས་ང་ཚོ་ཚང་མ་འགྲོ་བ་མི་གཅིག་པ་ཡིན་པའི་འདུ་ཤེས་འཛིན་སྟངས་ཀྱི་ཐོག་ནས་མཉམ་དུ་འཚོ་སྡོད་བྱེད་དགོས་པ་རེད། ཅེས་གསུངས་སོང་།
མཛད་འཆར་ལྟར་ན། ཕྱི་ཟླ་ ༣ ཚེས་ ༧ ཏེ་བོད་ཟླ་ ༡ ཚེས་ ༡༥ ཆོ་འཕྲུལ་དུས་ཆེན་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༠༠ ཡས་མས་ཐོག་༸གོང་ས་རྒྱལ་བ་མཆོག་གིས་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་དང་། ཕྱི་ཚེས་ ༨ དང་ ༩ ཉིན་སོག་པོའི་ཨ་ལན་པཱ་ཐར་གྱི་(Ulaanbaatar)གྱི་དགའ་ལྡན་ཐེག་ཆེན་གླིང་དགོན་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བདེ་མཆོག་ནག་པོ་བའི་བཀའ་དབང་བཀའ་དྲིན་བསྩལ་རྒྱུ་ཡིན་འདུག
གསར་འགོད་པ། བྱམས་པ་ཚེ་རིང་།