བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་སྐབས་བོད་དོན་གླེང་སློང་ཤུགས་ཆེན་བྱེད་རྒྱུ་དང་བོད་ནང་དུ་གཏན་འཇགས་རྒྱ་བསྒྱུར་སློབ་གསོ་དང་རིགས་རྫས་བསྡུ་ལེན་མྱུར་དུ་མཚམས་འཇོག་དགོས་པ་སོགས་ཀྱི་དགོས་འདུན་བཏོན་ཏེ་ཟླ་གཅིག་ཙམ་རིང་གོམ་བགྲོད་ལས་འགུལ་སྤེལ་གྱི་འདུག
དེ་རིང་ཕྱི་ཚེས་ ༢༩ ནས་ཟླ་བ་གཅིག་ཙམ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ ༢༠ ཚོགས་ཆེན་ལ་དམིགས་ཏེ་རྒྱ་གར་བྱང་ཤར་ཁུལ་གྱི་འབྲས་ལྗོངས་སྒང་ཏོག་ནས་ཨ་སམ་མངའ་སྡེའི་ཏེ་ཛ་པུར་བར་གཞི་རྒྱ་ཆེ་བའི་བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ལས་འགུལ་ཞིག་མགོ་འཛུགས་གནང་འདུག དེ་རིང་ལས་འགུལ་སྒོ་འབྱེད་ཀྱི་མཛད་སྒོའི་ཐོག་འབྲས་ལྗོངས་མངའ་སྡེའི་ནགས་ཚལ་བློན་ཆེན་ཀརྨ་བློ་གྲོས་བྷོ་ཌི་ཡ་ལགས་དང་། ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་སྦྱིན་པ་ལགས། ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་པད་མ་དབང་གྲགས་ལགས་བཅས་ཚོགས་པ་ཁག་གི་སྐུ་ཚབ་དང་། ས་གནས་བཅུ་བདུན་ནས་ཕེབས་པའི་དྭང་བླངས་ལས་འགུལ་བ་ ༨༠ ལྷག་འཛོམས་ཡོད་འདུག
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། དེ་རིང་ནི་བོད་ཀྱི་བསྟན་སྲིད་དོན་དུ་ཆེས་ཐོག་མར་སྐུ་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་སྐུ་གཤེགས་པའི་ཉིན་མོ་ཆགས་ཡོད། དེ་རིང་ནས་བརྩིས་པའི་ལོ་༢༥ ཡི་གོང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་རྒྱལ་ས་ལྡི་ལིའི་ཅིན་རྡིར་མན་རྡིར་རུ། བོད་དོན་འཐབ་རྩོད་ཀྱི་ཟས་བཅད་ངོ་རྒོལ་ལས་འགུལ་ཞིག་སྤེལ་པ་རེད། དེ་དུས་བོད་ནང་གི་ཛ་དྲག་གི་གནས་སྟངས་རྒྱལ་སྤྱིའི་ཐོག་ཇི་ལྟར་སྤེལ་སྟངས་དང་། བདེན་པའི་འཐབ་རྩོད་ལ་ཕྱི་རྒྱལ་གྱི་རྒྱབ་སྐྱོར་ཇི་ལྟར་འཚོལ་དགོས་མིན་ཐད་བཙན་བྱོལ་བ་ཚོས་ཧུར་ཐག་བྱེད་བཞིན་པའི་སྐབས་སུ། དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་སེམས་ཀྱིས་མ་བཟོད་པར་སྐུ་ལུས་མེར་བསྲེགས་ཡོད་པས། ཁོང་དགོངས་པ་རྫོགས་པའི་ཡིད་སྐྱོ་བའི་གནས་སྟངས་ཤིག་བྱུང་ཡང་། བོད་དོན་འཐབ་རྩོད་མུ་མཐུད་ནས་འགྲོ་བཞིན་ཡོད་ལ། དཔའ་བོ་ཁོང་གི་ཉིན་མོ་དང་བསྟུན་ནས་གོམ་བགྲོད་ལས་འགུལ་འདི་སྤེལ་བ་ཞིག་ཆགས་ཡོད། ཅེས་དང་།
ཡང་ཁོང་གིས། ད་རེས་ཀྱི་གོམ་བགྲོད་འདི་ནི་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ནས་མགོ་བརྩམས་ཏེ་རྒྱ་གར་གྱི་མངའ་སྡེ་གསུམ་དང་གྲོང་ཁྱེར་གྲོང་སྡེ་མང་པོ་བརྒྱུད་ནས་ཨ་སམ་ཏེ་ཛ་པུར་དུ་མཚམས་འཇོག་ཞུ་རྒྱུ་ཡིན། ཏེ་ཛུ་པུར་མཚམས་འཇོག་བྱེད་ས་འདེམས་དགོས་དོན་ཡང་། ཕྱི་ལོ་ ༡༩༥༡ ཟླ་ ༥ ཚེས་ ༢༣ ཉིན་རྒྱ་ནག་གཞུང་གིས་ཉམ་ཆུང་བོད་མི་རྣམས་ལ་མི་འདོད་བཞིན་དུ་ཆིངས་ཡིག་དོན་ཚན་བཅུ་བདུན་བཙན་འོག་ཏུ་འཇོག་བཅུག་པ་རེད། ཕྱི་ལོ་༡༩༥༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་རྗེས། ཏེ་ཛུ་པུར་དུ་རྒྱལ་སྤྱིའི་གསར་འགོད་གསལ་བསྒྲགས་ཐོག་མར་བསྐྱངས་པ་རེད། དེའི་སྐབས་སུ་ཆིངས་ཡིག་དོན་ཚན་བཅུ་བདུན་ནུས་མེད་དང་བརྩིས་མེད་བཏང་པ་གསལ་བསྒྲགས་གནང་ཡོད་པས། ལོ་རྒྱུས་རང་བཞིན་ཅན་གྱི་ས་ཁུལ་དེར་ཐེངས་འདིའི་གོམ་བགྲོད་མཚམས་འཇོག་བྱེད་ཀྱི་ཡོད། ཅེས་བརྗོད་འདུག
ཐེངས་འདིའི་ལས་འགུལ་གྱི་དགོས་འདུན་དོན་ཚན་གསུམ་གྱི་ནང་དུ། རྒྱ་གར་རྒྱལ་ས་ལྡི་ལི་རུ་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ ༢༠ ཡི་ཚོགས་འདུ་འཚོག་འཆར་ཡོད་པས། འཛམ་གླིང་རྒྱལ་ཁབ་ཚང་མས་བོད་དོན་སྣང་མེད་དུ་མ་བཏང་པར་གླེང་སློང་བྱེད་དགོས་པའི་འབོད་སྐུལ་དང་། རྒྱ་གཞུང་གིས་གཏན་འཇགས་སློབ་གྲྭ་དང་རིགས་རྫས་DNA བསྡུ་ལེན་མྱུར་དུ་མཚམས་འཇོག་བྱེད་དགོས་པ། རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་བྱེད་པའི་འབོད་སྐུལ་ཞུ་ཡི་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་།