བོད་བསང་ཆུ་རྫོང་ཁུལ་དུ་ཆུ་ལོག་བརྒྱུགས་ཏེ་མི་ལྔ་རྐྱེན་འདས་དང་མི་ ༢༠ ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་དང་དུད་ཁྱིམ་ ༧༦ གནས་སྐབས་རིང་ས་གནས་གཞན་དུ་གནས་སྤོ་དགོས་བྱུང་ཡོད་འདུག
ཉེ་ལམ་ནས་བོད་ཀྱི་ཤར་ཕྱོགས་ས་ཁུལ་མང་པོར་ཆར་རླུང་དྲག་པོ་གཡུགས་ཡོད་ཅིང་། ཕྱི་ཚེས་ ༡༠ ཉིན་གྱི་མཚན་མོར་དམིགས་བསལ་རྒྱ་ནག་གཞུང་གིས་བཅད་བགོ་བྱས་པའི་བོད་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཟེར་བའི་བསང་ཆུ་རྫོང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འཁྲིས་གྲོང་སྡེ་ཁག་དང་བསང་ཁོག་དང་རྒན་གྱ། ཨ་མཆོག་དང་འབོ་ར། སྒྱིས་ཚང་དང་དམེ་ཤུལ། རྒྱ་སྒར་ཐང་། གཙོས་ཁོག་སོགས་ཀྱི་ས་ཁུལ་མང་པོར་ས་རུད་དང་ཆུ་ལོག་ཤུགས་ཆེན་བརྒྱུགས་ཏེ། བོད་མི་ ༥ འདས་གྲོངས་དང་མི་ ༢༠ ཙམ་ལ་རྨས་སྐྱོན་བཟོས་ཡོད་པ་མ་ཟད། སྒོ་ཟོག་སེམས་ཅན་ཟོག་ལུག་མང་པོ་ཆུ་ལོག་གིས་འཁྱེར་ཞིང་། བོད་མིའི་སྡོད་ཁྱིམ་དང་ལྷས་ར་རམ་ཟོག་ར། རྩ་ས། འགྲོ་ལམ་དང་ཟམ་པ་སོགས་ལ་གཏོར་སྐྱོན་ཐེབས་ཡོད་པ་བོད་མི་ཞིག་གིས་འདི་གར་འགྲེལ་བརྗོད་གནང་བྱུང་།
གནས་ཚུལ་མཁོ་སྤྲོད་པས། ཀན་ལྷོ་ཁུལ་གྱི་གནམ་གཤིས་རྒྱང་སྒྲོག་ཚན་པས། ཀན་ལྷོའི་ཕྱོགས་བཞི་མཚམས་བརྒྱད་དུ་གནས་པའི་རོང་འབྲོག་མང་ཚོགས་ལ་གནམ་གཤིས་འགྱུར་ལྡོག་གི་ཛ་དྲག་གསལ་བརྡ་བཏང་བ་ལྟར། དགོང་ཁར་ཡིད་གཟབ་བྱས་ནས་གཉིད་ཁུག་ཐབས་བྱས་ཀྱང་། འབྲུག་སྒྲ་གྲགས་ནས་ཆར་བ་སྐྲག་བྱེད་བབས་པས་གཉིད་ཉལ་མ་ཐུབ་ཐལ། ཕྱི་ཉིན་ཡར་ལངས་དུས། ངེད་ཚོ་ཟམ་འགྲམ་ན་ཟོག་ལུག་མང་པོ་ཤི་བ་མཐོང་རྒྱུ་འདུག དེ་དག་སྡེ་བ་གཞན་ནས་ཆུས་འཁྱེར་ནས་ཡོང་བ་རེད་འདུག སྡེ་བ་དང་ལུང་པ་མང་པོའི་སྒོ་ཟོག་སེམས་ཅན་ཙམ་མ་ཟད། མི་ལའང་གནོད་འཚེ་བྱུང་བ་མང་པོ་འདུག ཅེས་བརྗོད་བྱུང་བ་མ་ཟད། ས་གནས་ས་ཁུལ་གྱི་དགོན་པའི་དགེ་འདུན་པ་དང་སློབ་གྲྭ་བ། དེ་བཞིན། མི་མང་བཅས་ཀྱིས་ངལ་སེལ་དང་རོགས་སྐྱོར་གྱི་ལས་གཞི་སྤེལ་ཡོད་འདུག
ཡང་མགོ་ལོག་དར་ལག་རྫོང་ཁོངས་སུ་ཆུ་ལོག་གི་གནོད་སྐྱོན་བྱུང་སྟེ། འབྲོག་ཁུལ་གྱི་ཟོག་ར་དང་ཁང་ཁྱིམ། ལམ་ཁ་སོགས་ལ་གཏོར་སྐྱོན་བྱུང་ཡོད་ཀྱང་། མིར་གནོད་འཚེ་ཐེབས་པའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མི་འདུག འོན་ཀྱང་། ང་ཚོས་མུ་མཐུད་གནས་ཚུལ་ལ་རྗེས་འདེད་གཏོང་བཞིན་པ་ཡིན་ལ། ཡང་སི་ཁྲོན་ཞིང་ཆེན་ནང་དྲག་ཆར་གྱིས་མི་གྲངས་འབུམ་ ༤ ལྷག་ལ་རིམ་པ་མི་འདྲ་བའི་གནོད་སྐྱོན་ཐེབས་ཡོད་པ་རེད།
རྒྱ་ནག་གཞུང་འབྲེལ་གྱི་དྲ་ལམ་གནས་ཚུལ་ལྟར་ན། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཁོངས་ཀྱི་མར་ཐང་གྲོང་རྡལ་ཤིང་ཆེན་ནང་གྲོང་ཚོར་ཆུ་རུད་གནོད་འཚེ་བྱུང་སྟེ། མདང་དགོང་ཆུ་ཚོད་ ༡༠ བར་དུ་མི་ ༢ རྐྱེན་འདས་དང་མི་ ༢ གར་སོང་ཆ་མེད། མི་ ༧ རྨས་སྐྱོན་ཕོག་ཡོད་པ་དང་། ད་ལན་གྱི་ཆུ་རུད་ཁྲོད་གནོད་འཚེ་ཐེབས་པའི་དུད་ཚང་ ༧༦ གི་མི་གྲངས་ ༣༣༦ གནས་སྤོས་ཏེ་མྱུར་སྐྱོབ་བྱེད་མུས་ཡིན་སྐོར་བསྒྲགས་འདུག་པ་ལས། ས་ཁུལ་གཞན་མང་པོ་ཞིག་ལ་གནོད་འཚེ་ཐེབས་པའི་སྐོར་གང་ཡང་གླེང་སློང་བྱས་མི་འདུག
སྤྱིར་དབྱར་དུས་སུ་འཛམ་གླིང་རྒྱལ་ཁབ་མང་པོར་ཆར་ཆུའི་གནོད་སྐྱོན་ཐེབས་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༥ ཉིན་རྒྱ་ནག་ཤིན་ཧྭ་གསར་ཁང་གིས་གནས་སྤེལ་བ་ལྟར་ན། རྒྱ་ནག་བྱང་ཤར་ཁུལ་གྱི་ཁྲུང་ཆིན་དང་ཧུའུ་ནན། ཧྲན་ཤི། ཁྲི་སོན་སོགས་སུ་ཆུ་ལོག་དང་ས་རུད་ཀྱི་གནོད་འཚེ་ཐེབས་ཀྱི་ཡོད་འདུག དཔེར་ན། ཁྲུང་ཆིན་ལྟ་བུར་ཟླ་འདིའི་ཕྱི་ཚེས་ ༣ དང་ ༤ ཉིན་ཉུང་མཐར་མི་གྲངས་ ༡༥ རྐྱེན་འདས་དང་། མི་ཁྲི་ ༣ ལྷག་གི་འཚོ་གནས་ལ་གནོད་འཚེ་ཐེབས་ཏེ་ཉེན་ཡོལ་དུ་འགྲོ་དགོས་བྱུང་ཡོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།