༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཛམ་གླིང་གི་མི་ཚང་མ་བདེ་སྐྱིད་འདོད་མཁན་ཤ་སྟག་ཡིན་པས་ཡ་རབས་སྤྱོད་བཟང་དང་ཆོས་ལུགས་དང་མ་འབྲེལ་བའི་ཐོག་ནས་ལས་ཀར་ཤུགས་རྒྱག་དགོས་སྐོར་གསུངས་སོང་།
དེ་རིང་སྔ་དྲོར་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྷ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཟུར་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་སྐབས། བོད་ཀྱི་ནང་བསྟན་ནི་དཔལ་ནལེནྡྲ་ནས་བརྒྱུད་ཡོང་བའི་ནང་དོན་རིག་པ་ཡིན་པ་དང་། དེ་ཡང་རིག་པ་དང་ལྡན་པའི་ཐོག་འགྲོ་བཞིན་ཡོད་ཅིང་། དེང་སང་འཛམ་བུ་གླིང་ནང་སྔོན་མ་ནང་ཆོས་ལ་དོ་སྣང་མེད་མཁན་ཚོས་གཞི་ནས་དོ་སྣང་གསར་པ་ཞིག་བྱེད་བཞིན་འདུག སྐྱེ་བ་སྔ་ཕྱི་སོགས་ཀྱི་སྐོར་གཏིང་ཟབ་པོ་ཡོད་ཀྱང་། སེམས་འཁྲུག་ཡོད་པར་འཕྲད་དུ་སེམས་ལྷོད་ལྷོད་བྱས་ཏེ་སེམས་ཀྱི་ཞི་བདེ་བསྐྲུན་པར་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོད། ངོས་རང་ལ་ཆ་བཞག་ན། བོད་ནང་དུ་སློབ་སྦྱོང་བྱས་ཡོད་པ་དང་། གཞུང་ཆེན་ནང་དུ་གསུངས་ཡོད་པ་དེ་དག་ལ་ཉམས་ལེན་བྱེད་ཀྱི་ཡོད་ཅིང་། སེམས་ལ་ཕན་ཐོགས་ཡོང་བསྡད་ཀྱི་འདུག ཆོས་གྲོགས་ཚོས་ཀྱང་གཞུང་ཆེན་ནང་དུ་གསུངས་ཡོད་པ་དེ་དག་སོ་སོའི་སེམས་བསྐྱེད་ལ་སྦྱར་ཏེ། ཉམས་ལེན་ཅི་ཙམ་བྱེད་ཐུབ་ཚེ། སོ་སོའི་སེམས་ལ་ཞི་བདེ་ཡོང་ཐུབ་པ་དང་། ངོ་ཤེས་པ་ཚོར་སེམས་ཀྱི་ཞི་བདེ་ཇི་ལྟར་འགྲུབ་ཐུབ་པའི་མིག་དཔེ་ཡག་པོ་ཞིག་འདུག ངོས་རང་ལ་ཆ་བཞག་ན་ཉིན་རེ་བཞིན་ཞོགས་པ་ཡར་ལངས་པ་དང་མཉམ་དུ། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཟབ་གཟབ་བྱས་ཏེ་གཏོང་བཞིན་ཡོད། དེས་སེམས་ཀྱི་ཞི་བདེ་ལ་ཁྱད་པར་ཏན་ཏན་འདུག སེམས་ཀྱི་ཞི་བདེ་ལ་བརྟེན་ནས་ལུས་ཀྱི་འཕྲོད་བསྟེན་ལའང་ཕན་ཐོགས་ཡོང་བསྡད་པ་ཞིག་རེད། སེམས་འཁྲུག་པ་དེ་འདྲ་ཡོང་གི་མི་འདུག རྒྱ་མི་གུང་ཁྲན་གྱིས་བོད་ལ་ཧ་ཅང་གནག་པོ་བྱས་ཡོད་ཀྱང་། དེར་དམིགས་བསལ་གྱི་སྙིང་རྗེ་སྒོམ་པ་དང་གཏོང་ལེན་སྒོམ་པ་མ་གཏོགས། སེམས་ནས་ཁོང་ཁྲོ་ལངས་པ་དང་། མི་འདོད་པ་སྐྱེ་བ་དེ་འདྲ་ཡོང་གི་མི་འདུག དངོས་གནས་བརྩེ་སེམས་བྱེད་ཀྱི་ཡོད། སྤྱོད་འཇུག་ལས། ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་ཇི་སྲིད་གནས་གྱུར་པ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག། ཅེས་པ་བཞིན། ངོས་རང་གིས་སྨོན་ལམ་དེ་ལྟར་རྒྱག་བཞིན་ཡོད། ནམ་མཁའ་མ་གསལ་བར་དུ་སེམས་ཐག་བཅད་དེ་གཞན་དོན་བསྒྲུབ་བཞིན་ཡོད། ཁྱེད་ཚོས་ཀྱང་དགོངས་པ་བཞེས་ཤོག དེའི་བོད་ཀྱི་ཆོས་དང་རིག་གཞུང་གང་འདྲ་ཡིན་པ་མཚོན་ཐུབ་པ་རེད། ཅེས་གསུངས་སོང་།
ཡང་མགོན་པོ་གང་ཉིད་ཀྱིས། བསྟན་པ་རིན་ཆེན་མཆོག་གི་མ་ཁྱབ་པའམ། ། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །དེང་སང་སངས་རྒྱས་ཀྱི་བསྟན་པ་མ་དར་སའང་དོ་སྣང་གསར་པ་ཞིག་སླེབས་ཀྱི་འདུག ངོས་རང་གིས་དཀྲོག་དཀྲོག་བྱས་ཏེ་བཤད་པ་མིན་ཡང་། འཛམ་བུ་གླིང་གི་ཆོས་དད་མེད་མཁན་མང་པོས་ཏཱ་ལའི་བླ་མ་ཟེར་དུས་སེམས་ཀྱི་ཞི་བདེ་ལ་དོ་སྣང་བྱེད་བཞིན་ཡོད། ངོས་ཀྱི་ཡོངས་འཛིན་རྣམ་པ་ཚོ་དང་། ལྷག་པར་དུ་གླིང་རིན་པོ་ཆེ་མཆོག་ནས་ངོས་རང་ཆུང་དུས་ཉིན་རེ་བཞིན་དཔེ་ཆ་འཁྲིད་པ་རེད། ག་ལེར་ངོས་ཀྱིས་ཉིན་རེ་བཞིན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གལ་ཆེན་དུ་བརྩིས་ཏེ་སྒོམ་བཞིན་ཡོད། དེས་ཕན་ཐོགས་དང་ནུས་པ་ཆེན་པོ་འདུག ཆོས་གྲོགས་ཚོས་ཀྱང་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་གཟབ་གཟབ་བྱས་ཏེ་སྒོམས། གཞུང་ཆེན་དང་སྦྱར་ཏེ་སྒོམ་པ་ཡིན་ན་ནུས་པ་ཆེན་པོ་ཡོད། ལམ་རིམ་སོགས་ཧ་ཅང་ཡག་པོ་ཡོད་ཀྱང་། བླ་མའི་གསུང་རྒྱུན་བཞིན་ཡོང་བསྡད་ཡོད། གཞུང་ཆེན་དེ་དག་རིགས་པའི་ལམ་ནས་གཏན་ལ་ཕབ་ཡོད་པས་གལ་ཆེན་པོ་རེད། བོད་ཀྱི་སངས་རྒྱས་བའི་ཆོས་དེ་འཛམ་གླིང་གི་ཆོས་དད་མེད་མཁན་ཞིག་ཡིན་ཡང་། སེམས་ཁམས་རིག་པའི་ཐོག་ནས་ཞི་བདེ་གང་འདྲ་བསྐྲུན་དགོས་པ་དང་། དེ་ལ་བརྟེན་ནས་འཛམ་གླིང་གི་ཆོས་ལུགས་ཚང་མ་མཐུན་པོ་དང་། ཕན་ཚུན་བརྩི་བཀུར་བྱེད་དགོས། ད་ལྟ་ཁ་ཚ་དགོས་གཏུགས་ཆགས་ཡོད་པ་དེ་རྒྱ་ནག་རེད། དེང་སང་རྒྱ་ནག་ནང་དུ་ཏཱ་ལའི་བླ་མའི་རྗེས་འབྲངས་དང་ནང་ཆོས་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས། ཆོས་གྲོགས་ཚོས་དེ་དག་སེམས་སུ་བཞག་ཏེ་ཤུགས་རྒྱག་རོགས། ང་ཚོའི་མི་རབས་འདིར་དཀའ་ངལ་མང་པོ་འཕྲད་ཡོད་ཀྱང་། རྐྱེན་ངན་གྲོགས་སུ་འགྱུར་ཐུབ་པའི་ཐོག་ནས་ནལེནྡྲའི་མཁན་ཆེན་ཞི་བ་འཚོ་སོགས་ཀྱི་གསུང་དག་གིས་འཛམ་གླིང་ལ་ཕན་ཐོགས་གང་འདྲ་འབྱུང་བཞིན་ཡོད་པ་དེ་སེམས་ལ་ཡག་པོ་བཅངས། ལྷ་མིའི་ལུང་བསྟན་ལྟར་ན་ངོས་རང་གི་དགུང་གྲངས་བརྒྱ་དང་བཅུ་ལྷག་བསྡད་པའི་མཚན་མ་ཡོང་གི་འདུག རྒྱལ་བ་རིན་པོ་ཆེས་མགོ་འཁྲིད་པའི་འོག་ཏུ་སེམས་ཤུགས་བསྐྱེད་དེ་ཚང་མས་ཕྱོགས་ཡོངས་ཀྱི་གནས་ཚུལ་སེམས་སུ་འཁོར་དགོས་པ་དང་། ཆོས་ཡོད་མེད་གང་ཡིན་རུང་བདེ་སྐྱིད་འདོད་མཁན་ཤ་སྟག་ཡིན་པས། ཡ་རབས་སྤྱོད་བཟང་དང་། ཆོས་དང་མ་འབྲེལ་བའི་ཐོག་ནས་ཚང་མས་ཤུགས་བརྒྱབ་ཤོག ཞེས་གསུངས་སོང་།
གསར་འགོད་པ། བྱམས་པ་ཚེ་རིང་།
རྩོམ་སྒྲིག་པ། པདྨ་མཚོ།