༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ཟུར་བ་ཞིག་སྐུ་གྲོངས་བར་ཐུགས་གསོ་མཛད།
དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཅེཀ་(Czech)སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ཟུར་བ་སྐུ་ཞབས་ཀ་རེལ་(Karel Schwarzenberg) ལགས་འདས་གྲོངས་སུ་ཕྱིན་པར་འདས་པོ་ཁོང་གི་སྐུ་ཟླ་ཐི་རེ་སི་ (Therese Schwarzenberg) ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ།
༧མགོན་པོ་གང་ཉིད་མཆོག་གི་ཐུགས་གསོའི་གསུང་འཕྲིན་ནང་། སྐུ་ཞབས་ཀ་རེལ་ལགས་ཀྱིས་རང་ཉིད་ཀྱི་རྒྱལ་ཁབ་ལ་སྲི་ཞུ་ཞུས་ཏེ་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་ཡོད། སྲིད་འཛིན་ཧ་ཝལ་(Vaclav Havel) ལགས་སྐབས་སུ་སྐུ་ཞབས་ཀ་རེལ་ལགས་སྲིད་འཛིན་ལས་ཁུངས་ཀྱི་འགན་འཛིན་ཡིན་དུས་དང་། ཕྱིས་སུ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ཡིན་དུས་ངོས་ནས་ཁོང་དང་ངོ་ཤེས་བཟོ་བའི་དུས་སྐལ་བྱུང་། ཁོང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཕྱི་སྲིད་བློན་ཆེན་ཡིན་དུས། ཐེངས་གཅིག་ཁོང་དང་ངོས་གཉིས་ཁོང་གི་གནམ་གྲུའི་ནང་རྒྱལ་ས་པི་རག་ (Prague) ནས་སྦེལ་འཇམ་གྱི་རྒྱལ་ས་བྷི་རོ་སལ་བར་ལྷན་དུ་འཕུར་བ་ཡིན། ངོས་ནས་ཁོང་གི་གནང་སྟངས་ལ་ཡི་རངས་བྱས་པ་ཡིན།
ངོས་ཀྱིས་སྐུ་ཞབས་ཀ་རེལ་ལགས་ནི་མཐུན་གྲོགས་ཤིག་ལ་བརྩི་ཡི་ཡོད་པ་མ་ཟད། ཁོང་གི་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་དང་གྲོགས་པོའི་བརྩེ་འདང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག
སྐུ་ཞབས་ཀ་རེལ་ལགས་ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་དགུང་གྲངས་ ༨༥ སྟེང་འདས་གྲོངས་སུ་ཕྱིན་ཡོད་ཅིང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གཙོ་བྱས་པའི་གནད་ཡོད་མི་སྣ་མང་པོས་ཁོང་གི་བྱས་རྗེས་ལ་རྗེས་དྲན་དང་འབྲེལ་ནས་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོ་གནང་ཡོད་འདུག
ཕྱི་ལོ་ ༡༩༨༩ ལོར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ལ་རང་དབང་ཐོབ་པ་དང་། སྐུ་ཞབས་ཀ་རེལ་ལགས་ཀྱིས་སྲིད་འཛིན་ལས་ཁུངས་ཀྱི་མགོ་འཁྲིད་མི་སྣའི་ཕྱག་ལས་དང་སྔ་གཞུག་ཏུ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་སྐབས་གཉིས་རིང་གནང་ནས་སྲི་ཞུའི་བྱས་རྗེས་མི་ཉུང་བ་ཞིག་བཞག་ཡོད་པ་ཡོངས་གྲགས་ཀྱིས་ངོས་འཛིན་བྱེད་བཞིན་འདུག