རྒྱ་ནག་གི་སྲིད་བློན་ལི་ཆང་ཟེར་བ་སུད་སི་ནང་འབྱོར་བར་ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་འདུག
ཁ་སང་ཕྱི་ཚེས་ ༡༥ ནས་ཉིན་བཞིའི་རིང་རྒྱ་ནག་གི་སྲིད་བློན་ལེ་ཆང་ (Li Qiang) ཟེར་བ་གཞུང་འབྲེལ་ཚོང་དོན་ཆེད་ཡུ་རོབ་རྒྱལ་ཁབ་སུད་སི་ནང་འབྱོར་བ་དང་བསྟུན། ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱིས། གཞོན་སྐྱེས་བཅུ་གྲངས་ལྷག་གིས་བོད་ལ་རང་དབང་དགོས། བོད་ནང་གི་བོད་མི་དམར་གསོད་གཏོང་མཚམས་འཇོག་དགོས། ཧོང་ཀོང་དང་ཡུ་གུར་ལ་རང་དབང་སྤྲོད་དགོས་པ་སོགས་ཀྱི་འབོད་ཚིག་འོག སུད་སིའི་གྲོང་ཁྱེར་བྷན་ནང་རྒྱའི་སྲིད་བློན་ལི་ཆང་ཟེར་བ་སི་སུད་ནང་ཡོང་བར་ངོས་ལེན་མེད་པའི་ངོ་རྒོལ་ལས་འགུལ་སྤེལ་འདུག
ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་དྲ་ཐོག་ཏུ་སྤེལ་བའི་བརྙན་ཐུང་ཞིག་གི་ནང་། སུད་སིའི་ཉེན་རྟོག་པས་ལས་འགུལ་སྤེལ་ཡུལ་ནས་བོད་རིགས་གཞོན་སྐྱེས་ཁག་ཅིག་བཙན་གྱིས་འཁྲིད་ནས་འགྲོ་བཞིན་པ་མཐོང་རྒྱུ་འདུག་མོད། གསར་འགོད་པས་འབྲེལ་ཡོད་ཁག་ཅིག་ལ་བཀའ་འདྲི་ཞུས་ཡིན་ཏེ། ད་ལྟ་བོད་མི་ལས་འགུལ་བ་དག་གི་གནས་སྟངས་དངོས་གང་འདྲ་ཆགས་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མི་འདུག
ཡུ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱིས་སྤེལ་བའི་བསྒྲགས་གཏམ་ནང་། རྒྱ་ནག་དང་སུད་སི་གཉིས་བར་ཚོང་འབྲེལ་གྲོས་ཆོད་བཞག་སྟེ་ལོ་ངོ་ ༡༠ འགོར་ཡོད་ཀྱང་། སུད་སི་གཞུང་གིས་ད་དུང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་ཆོད་དེའི་ནང་འཇོག་ཐུབ་མེད་པས། སུད་སི་གནའ་འབྲེལ་མཐུན་ཚོགས་ཀྱིས་དྲིལ་བསྒྲགས་བྱེད་བཞིན་པའི་བཟང་ཕྱོགས་ཀྱི་ཚོང་འབྲེལ་ཟེར་བར་ངོས་ལེན་རྩ་བ་ནས་བྱེད་ཐབས་མེད་པ་དང་། དོན་དངོས་ཐོག་འདས་པའི་ལོ་ངོ་ ༡༠ རིང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྔར་ལྷག་གིས་ཇེ་སྡུག་ཏུ་ཕྱིན་ཡོད། ཅེས་བརྗོད་འདུག
ཐེངས་འདིར་བོད་རིགས་གཞོན་སྐྱེས་ལས་འགུལ་བ་དག་གིས། སུད་སི་གཞུང་གིས་རྒྱ་ནག་ལྷན་དུ་ཚོང་འབྲེལ་གྲོས་ཆོད་བཞག་པ་དང་བསྟུན། བོད་མི་དང་ཡུ་གུར་བ། རྒྱ་ནག་གི་དབང་སྒྱུར་འོག་གནས་པའི་གྲངས་ཉུང་མི་རིགས་ཚང་མའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གྲོས་ཆོད་དེའི་ནང་འགོད་དགོས་པའི་འབོད་སྐུལ་ཞུས་པ་དང་བསྟུན། སུད་སི་གཞུང་གིས་དམིགས་ཡུལ་གསལ་པོ་བཟོ་རོགས། དམ་བཅའ་རྫུན་མ་མ་འཇོག་རོགས་ཞེས་འབོད་ཚིག་ཅིག་ཀྱང་བསྐུར་འདུག་པ་མ་ཟད། ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱིས་རྒྱ་ནག་གི་དཔོན་རིགས་ཚང་མ་སུད་སི་ནང་ཡོང་བར་ངོས་ལེན་མེད་པའི་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་ཡིན་པ་གསལ་འདོན་བྱས་འདུག
སུད་སི་དང་རྒྱ་ནག་བར་ཚོང་འབྲེལ་གྲོས་ཆོད་བཞག་སྟེ་ལོ་བཅུ་འགོར་ཡོད་པ་དང་། ད་རེས་ལི་ཆང་ཟེར་བ་སུད་སི་ནང་ཡོང་སྟེ། སུད་སིའི་སྲིད་འཛིན་ཝའོ་ལཱ་(Viola Amherd) དང་ཐུག་འཕྲད་ཀྱིས། རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་གྲོས་ཆོད་རྒྱུན་སྐྱོང་བྱས་ཏེ་ཚོང་འབྲེལ་རྒྱ་སྐྱེད་ལ་དམིགས་ཡོད་སྐོར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།