འཇར་མན་གྲོས་ཚོགས་ཀྱི་འཐུས་མི་ཨན་ནཱ་ཨེ་ལི་ཛཱ་བྷེ་ཊ་ལགས་ཀྱི་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པར་མཇལ་འཕྲད་གནང་འདུག
ཁ་སང་ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཇར་མན་གྲོས་ཚོགས་འཐུས་མི་ཨན་ནཱ་ཨེ་ལི་ཛ་བྷེ་ཊ་ཝོན་ཁྲེ་ཨིན་ཧྥེ་ཛཱ་ཧྥི་རོ་ཝིན་ (Anna- Elisabeth von Treuenfels-Frowein) ལགས་དང་ཁོང་མོའི་སྐུ་ཟླ། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་ཡོད་པའི་འཇར་མན་གྱི་རོགས་ཚོགས་ (Friedrich Nauman Foundation) ཀྱི་ལས་བྱེད་གཉིས་བཅས་ལ་མཇལ་ཁ་བསྩལ་ཡོད་ཅིང་། སྐབས་དེར་འཇར་མན་གྲོས་ཚོགས་ཀྱི་འཐུས་མི་ཨན་ནཱ་ཨེ་ལི་ཛཱ་བྷེ་ཊ་ལགས་ཀྱིས་གསར་འགོད་པར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་སྐབས་སེམས་ཚོར་ཆེན་པོ་བྱུང་། དེ་རིང་མཇལ་ཁ་ཞུ་མཁན་མི་མང་པོ་བཅར་ཡོད་པས། ༧གོང་ས་མཆོག་དང་ལྷན་དུ་དམིགས་བསལ་བཀའ་མོལ་གང་ཡང་བྱུང་མ་སོང་ཡང་། ངས་ཕྱག་རྟགས་ཆུང་ཆུང་ཞིག་འབུལ་རྒྱུ་བྱུང་ཞིང་། ༧གོང་ས་མཆོག་གི་འཛུམ་མདངས་དང་བྱིན་རླབས་ཐོབ་པས་ཧ་ཅང་སྐལ་བ་བཟང་པོ་བྱུང་། ཞེས་གསུངས་འདུག དེ་བཞིན་ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཇར་མན་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་དེར་མཇལ་འཕྲད་གནང་ཡོད་འདུག
ཕྱི་ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་འཇར་མན་གྲོས་ཚོགས་འཐུས་མི་ཨན་ནཱ་ཨེ་ལི་ཛཱ་བྷེ་ཊ་ལགས་སུ་མཇལ་འཕྲད་གནང་ཡོད་ཅིང་། བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ནས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཐོག་གི་བོད་དོན་སྐོར། ཡུ་རོབ་རྒྱལ་ཁབ་ཁག་ནང་དུ་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེན་གནང་དགོས་སྐོར་གསུངས་ཡོད་འདུག
ཕྱི་ཚེས་ ༢༣ ཉིན་གྱི་ཉིན་རྒྱབ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ། བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་འཇར་མན་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨ་ནཱ་ཨེ་ལི་ཛ་བྷེ་ཊ་མཆོག་གི་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་དང་མཇལ་འཕྲད་གནང་ཡོད་ཅིང་། སྐབས་དེར་ཚོགས་གཞོན་མཆོག་གིས་འཚམས་འདྲི་དང་སྦྲགས། སྐུ་ཚབ་ཚོགས་ཆུང་དྷ་སར་ཕེབས་པ་ཙམ་གྱིས་འཛམ་གླིང་རྒྱལ་ཁབ་ཁག་གིས་བོད་བརྗེད་མེད་པ་མ་ཟད། བོད་དོན་ཐོག་དོ་སྣང་དང་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་རྒྱ་ནག་གཞུང་ལ་བརྡ་ལན་ཆེན་པོ་ཞིག་ཏུ་ཆགས་འགྲོ་བས། གཞིས་བཞུགས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་བསྟུན། བོད་མི་མང་སྤྱི་འཐུས་ལྷན་ཁང་གི་འཕེལ་རིམ་དང་། ལས་དོན་གནང་ཕྱོགས། དེ་བཞིན་སྤྱི་ལྷན་གྱི་གྲུབ་ཆ་སོགས་ངོ་སྤྲོད་གནང་ཡོད་འདུག ཚོགས་གཞོན་མཆོག་གིས་ཉེ་ལམ་ཁམས་སྡེ་དགེའི་ནང་ཛ་དྲག་གནས་སྟངས་འོག་དཀའ་ངལ་འཕྲད་བཞིན་ཡོད་པའི་སྐོར་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་རྩིས་མེད་རྡོག་རོལ་བཏང་ནས་བོད་ནང་གི་བོད་མི་བྱིས་པ་ཚུན་གྱི་རིགས་རྫས་ (DNA) བསྡུ་རུབ་བྱས་དང་བྱེད་བཞིན་ཡོད་པ་དང་། བོད་ནང་རྒྱ་གཞུང་གིས་བོད་ཕྲུག་རྣམས་བཅའ་སྡོད་སློབ་གྲྭ་ཁག་གི་ནང་གཏན་སྡོད་བྱེད་དུ་འཇུག་གི་ཡོད་ལ། བོད་ཕྲུག་ཚོའི་རང་གི་རིག་གཞུང་དང་། ཆོས་ལུགས། དེ་བཞིན་ལོ་རྒྱུས་སོགས་སྦྱོང་རྒྱུའི་ཐོབ་ཐང་འཕྲོག་པ་མ་ཟད། བོད་ཕྲུག་ཚོའི་སེམས་ཁམས་ནང་སིམ་འཛུལ་གྱིས་བོད་པའི་ངོ་བོ་ནག་སུབ་གཏོང་ཐབས་བྱེད་བཞིན་ཡོད་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུངས་འདུག
དེ་བཞིན་ཚོགས་གཞོན་མཆོག་གིས། འཇར་མན་རྒྱལ་ཁབ་གཙོས་འཛམ་གླིང་རྒྱལ་ཁབ་སོ་སོའི་དཔལ་འབྱོར་ཁེ་ཕན་གཙོ་བོར་བཟུང་བའི་ཐོག རྒྱ་ནག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པར་འགན་འཁྲི་ཡོད་པ་བཟོ་དགོས་པའི་སྐོར་དང་། བོད་པའི་རིག་གཞུང་ནི་སྙིང་རྗེ་དང་། འཚེ་མེད་ཞི་བ། མཉམ་གནས་བཅས་ཀྱི་རང་བཞིན་ལྡན་པ་ས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ལ་སྲུང་སྐྱོབ། གྲོས་ཚོགས་འཐུས་མི་མཆོག་ནས་་རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པར་བོད་མི་ཚོའི་མགྲིན་ཚབ་གནང་དགོས་པའི་ནན་སྐུལ་སོགས་གནང་ཡོད་འདུག དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འཇར་མན་གྲོས་ཚོགས་འཐུས་མི་ཨན་ན་མཆོག་གི་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་གྲོས་ཚོགས་སུ་ཟུར་ཉན་དུ་ཕེབས་པར་དགའ་བསུ་ཞུས་ཡོད་པ་མ་ཟད། སྐུ་ཚབ་ཚོགས་ཆུང་གིས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དང་། འཕགས་ཡུལ་རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སོགས་སུ་འཚམས་གཟིགས་གནང་ཡོད་འདུག
ཨན་ནཱ་ཨེ་ལི་ཛ་བྷེ་ཊ་ཝོན་ཁྲེ་ཨིན་ཧྥེ་ཛཱ་ཧྥི་རོ་ཝིན་མཆོག་ནི་ཕྱི་ལོ་ ༡༩༦༢ ལོར་ཧྥ་རུ་བྷུར་གྷ་གྲོང་ཁྱེར་གྱི་ཨེལ་སྦེ་(Freiburg/Elbe)ནང་སྐྱེས་ཡོད་ཅིང་། ཕྱི་ལོ་ ༡༩༨༣ ལོར་ཧོ་ཀ་རེ་ཌི་འབྲིང་རིམ་སློབ་གྲྭ་(Hochrad high school) ནས་སློབ་མཐར་ཕྱིན་ཡོད་པ་དང་། ཕྱི་ལོ་ ༡༩༨༤ ནས་ཕྱི་ལོ་ ༡༩༩༥ བར་ཧེམ་སྦག་གཙུག་ལག་སློབ་གཉེར་ཁང་དུ་ཁྲིམས་ལུགས་རིག་པའི་ཐོག་བསླབ་པ་མཐར་སོན།ཕྱི་ལོ་ ༡༩༩༧ ནས་ཕྱི་ལོ་ ༡༩༩༩ བར་ལོ་གཉིས་རིང་བྷི་རཱ་ཛིལ་རྒྱལ་ཁབ་ཏུ་ཁྲིམས་ལུགས་ཀྱི་ཐོག་ཕྱག་ལས་གནང་། ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་ཧེམ་བྷུར་གྷི་གྲོང་ཁྱེར་དུ། ཨན་ནཱ་ལགས་ཀྱིས་ང་ཚོས་ཤེས་འདོད་ཡོད་ཅེས་པའི་འོས་བསྡུ་ལ་རྒྱབ་སྐྱོར་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ལོར་འཇར་མན་རང་དབང་མང་གཙོ་སྲིད་དོན་ཚོགས་པའི་ཁོངས་སུ་ཞུགས། ཕྱི་ལོ་ ༢༠༡༧ ནས་བཟུང་འཇར་མན་ཧེམ་སྦག་གྲོས་ཚོགས་འཐུས་མི་སོགས་ཀྱི་ཕྱག་ལས་གནང་བཞིན་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།