༧པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་དེ་གཞུང་འབྲེལ་གྱི་ཐོག་ནས་སྲུང་གཙི་གནང་སོང་།
དེ་རིང་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་བོ་མཆོག་དགུང་གྲངས་ ༣༥ ལ་ཕེབས་བའི་སྐུའི་འཁྲུངས་སྐར་གཞུང་འབྲེལ་གྱི་ཐོག་ནས་སྲུང་གཙིོ་ཞུས་སོང། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཨི་སི་ཏཱོ་ནི་ཡ་( Estonia) གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་དང་། དམིགས་བསལ་སྐུ་མགྲོན་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་དགོན་གྱི་མཁན་རིན་པོ་ཆེ་གཟིག་རྒྱབ་རིན་པོ་ཆེ་མཆོག་དང་ལ་དྭགས་ནང་པའི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིག་འཛིན་རྡོ་རྗེ་ལགས། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་དབུས་སྲི་ཞུ་ལས་བྱེད་རྣམས་དང། བོད་དང་ཧི་མ་ཡ་སོགས་ཀྱི་དད་ལྡན་སེར་སྐྱ་མང་ཚོགས་བཅས་འཛོམས་འདུག
མཛད་སྒོའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་གི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་བའི་ནང་། ང་ཚོ་ཚང་མའི་བློ་གཡེང་ཆེ་ཤོས་ཤིག་ནི། ༧པཎ་ཆེན་རིན་པོ་ཆེ་ད་ལྟ་སྐུ་འཚོ་བཞུགས་ཡིན་པའི་དབང་དུ་བཏང་ན། དགུང་ལོ་ ༦ ནས་ད་ལྟའི་བར་མི་ལོ་ ༢༩ སོང་བའི་རིང་། ཁོང་ཡབ་ཡུམ་དང་ལྷན་དུ་འཚར་ལོངས་བྱུང་ཐུབ་ཡོད་དམ། ཡང་ན་ཁེར་རྐྱང་གི་ཁོར་ཡུག་ཅིག་ཏུ་བོད་སྐད་ཙམ་ཡང་གསུང་མི་མཁྱེན་པ་ཞིག་བཟོས་ཡོད་དམ། ༧པཎ་ཆེན་སྐུ་ཕྲེང་བཅུ་པར་དམར་སྲུང་དམག་གིས་འཐབ་རྩོད་བཏང་བ་ནང་བཞིན་ཆུང་སྲིད་རིན་པོ་ཆེར་ཡང་གཡས་གཡོན་དུ་སྡོད་མཁན་དེ་ཚོས་ཐུབ་ཚོད་དང་གཅར་རྡུང་ཅི་ཙམ་བཏང་ཡོད་དམ། ཕྱི་ལ་འབྲེལ་ལམ་རྩ་བཅད་བྱས་པའི་གྱང་ར་མཐོན་པོའི་མཐའ་བཞིར་དམག་གིས་བསྐོར་བའི་རྒྱ་ཁང་ཞིག་གི་ནང་དུ་བཅུག་ཡོད་དམ། ཡང་ན་༧པཎ་ཆེན་སྐུ་ཕྲེང་བཅུ་པ་ནང་བཞིན་ཉི་འོད་མིག་གིས་མི་མཐོང་བའི་བཙོན་ཁང་ཞིག་ཏུ་བཅུག་ཡོད་དམ། རྒྱ་གཞུང་གིས་ཁོང་ཁ་བ་བུ་ཡུག་འཚུབ་པའི་ལུང་སྟོང་ཞིག་ཏུ་ འཁྱགས་ལྟོགས་ཀྱི་མནར་གཅོད་གཏོང་གི་ཡོད་དམ། ཡང་ན་སྐྲ་བསྒྱུར་ལུས་བསྒྱུར་བྱས་ཏེ་ངལ་རྩོལ་ར་བ་ཞིག་ཏུ་བྲན་གཡོག་གི་ལས་ཀ་སྐུལ་གྱི་ཡོད་དམ། ལང་ཚོ་དར་ལ་བབ་པའི་༧ཀུན་གཟིགས་པཎ་ཆེན་བསྟན་འཛིན་དགེ་འདུན་རིན་པོ་ཆེ་མཆོག་དེང་སང་དངོས་གནས་སྐུ་གཟུགས་བདེ་ཐང་ངང་བཞུགས་ཡོད་དམ། དྲི་བ་འདི་དག་ལ་ང་ཚོར་ལན་རག་གི་མེད། རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་ཐུགས་ཐག་བཅད་པའི་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། གཞི་རྩའི་རང་དབང་བཙན་འཕྲོག་བྱས་པར་ཡ་ང་བག་ཚ་མི་བྱེད་པ་མ་ཟད། ད་དུང་དེ་ལས་ལྡོག་སྟེ། གཞིས་བྱེས་བོད་མི་དང༌། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁོང་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང༌། གཞི་རིམ་རང་དབང་སྤྲོད་དགོས་པའི་རེ་སྐུལ་བཏོན་པ་དེ་ཁོང་སུན་པོ་བཟོ་ཡི་ཡོད་ལུགས་ཕྱི་ལོགས་ནས་ཧམ་བཤད་བྱེད་པ་དེ་རིགས་ནམ་རིང་སྒྲུང་གིས་ཆོད་ཐབས་མེེད་ངེས་ཡིན་ཞིང༌། ཡང་སྲིད་ངོས་འཛིན་གྱི་གཞི་རྩའི་ལྟ་གྲུབ་ནི་སྐྱེ་བ་སྔ་ཕྱི་ཁས་བླངས་པ་ཞིག་ངེས་པར་དུ་དགོས་པ་ཡིན་ལ། ཡང་སྲིད་བྱོན་པའི་དགོས་དམིགས་ནི་སྐུ་ཕྲེང་སྔ་མའི་མཛད་པ་འཕྲིན་ལས་མཇུག་སྐྱོང་གནང་མཁན་ཞིག་ཡོང་དགོས་པ་ཡིན་སྟབས། རྒྱ་གཞུང་གི་དབང་འཛིན་པ་ཚོས་རྒྱལ་སྤྱིའི་ཁྲིམས་ལུགས་དང་། འགྲོ་བ་མིའི་བཟང་སྤྱོད། བོད་བརྒྱུད་ནང་བསྟན་གྱི་དད་ལྡན་མང་ཚོགས་ཀྱི་རེ་འདུན། རྒྱ་ནག་རྒྱལ་ཁབ་ཀྱི་ཆེ་མཐོང་གང་ཅིར་བསམ་ཞིབ་ནན་ཏན་བྱས་པའི་ཐོག་ནས། རང་དབང་ལྡན་པའི་རྟོག་ཞིབ་ཚོགས་པ་ཞིག་ཆུང་སྲིད་རིན་པོ་ཆེར་ཐུག་འཕྲད་ཀྱི་གོ་སྐབས་འཕྲལ་དུ་སྤྲོད་དགོས་པ་དང༌། ༧ཀུན་གཟིགས་༧པཎ་ཆེན་བསྟན་འཛིན་དགེ་འདུན་རིན་པོ་ཆེ་མཆོག་ལ་འགྲོ་བ་མིའི་གཞི་རྩའི་རང་དབང་ངེས་པར་སྤྲོད་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། ཅེས་སོགས་གསུངས་འདུག
སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་བའི་ནང་།༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་རྒྱ་ནག་དམར་གཞུང་གི་བཙན་བཟུང་འོག་ནས་མགྱོགས་མྱུར་ཀློད་གྲོལ་ཡོང་ཐབས་སུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་རྒྱལ་སྤྱིའི་གཞུང་དང་། སྒྲིག་འཛུགས་ཁག རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཞབས་ཞུ་ཁང་། གྲོས་ཚོགས་འཐུས་མི་སྒེར་སོགས་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་རིན་པོ་ཆེ་མཆོག་གང་མྱུར་ཀློད་གྲོལ་དགོས་པའི་འབོད་སྐུལ་ཡང་ཡང་གནང་ཡོད། ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་དང། བྱེས་འཁོད་གདན་ས་བཀྲ་ཤིས་ལྷུན་པོ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་སོགས་ནས་རྒྱལ་སྤྱིའི་སྲིད་གཞུང་དང་། གྲོས་ཚོགས་འཐུས་མི་སོགས་ལ་༸པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་ནང་མི། བྱ་བྲལ་རིན་པོ་ཆེ་མཆོག་བཅས་རྒྱའི་བཙན་འོག་ནས་གང་མྱུརཀློད་གྲོལ་་ཡོང་ཐབས་ལ་རྒྱབ་སྐྱོར་ཡོང་བའི་ཞུ་གཏུག་རབ་དང་རིམ་པ་བྱས་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐོག་ནས་རྒྱལ་སྤྱིའི་ནང་ཆེད་གཉེར་གྱིས་ཞུ་གཏུག་བྱས་ཡོད་པ་མ་ཟད། གྲོས་ཚོགས་ནམ་ཚོགས་སྐབས་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་བརྒྱུད་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་འབོད་སྐུལ་རབ་དང་རིམ་པ་བྱས་དང་བྱེད་བཞིན་ཡོད། ༸གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་བརྩེ་བ་ཆེན་པོས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་མཛད་གནང་བའི་བཀའ་དྲིན་ཡིད་ལ་དྲན་བཞིན་དུ། ཡང་སྲིད་རིན་པོ་ཆེ་མཆོག་གི་གནས་སྟངས་གསལ་རྟོགས་ཐུབ་སླད་འབྲེལ་ཡོད་ཚང་མས་སྔར་ལྷག་སེམས་ཤུགས་ཆེ་བསྐྱེད་ཀྱིས་འབད་འབུངས་ཡོང་བའི་སྐུལ་མ་ཞུ་རྒྱུ་དང་། རྒྱ་ནག་དམར་གཞུང་ནས་ཀྱང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་སྐུ་འཁོར་བཅས་པའི་གནས་བབ་ངེས་པར་དུ་ཕྱི་ གསལ་ནང་གསལ་བཟོ་དགོས་པ་ནན་སྐུལ་བྱ་རྒྱུ་ཡིན། ༧ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་སྐུ་ཁམས་གསལ་བཞུགས་ཐོག་རྒྱ་ནག་དམར་གཞུང་གི་བཙན་གནོན་འོག་ནས་མགྱོགས་ནས་མྱུར་དུ་ཀློད་གྲོལ་ཡོང་བ་དང་། བོད་མི་དང་ནང་པ་ཡོངས་ནས་རིན་པོ་ཆེ་མཆོག་གི་གསེར་ཞལ་མྱུར་དུ་མཇལ་ཞིང་ྋསྐུ་གོང་མའི་མཛད་པ་བདག་གིར་སྐྱོང་བཞེས་ཡོང་བའི་སྨོན་ལམ་གསོལ་འདེབས་ཤུགས་དྲག་ཞུ་བཞིན་ཡོད། ཅེས་སོགས་གསུངས་སོང།
མཛད་སྒོའི་དམིགས་བསལ་སྐུ་མགྲོན་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་དང་། ལ་དྭགས་ནང་པའི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིག་འཛིན་རྡོ་རྗེ་ལགས། ༧སྐྱབས་རྗེ་ལོ་ཆེན་རིན་པོ་ཆེ་མཆོག ཨོ་སི་ཏོ་ནའི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རོ་སི་ཊ་ཌིར་ལགས་སོགས་ཀྱིས་རྒྱ་ནག་གཞུང་གིས་༧པན་ཆེན་རིིན་པོ་ཆེ་མཆོག་གི་སྐུ་འཁོར་དང་བཅས་པ་གང་མགྱོགས་ཀློད་གྲོལ་ཞུ་དགོས་པའི་རེ་སྐུལ་དང་། རྒྱ་ནག་གཞུང་གིས་༧པན་ཆེན་རིན་པོ་ཆེ་མཆོག་གང་དུ་བཞུགས་ཡོད་མེད་སོགས་ཀྱི་ཐད་ལ་ངེས་པར་དུ་ཁ་གསལ་བཟོ་དགོས་སྐོར་སོགས་གསུངས་རྗེས། སྐུ་མགྲོན་གཙོ་བོ་ཨི་སི་ཏོ་ན་ཡའི་གྲོས་ཚོགས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གྱི་ཚོགས་མི་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཡུ་ཀུ་ཁལ་རེཌ་ (Jukku-Kalle Raid ) མཆོག་གིས། དེང་གི་འཆར་འཛམ་གླིང་ཁྱོན་ཡོངས་ཀྱིས་དམངས་གཙོ་ལ་དགའ་མོས་བྱེད་ཀྱིན་ཡོད་པ་བཞིན། ཨོ་སི་ཏོ་ནའི་ཡ་རྒྱལ་ཁབ་ཀྱིས་བོད་རྒྱལ་ཁབ་ལ་རང་དབང་འཐོབ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། བོད་མིས་རང་དབང་འཐབ་རྩོད་བྱ་རྒྱུ་ནི་བོད་མི་རྣམས་ཀྱིས་གདོང་ལེན་བྱ་དགོས་པའི་གནད་དོན་ཅིག་ཡིན་པས། ང་ཚོས་ལྷན་གཅིག་ཏུ་བཙན་རྒྱལ་རིང་ལུགས་དང་དམར་གསོད་གཏོང་མཁན་དེ་དག་རྩ་མེད་དུ་གཏང་དགོས་སྐོར་སོགས་གསུངས་སོང་།
གཞུང་འབྲེལ་མཛད་སྒོ་གྲུབ་མཚམས་གདན་ས་བཀྲ་ཤིས་ལྷུན་པོའི་རིག་གཞུང་འཛིན་སྐྱོང་བླ་སྤྱི་ཁང་གིས་གསར་འགོད་གསལ་བསྒྲགས་ཤིག་གནང་བའི་ནང་། ཕྱི་རྒྱལ་གྱི་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས། དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་མི་ལོ་ ༢༩ རིང་གར་སོང་ཆ་མེད་དུ་གྱུར་བའི་བོད་ཀྱི་༧པཎ་ཆེན་རིན་པོ་ཆེ་མཆོག་སྐུ་ཕྲེང་བཅུ་གཅིག་པའི་ཛ་དྲག་གི་གནས་སྟངས་ཤེས་རྟོགས་ཡོང་རྒྱུར། རྒྱ་ནག་ཏུ་ཕྱི་རྒྱལ་གཞུང་ཚབ་མི་སྣས་༧པན་ཆེན་རིན་པོ་ཆེ་དང་དངོས་སུ་མཇལ་ཕྲད་ཐུབ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་ཡོང་བ་ཞུ་རྒྱུ། ཕྱི་རྒྱལ་གྱི་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས། དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་༧པན་ཆེན་རིན་པོ་ཆེ་མཆོག་དགུང་ལོ་དྲུག་ནས་ད་བར་མི་ལོ་ ༢༩ རིང་། འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་མོས། བྱིས་པའི་ཐོབ་ཐང་། མདོར་ན་འགྲོ་འདུག་སྤྱོད་གསུམ། མདོར་ན་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྩ་བ་ནས་མེད་པའི་མཚོན་རྟགས་ཀྱི་གཟེངས་རྟགས་རིགས་འབུལ་བཞེས་ཡོང་ཐབས་སོགས་ཚུད་པའི་དོན་ཚན་ལྔ་ཅན་གྱི་དགོས་འདུན་བཏོན་ཏེ། ༧མགོན་པོ་གང་ཉིད་གཙོས་སྐུ་འཁོར་རྣམས་གང་མགྱོགས་ཀློད་གྲོལ་གཏང་དགོས་པའི་འབོད་སྐུལ་གནང་སོང་།
གསར་འགོད་པ། དོན་གྲུབ་བཀྲ་ཤིས། དཔལ་ལྡན།
རྩོམ་སྒྲིག་པ། པདྨ་མཚོ།