ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་དང་ཨར་ལས་ཆེད་ལས་པ་གཉིས་ལ་དྭགས་སླེ་རུ་ཆེད་ཕེབས་ཀྱིས་ལ་སྤྱི་ལས་ཁུངས་གཙོས་ལས་འཆར་ཚོགས་ཆུང་ལ་བཀོད་མངགས་དང་ལམ་སྟོན་གནང་ཡོད་པ་ལྟར། སང་ཉིན་ཕྱི་ཟླ་ ༥ ཚེས་ ༡ ཉིན་ནས་བཟུང་ལ་དྭགས་བྱང་ཐང་མ་ཁྱུ་དང་ཆུ་ཤུལ་གྱི་ཁྱིམ་ཚང་ ༥༣ ལ་སླེ་རུ་ཁང་པ་གསར་རྒྱག་གི་ལས་གཞི་མགོ་འཛུགས་གནང་གི་ཡོད་འདུག་ལ། ལས་གཞི་དེ་འདི་ལོའི་ཕྱི་ཟླ་ ༩ པའི་ནང་འགྲུབ་འཆར་ཡོད་པ་རེད། སླེ་བྱང་ཁུལ་གྱི་བོད་མིའི་སྒྲིག་འཛུགས་ཀྱི་ལས་གཞི་ལས་འཆར་ཆེ་ཁག་དང་འབྲེལ་ཏེ་ནང་སྲིད་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་སུ་བཅར་འདྲི་ཞུས་ཡོད།
དེ་རིང་འདི་གའི་གསར་འགོད་པས་ནང་སྲིད་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་སུ་ལ་དྭགས་སླེ་དང་བྱང་ཐང་ཁུལ་དུ་གཞུང་འབྲེལ་སྐོར་སྐྱོད་ལ་ཕེབས་པ་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐོག་བཅར་འདྲི་ཞུས་ཡོད་པ་དང་། བྱང་ཐང་མ་ཁྱུ་དང་ཆུ་ཤུལ་གྱི་འབྲོག་མང་གི་ཆེད་དུ་སླེ་རུ་ཁང་པ་གསར་རྒྱག་གནང་གི་ཡོད་པའི་སྐོར་ལ་ཁོང་གིས། བཀའ་ཤག་སྐབས་ ༡༦ པའི་སྲིད་བྱུས་དགོངས་དོན་”བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན་” ཞེས་པའི་ནང་གསེས་ ༢ པ་སྟེ། “ཁ་འཐོར་བོད་མི་རྣམས་གཞིས་སྒར་ཁག་ཏུ་ཟླ་སྒྲིལ།” ཞེས་པའི་འབྲུ་དོན་འོག་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་ཀྱི་བཀའ་འབྲེལ་ཛ་དྲག་གིས་ལ་དྭགས་ཁུལ་དུ་སྐོར་སྐྱོད་ཞུས་པའི་རྒྱུ་མཚན་གཙོ་བོ་ནི། ཕྱི་ལོ་ ༢༠༢༠ ལོར་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ནས་མ་ཁྱུ་གཙོ་བོར་གྱུར་བའི་ལ་བྱང་འབྲོག་སྡེ་ཁུལ་གྱི་མི་མང་གི་ཆེད་དུ་ལ་དྭགས་སླེ་རུ་ས་ཆ་ཀ་ནཱལ་ (Kanal) ༣༡ དང་མཱར་ལ་ (Marla) ༡༥ གསོལ་རས་གནང་ཡོད་ཅིང་། ཕྱི་ལོ་ ༢༠༢༠ ལོ་ནས་མགོ་བཙུགས་ནས་ས་ཆ་བགོས་ཏེ་ད་ལྟ་བར་དུ་ལོ་བཞི་ཙམ་འགྲོ་ཡི་འདུག་ཀྱང་། གོང་གསལ་འབྲོག་ཁུལ་མི་མང་རྣམས་ལ་སྡོད་ཁང་གི་མཐུན་འགྱུར་སྦྱར་མ་ཐུབ་པར་ལྷག་ཡོད་སྟབས། བཀའ་ཤག་ནས་ལ་དྭགས་མ་ཁྱུ་གཙོས་ཆུ་ཤུལ་ཁུལ་གྱི་འབྲོག་སྡེ་ལ་སྡོད་ཁང་མཐུན་འགྱུར་གང་མགྱོགས་སྦྱར་དགོས་སྐོར་བཀའ་གནང་བ་ལྟར། ཕྱི་ལོ་ ༢༠༢༣ ཟླ་ ༤ པའི་ནང་དུ་ནང་སྲིད་ལས་ཁུངས་ནས་ལས་བྱེད་གཉིས་ཆེད་གཏོང་གནང་སྟེ། ས་གནས་སུ་ལས་དོན་ཚོགས་ཆུང་ཞིག་བཙུགས་ནས་མ་ཁྱུ་དང་ཆུ་ཤུལ་ནང་དུ་ཁྱིམ་ཚང་ཇི་ཡོད་དང་། ཁ་འཐོར། བཀག་གཞུང་གི་མི་མང་ཇི་ཙམ་ཡོད། དེ་བཞིན་མི་མང་གི་སྐྱིད་སྡུག་གནས་སྟངས་ལ་རྟོག་ཞིབ་བྱས་པའི་གྲུབ་དོན་གཞིར་བཟུང་ཁེ་ཕན་སྤྱོད་མཁན་ (Beneficiaries) དེ་དག་ལ་བརྒྱ་ཆ་ ༡༠༠ དང་། བརྒྱ་ཆ་ ༧༥། ཡང་ན་བརྒྱ་ཆ་ ༥༠ དང་བརྒྱ་ཆ་ ༢༥ བཅས་མཐུན་འགྱུར་ཇི་འོས་དབྱེ་གསལ་བཟོ་བར་ཞིབ་འཇུག་ཚོགས་ཆུང་བཙུགས་ཏེ། འདས་ལོའི་ཕྱི་ཟླ་ ༤ པའི་ནང་ཞིབ་འཇུག་བྱེད་མགོ་བཙུགས་ནས་ད་ལྟའི་ཆར་ས་གནས་རང་ལ་མ་ཁྱུ་དང་ཆུ་ཤུལ་གཉིས་གཙོས་པའི་ཁྱིམ་ཚང་ ༥༣ བྱུང་ཡོད་པ་རེད། དེའི་ཁྲོད་བོད་མིའི་སྒྲིག་འཛུགས་ནས་མཐུན་འགྱུར་བརྒྱ་ཆ་ ༡༠༠ བཞེས་མཁན་དང་ཆེས་ཛ་དྲག་གི་གནས་སྟངས་ཁྱིམ་ཚང་ ༢༧། བརྒྱ་ཆ་ ༧༥ བཞེས་མཁན་གྱི་ཁྱིམ་ཚང་ ༢། བརྒྱ་ཆ་ ༥༠ བཞེས་དགོས་མཁན་གྱི་ཁྱིམ་ཚང་ ༡༠། བརྒྱ་ཆ་ ༢༥ བཞེས་དགོས་མཁན་གྱི་ཁྱིམ་ཚང་ ༣། བརྒྱ་ཆ་ ༡༠༠ སོ་སོ་རང་ངོས་ནས་སྡོད་ཁང་བཟོ་སྐྲུན་ཞུ་མཁན་ཁྱིམ་ཚང་ ༡༡ བཅས་ཆགས་ཀྱི་ཡོད་རེད། ཅེས་དང་། དངུལ་གྱི་ཚད་གཞི་དེ་མང་མཐའ་འབུམ་ ༡༠ དང་ཉུང་མཐའ་འབུམ་ ༦ ལ་བཞག་ནས་བརྒྱ་ཆ་སྒང་ལ་བཀོད་ཀྱི་ཡོད་པ་རེད། གལ་སྲིད་བརྒྱ་ཆ་ ༡༠༠ ཡིན་ན་འབུམ་ ༡༠ དང་འབུམ་ ༨། འབུམ་ ༦ ཕུལ་གྱི་ཡོད་རེད། བརྒྱ་ཆ་ ༡༠༠ ནང་ཁྱིམ་ཚང་གི་དབྱེ་བའང་ཡོད། ཁྱིམ་ཚང་ནང་ནང་མི་ ༡ ནས་ ༣ གྱི་བར་ལ་འབུམ་ ༦ དང་། ནང་མི་ ༤ ནས་ ༨ བར་འབུམ་ ༨། ནང་མི་ ༩ ལས་མང་བ་ཡོད་པ་ལ་འབུམ་ ༡༠ སྡོད་ཁང་མཐུན་འགྱུར་སྦྱར་གྱི་ཡོད་པ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།
མ་ཁྱུ་འབྲོག་སྡེ་ལ་བྱང་ཐང་དུ་ས་ཆ་རག་ཡོད་ཀྱང་། ད་ལྟའི་ཆར་རྒྱ་གར་གཞུང་ནས་སྤོ་འཇོག་ཁང་པ་ (Hut) ཁག་ཅིག་གནང་ཡོད་པ་མ་གཏོགས་རྒྱུན་ལྡན་གྱི་ཁང་པ་མེད་པར་བརྟེན། མ་འོངས་པར་མ་ཁྱུ་འབྲོག་སྡེ་ལ་བྱང་ཐང་རང་ལ་ཁང་པ་བརྒྱག་རྒྱུའི་འཆར་གཞི་ཡོད་མེད་དྲིས་པར་ཁོང་གིས། མ་ཁྱུའི་ནང་ཁང་པ་བརྒྱག་རྒྱུའི་འཆར་གཞི་གང་ཡང་མེད། གོང་དུ་ཞུས་པ་བཞིན་ཀ་ནཱལ་ (Kanal) ༣༡ དང་མཱར་ལ་ (Marla) ༡༥ དེ་རེད། དེ་ལ་རིང་མིན་ཁང་པ་བརྒྱག་རྒྱུ་མགོ་བཙུགས་ཞུ་རྒྱུར་ས་གནས་ས་ཐོག་ནས་ལ་སྤྱི་གཙོས་པའི་ལས་འཆར་ཚོགས་ཆུང་གིས་འགན་བཞེས་ཀྱི་ཡོད་པ་རེད་ལ། ཕྱི་ཟླ་ ༥ ཚེས་ ༡ ནས་ལས་འཆར་མགོ་འཛུགས་ཀྱི་ཡིན་ཞེས་ཁས་ལེན་གནང་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།
ད་ལན་སྐོར་སྐྱོད་སྐབས་བྱང་ཐང་ཉི་མ་དང་། སུམ་མདོ། ཧན་ལེ་སོགས་ཀྱི་ས་གཞི་ལས་འཆར་ཁག་གི་ཐོག་རྟོག་ཞིབ་གནང་ཡོད་པ་ལྟར། ལས་གཞི་ལས་འཆར་ཆེ་ཁག་ག་རེ་ཡོད་པའི་སྐོར་ལ་ནང་སྲིད་དྲུང་འཕར་ལགས་ཀྱིས། ཕྱི་ཟླ་ ༤ ཚེས་ ༡༤ ཉིན་བྱང་ཐང་ཉི་མ་ཁུལ་དུ་བཅར་བ་ཡིན། བྱང་ཐང་ཉི་མ་དེ་བྱང་ཐང་ཚང་མའི་དཀྱིལ་ལ་འཁེལ་གྱི་ཡོད་པར་བརྟེན། བྱང་ཐང་གི་འབྲེལ་མཐུད་ལས་ཁུངས་དང་ལས་ཤག་བཟོས་ཡོད་པ་རེད། ད་ལྟའི་ཆར་བྱང་ཐང་ཁུལ་གྱི་འབྲེལ་མཐུད་ལས་ཁུངས་དང་ལས་ཤག་གཉིས་ཀ་མགྲོན་ཁང་གི་ངོ་བོར་བསྒྱུར་གྱི་ཡོད་པ་རེད། དེ་ཉམས་གསོ་བྱ་རྒྱུའི་ལས་འཆར་གཅིག་དང་། ཉི་མ་ཁུལ་ལ་མི་མང་གིས་མགྲོན་ཁང་ཞིག་བཟོས་ཡོད་པ་དེ་རྙིང་པ་ཡིན་པར་བརྟེན། དེ་ཉམས་གསོ་བྱ་རྒྱུའི་ལས་གཞི་དེ་ད་ལོ་འགྲོ་ཡི་ཡོད། དེ་བཞིན་འབྲེལ་མཐུད་ལས་ཁུངས་ཀྱི་མགྲོན་ཁང་དེ་གང་ལ་གང་འཚམ་ཚར་འདུག དེའི་ནང་འཛིན་ཆས་གསར་ཉོ་ཞུ་རྒྱུའི་འཆར་གཞི་ཡང་ཡོད། བྱང་ཐང་སུམ་མདོའི་ནང་འགྲོ་ལམ་གསར་སྐྲུན་གྱི་ལས་གཞི་རིང་མིན་འགྲོ་རྒྱུ་ཡིན། དེ་ནས་ཧན་ལེ་འབྲོག་ཁུལ་དུ་བཅར་རྒྱུ་མ་བྱུང་ཡང་། བྱང་ཐང་ཧན་ལེའི་ནང་རྒྱ་གར་ཡུལ་མིས་ས་ཆ་ཧམ་བཟོས་བྱེད་བཞིན་ཡོད་པས་ས་མཚམས་ཁག་ཏུ་མཚེར་ཤག་གསར་རྒྱག་གི་ལས་གཞི་ཡང་འགྲོ་རྒྱུ་བསྡད་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།
ལ་དྭགས་སླེ་ལ་བྱང་ཐང་གི་འབྲོག་སྡེ་ཁག་གི་མང་འགྲུལ་ (Sarai/Dormitory) གསར་སྐྲུན་གནང་གི་ཡོད་པའི་སྐོར་ལ་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་ཀྱིས། སླེ་ནང་དུ་མང་འགྲུལ་ (Sarai) ལ་ས་ཆའི་རྒྱ་ཁྱོན་ཕི་ཀྲི་གྲུ་བཞི་མ་ ༤༡༦༢ ཅན་གྱི་ས་ཆ་ཞིག་ཡོད་པ་དང་། མང་འགྲུལ་གྱི་དམིགས་ཡུལ་གཙོ་བོ་ནི་བྱང་ཐང་ཁུལ་གྱི་མ་ཁྱུ་དང་ཆུ་ཤུལ་གཉིས་ཕུད་པའི་བྱང་ཐང་ཉི་མ་དང་། སུམ་མདོ། ཧན་ལེ། བཀག་གཞུང་སོགས་ས་ཁག་བདུན་གྱི་ཆེད་དུ་མང་འགྲུལ་བཟོ་འཆར་འདུག བྱང་ཐང་ཁུལ་དུ་འབྲོག་པ་རྣམས་དབྱར་ཁར་འབྲོག་སྡེ་ཁུལ་དང་། གནམ་གཤིས་གྲང་མོའི་སྐབས་སུ་རི་ལ་གྲང་ངར་ཆེ་བའི་རྐྱེན་གྱིས་དབྱར་ས་དགུན་ས་བྱས་ནས་མར་ཡོང་གི་ཡོད་རེད། དེར་བརྟེན་ཁོང་ཚོ་མར་ཡོང་བའི་སྐབས་སླེ་ཁུལ་དུ་ཁང་གླ་བྱས་ནས་བསྡད་དགོས་པ་དང་། མི་གཞན་ལ་སྐྱབས་བཅོལ་བ་སོགས་འགྲོ་སོང་མང་པོ་བཏང་དགོས་པའི་གནས་སྟངས་ཆགས་ཀྱི་ཡོད་པ་དང་། ལྷག་པར་དུ་འབྲོག་ཁུལ་དེ་དག་གི་ནང་སྙུན་གཞི་ནད་མནར་སོགས་བྱུང་སྐབས་སྨན་ཁང་ལ་བསྟེན་གཏུག་གསོ་སྐྱོང་སོགས་ཀྱི་ཆེད་སླེ་རུ་གནས་སྐབས་ཞུགས་ཡུལ་དགོས་པའི་རེ་བ་ཞུས་པ་ལྟར་མཐུན་རྐྱེན་སྦྱར་རྒྱུའི་ལས་གཞི་ཞིག་ཆགས་ཀྱི་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།
ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ནས་གསར་འབྱོར་བ་དང་སྡོད་ཁང་མེད་མཁན་རྣམས་ལ་ས་ཆ་དང་ཁང་པ་བརྒྱག་རྒྱུའི་ལས་གཞིའི་གནས་སྟངས་ག་འདྲ་ཆགས་ཡོད་དྲིས་པར་ཁོང་གིས། བཀའ་ཤག་སྐབས་ ༡༦ པའི་སྲིད་ཇུས་ཀྱི་འོག་ནས་རུབ་སྡོད་གཞིས་ཆགས་ཀྱི་ལས་འཆར་ཞིག་ཕྱི་ལོ་ ༢༠༢༣ ནས་མགོ་བཙུགས་པ་རེད། ང་ཚོས་ཞིབ་འཇུག་རིམ་པ་མང་པོ་བྱ་རྒྱུ་དང་། ས་གནས་ས་ཐོག་ནས་མི་མང་གིས་ཐོ་གཞུང་སྤྲོད་རྒྱུ། གདམ་ཁ་སོགས་ཆ་ཚང་འགྲུབ་ཚར་བ་རེད། རུབ་སྡོད་ཀྱི་གཞིས་ཆགས་ནང་གཙོ་བོ་མན་སྤར་ (Mainpat) དང་ཨོ་ཌི་ཤ་ (Odisha) ལ་ཕེབས་མཁན་ཡོད་ན། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བརྒྱ་ཆ་ ༡༠༠ སྡོད་ཁང་གི་མཐུན་རྐྱེན་སྦྱོར་གྱི་ཡོད། ཅེས་བརྗོད་ཡོད་པ་རེད། ཡིན་ནའང་། བོད་མིའི་འདུས་སྡོད་ཀྱི་ནང་ད་ལྟའི་མན་སྤར་ལ་གཞིས་སྤོ་གདམ་ཁ་གནང་མཁན་ཁྱིམ་ཚང་ ༤༨ མ་གཏོགས་མེད་པ་དང་། དེ་བཞིན་ཨོ་ཌི་ཤའི་ནང་ཁྱིམ་ཚང་ ༢༦ གིས་མ་གཏོགས་གདམ་ཁ་གནང་མེད། གཞན་ཁྱིམ་ཚང་ ༥༥༩ ལྷག་སྦེལ་ཀོབ་གཞིས་ཆགས་གཉིས་ཀྱི་ཁོངས་བདམས་འདུག དེ་བཞིན་ཁྱིམ་ཚང་ ༤༨ ཙམ་ཧོན་སུར་དང་ཁྱིམ་ཚང་ ༡༥ ཙམ་ཀོ་ལི་གྷལ། ཁྱིམ་ཚང་ ༩༩ ཙམ་ནས་མོན་གྷོ་གཞིས་ཆགས་བདམས། གང་ལྟར་ཧོན་སུར་དང་ཀོ་ལི་གྷལ། མོན་གྷོ་གཞིས་ཆགས་འདེམས་མཁན་ཉུང་ཤས་རེད་འདུག ཁྱིམ་ཚང་ ༨༨༠ ཙམ་གྱིས་འཚོ་བའི་རྐྱེན་གྱིས་རང་གནས་ལ་སྡོད་ཀྱི་ཡིན་པ་བརྗོད་འདུག མདོར་ན་ཁྱོན་བསྡོམས་ནས་ཁྱིམ་ཚང་ ༡༨༢༢ ཙམ་བྱུང་ཡོད། བཀའ་ཤག་དང་ནང་སྲིད་ལས་ཁུངས་ཀྱིས་རང་གནས་ལ་འཇོག་རོགས་ཞུས་པའི་རིགས་ལ་ས་གནས་ས་ཐོག་ཏུ་ཁྲིམས་མཐུན་གྱི་ཡིག་ཆ་དང་ས་ཆ་མ་རག་བར་དུ་གཞུང་ནས་མཐུན་རྐྱེན་སྦྱོར་ཐུབ་ཐབས་བྲལ་སྐོར་གསལ་པོ་ཞུས་ཟིན་ཡོད། སྦེལ་ཀོབ་གཙོས་པའི་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔ་དང་། ཨོ་ཌི་ཤ། མན་སྤར་གཞིས་ཆགས་སོ་སོའི་ནང་ཞིང་ས་དང་ཚལ་ཞིང་། ཁང་པ་བཅས་གང་འཚམ་གཞུང་འབུལ་གནང་མཁན་བྱུང་ཡོད། ཨོ་ཌི་ཤར་ཁྱིམ་ཚང་ ༢༦ དང་། མན་སྤར་ནང་ཁྱིམ་ཚང་ ༤༨ སྤོ་བར་ཁང་པ་གསར་རྒྱག་གི་ལས་དོན་མགོ་འཛུགས་ཞུས་ཡོད་པར་བརྟེན། གཞིས་སྤོས་ལས་གཞི་འདི་དང་འབྲེལ་ནས་ད་ལན་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་དང་། ཟུང་དྲུང་བསྟན་འཛིན་ཀུན་བཟང་ལགས་གཉིས་ཨོ་ཌི་ཤ་དང་མན་སྤར་ས་གནས་སུ་ཕྱོགས་སྐྱོད་ལ་ཕེབས་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།
གསར་འགོད་པ། བསྟན་འཛིན་ཕུར་བུ།
རྩོམ་སྒྲིག་པ། པདྨ་མཚོ།