བོད་བལ་ས་མཚམས་ཀྱི་སྦས་ཡུལ་རོལ་བ་གླིང་གི་སྐྱ་སེར་དད་ལྡན་མང་ཚོགས་མི་གྲངས་ ༢༠ ལྷག་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས།
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༩ ཉིན་གྱི་ཞོགས་པར་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། བོད་བལ་མཐའ་མཚམས་ཀྱི་སྦས་ཡུལ་རོལ་བ་གླིང་གི་དད་ལྡན་པ་མི་མང་ཉི་ཤུ་ལྷག་གིས་༸གོང་ས་རྒྱལ་བ་རིན་པོ་མཆོག་ལ་མཇལ་ཁ་ཞུས་སོང་། སྦས་ཡུལ་རོལ་བ་གླིང་ནི་བོད་དང་ཁ་ཐག་ཆེས་ཉེ་བའི་ས་མཚམས་ཏེ་གངས་རི་གཅིག་གི་ཕབ་རྒྱབ་ཚུར་རྒྱབ་ཡིན་འདུག ཉེ་སྔོན་བོད་བལ་ས་མཚམས་ཁག་ནས་དད་ལྡན་སེར་སྐྱ་མི་མང་ཚོགས་ཆུང་བྱས་ནས་བཞུགས་སྒར་དུ་༧གོང་ས་མཆོག་ལ་མཇལ་བཅར་ཞུ་རུ་ཡོང་གི་ཡོད་པ་ལྟར། དེ་རིང་མཇལ་བཅར་ཚོགས་ཆུང་གསུམ་པ་དེ་ཡིན་འདུག
སྦས་ཡུལ་རོལ་བ་གླིང་གི་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ནས་འདི་གའི་གསར་འགོད་པར། མཇལ་ཁ་ཞུས་པའི་སྐབས་སུ་༸གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་མཉེས་པོ་གནང་བྱུང་། དེ་ཡང་བོད་བལ་ས་མཚམས་ནས་ཡིན་ལབ་དུས་༸གོང་ས་མཆོག་དང་སྐུ་ངོ་རྣམ་པའི་ཐུག་བརྩེ་བ་ཆེན་པོས་ཧ་ཅང་མཉེས་པོ་གནང་བྱུང་། བོད་ཀྱི་ས་མཚམས་དེ་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཐད་ནས་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད། སྤྱིར་བཏང་རྒྱ་གར་ནང་དུ་བོད་ཀྱི་གདན་ས་ཆེན་པོ་གསུམ་ཡོད་རེད། དེ་བཞིན་ང་ཚོའི་གཞིས་ཆགས་ཁག་ཡིན་ན་ཡང་ཧ་ཅང་བརྟན་པོ་ཡོད་རེད། ཡིན་ནའང་། ག་ལེར་ག་ལེར་བོད་མི་ཉུང་དུ་འགྲོ་བ་དང་གདན་ས་ཁག་ཆགས་ས་དེའང་རྒྱ་གར་གྱི་ཁོར་ཡུག་ཅིག་གི་ནང་དུ་ཡིན་དུས། ཉེ་འཁོར་དུ་ནང་པའི་སྤྱི་ཚོགས་ཤིག་མེད་ཙང་ག་ལེར་ག་ལེར་གནས་སྟངས་ཤིག་གི་འོག་ནས་ཉུང་དུ་འགྲོ་བཞིན་ཡོད་རེད། བལ་ཡུལ་ཡིན་ན་ཡང་བོད་ཀྱི་ཆོས་དང་བསྟན་པ་ཆབ་སྲིད་ལ་དམིགས་གསལ་གནད་འགག་ཆེན་པོ་ཆགས་བསྡད་ཡོད་རེད། བལ་ཡུལ་དེ་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་ནའང་བརྒྱ་ཆ་༤༠་ལྷག་ནང་པ་རེད། ལྷག་པར་དུ་༸་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན། དཔལ་ནཱ་ལེནྜའི་ཆོས་དེ་བོད་ཀྱི་སྐད་དང་ཡི་གེ་གཉིས་ཀྱི་ནང་ཡོད་དུས་བལ་ཡུལ་རྒྱལ་ཁབ་ཆུང་ཆུང་ཡིན་ནའང་གཞི་ཆགས་ཚར་བ་རེད། མ་འོངས་པར་ཆོས་ཀྱི་བག་ཆགས་ཟབ་མོ་བཞག་ནས། ཚེ་རབས་ནས་ཚེ་རབས་བར་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་རྗེས་སུ་འཛིན་པའི་བག་ཆགས་ཟབ་མོ་ཞིག་འཇོག་ཐུབ་པ་དང། བོད་གངས་ཅན་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་དར་ཤིང་རྒྱས་པ་དང་། སྐྱ་སེར་དང་ས་ཁུག་གི་མི་མང་ཚོས་གང་ཐུབ་ཐུབ་ཀྱིས་ཆོས་ཀྱི་བག་ཆགས་ཟབ་མོ་ཞིག་བཞག་ཐུབ་པ་ཡིན་ན། མ་འོངས་པར་བོད་ཀྱི་བསྟན་པ་ཆབ་སྲིད་ལ་ཕན་གྱི་རེད་བསམ་ནས་བལ་ཡུལ་ས་ཁུལ་ནས་མི་མང་གང་མང་མང་ཞིག་ལ་ང་ཚོ་བརྒྱུད་ནས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུ་བའི་གོ་སྐབས་ཐོབ་པར་ང་ཚོས་གང་མང་མང་རོགས་པ་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང་།
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
རྩོམ་སྒྲིག་པ། པདྨ་མཚོ།