སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཇར་མན་གྱིས་མ་འོངས་པའི་ལོ་ལྔའི་ནང་རྒྱ་ནག་གི་ཧྭ་ཝེ་དང་ཛི་ཊི་ཨི་ (ZTE)གཉིས་ཀྱིས་བཟོས་པའི་ཆ་ཤས་དེ་དག་(5G)སྐུད་མེད་དྲ་རྒྱ་ནས་མེད་པར་བཟོ་རྒྱུ་ཡིན་པ་དང་། དེ་ནི་ད་ལྟ་འཇར་མན་དང་རྒྱ་ནག་བར་འབྲེལ་ལམ་ཇེ་སྡུག་ཏུ་བཏང་བ་ཞིག་ཆགས་ཀྱི་ཡོད་འདུག
གནད་དོན་དེའི་ཐད་འཇར་མན་གྱི་ནང་སྲིད་བློན་ཆེན་ནན་སི་ཧྥའེ་ཟཱར་ (Nancy Faeser) ལགས་ཀྱིས། ང་ཚོས་འཇར་མན་གྱི་དྲ་རྒྱའི་མ་ལག་ལ་སྲུང་སྐྱོབ་བྱས་ཏེ་ཚོང་འབྲེལ་གྱི་ལྟེ་གནས་ཤིག་ཏུ་བསྒྱུར་རྒྱུ་ཡིན། ང་ཚོ་སྔོན་མ་ནང་བཞིན་ཕྱོགས་གཅིག་ཁོ་ནར་བརྟེན་ནས་འགྲོ་རྒྱུ་མིན་པར། མི་མང་དང་བཟོ་གྲྭ རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་དྲ་རྒྱ་དང་གནས་ཚུལ་རིགས་སྲུང་སྐྱོབ་བྱ་རྒྱུ་ཡིན། ཞེས་བརྗོད་འདུག
འཇར་མན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས། འཇར་མན་གྱི་ཐག་གཅོད་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་གཏོང་རྒྱུ་ཡིན་པ་མ་ཟད། དེས་འབྱུང་འགྱུར་རྒྱ་ནག་དང་ཡུ་རོབ་སྤྱིའི་བར་མཉམ་ལས་ལ་གནོད་སྐྱོན་ཐེབས་རྒྱུ་ཡིན་པའི་ལན་འདེབས་བྱས་འདུག་ལ། ཧྭ་ཝེ་འཕྲུལ་རིགས་བཟོ་ཚོང་ཁང་གིས། ང་ཚོའི་འཕྲུལ་རིགས་ཀྱི་ཞབས་ཞུས་དྲ་རྒྱའི་བདེ་འཇགས་ལ་ཉེན་ཁ་བསྐྲུན་གྱི་ཡོད་པའི་དཀའ་ངལ་དང་བདེན་དཔང་གཅིག་ཀྱང་མེད། དེར་བརྟེན། ང་ཚོས་ཧྭ་ཝེའི་མགྲོན་པོ་དང་མཉམ་ལས་པ་ཚོར་གུ་ཡངས་དང་བཟང་ཕྱོགས་ཀྱི་ཐོག་ནས་དྲ་རྒྱའི་བདེ་འཇགས་ཡར་རྒྱས་དང་གོང་འཕེལ། འཇར་མན་ནང་དུའང་དྲ་རྒྱའི་ཞབས་ཞུ་ཚད་ལྡན་ཅན་དུ་གཏོང་རྒྱུ་ཡིན་ཞེས་བརྗོད་འདུག
ད་ལྟའི་ཆར་འཇར་མན་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་གཟའ་འཁོར་སྔོན་མའི་ནང་འཇར་མན་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་དམིགས་ནས་འཇར་མན་གྱི་(Volkswagen)འཕྲུལ་རིགས་བཟོ་ཚོང་གི་ཅ་དངོས་རིགས་རྒྱ་ནག་ལ་བཙོང་མཚམས་བཞག་ཡོད། འོན་ཀྱང་། སྐབས་དེར་རྒྱ་ནག་གིས་ཀྱང་འཇར་མན་གཞུང་ལ་མི་དགའ་བའི་རྣམ་འགྱུར་བསྟན་ཡོད་པ་དང་། ཕྱི་ཟླ་ ༦ པ་ནས་བཟུང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དང་རྒྱ་ནག་བར་ཚོང་འབྲེལ་གྱི་སྲིད་ཇུས་ལག་བསྟར་བྱེད་ཕྱོགས་དང་འབྲེལ་ནས་འགལ་ཟླ་མང་པོ་བྱུང་བ་མ་ཟད། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་རྒྱ་ནག་ནས་དབོར་འདྲེན་བྱས་པའི་རླངས་འཁོར་ཐོག་ཁྲལ་སྤར་བར་རྒྱ་ནག་སྐད་ཤོར་ཡོད་པ་རེད།
ཕྱི་ལོ་ ༢༠༡༨ ཟླ་ ༡༡ པའི་ནང་ཧྭ་ཝེ་འཕྲུལ་རིགས་ཚན་རྩལ་བཟོ་ཚོང་ཁང་གིས་འཛམ་གླིང་གི་རྒྱལ་ཁབ་ ༡༧༠ ནང་ཧྭ་ཝེ་ཡི་ཐོན་རྫས་ཚོང་འགྲེམས་བྱེད་ཀྱི་ཡོད་པ་དང་། འཛམ་གླིང་གི་ཁ་པར་བཟོ་ཚོང་ཁང་ཆེ་ཤོས་ ༥༠ ལས་ ༤༦ གིས་ཧྭ་ཝེ་ལ་མཉམ་འབྲེལ་བྱེད་བཞིན་ཡོད་སྐོར་བསྒྲགས་ཡོད་ཀྱང་། ཨ་རིའི་གཞུང་གིས་ཧྭ་ཝེ་བཟོ་ཚོང་ཁང་གིས་ཐོན་རྫས་ཕྱིར་ཚོང་གི་ཐབས་ལམ་བརྒྱུད་གསང་ཉུལ་གྱི་བྱ་བ་སྒྲུབ་བཞིན་ཡོད་སྐོར་ལ་སྐྱོན་བརྗོད་དྲག་པོ་བྱས་པར་བརྟེན། འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ཧྭ་ཝེ་བཟོ་ཚོང་ཁང་གི་ཐོན་རྫས་ལ་དོགས་འདྲོགས་བྱས་ཏེ། ད་ལྟ་ཨ་རི་དང་དབྱིན་ཇི། ཨོ་གླིང་། ནིའུ་ཛི་ལན་ཌི། ཁེ་ན་ཌ་བཅས་སྟོབས་ཆེན་རྒྱལ་ཁབ་ལྔ་ལས་གྲུབ་བའི་སྤྱན་ལྔ་ (Five Eyes) ཞེས་པའི་རྒྱལ་སྲུང་སོགས་ཀྱི་གསང་བའི་གནས་ཚུལ་མཁོ་སྤྲོད་བྱེད་རེས་ཀྱི་མནའ་འབྲེལ་རྒྱལ་ཚོགས་ཁྲོད་ནས། ཁེ་ན་ཌ་ཕུད་པའི་རྒྱལ་ཁབ་གཞན་བཞི་ཡིས་རྒྱ་ནག་གི་འཕྲུལ་རིགས་བཟོ་ཚོང་དེ་གཉིས་རང་གི་རིམ་པ་ལྔ་བའི་དྲ་ལམ་འཛུགས་སྐྲུན་ལས་གཞིའི་ནང་ཞུགས་མི་ཆོག་པའི་ཐག་གཅོད་བླངས་ཟིན་པ་མ་ཟད། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་བཅུ་ལྷག་གིས་ཧྭ་ཝེ་དང་ཛི་ཊི་ཨི་འཕྲུལ་རིགས་བཀག་སྡོམ་བྱས་ཡོད་པ་རེད།
གསར་འགོད་པ། སྐལ་བཟང་སྦྱིན་པ།