ཡུ་རོབ་ནང་གི་དབྱར་གསེང་བོད་ཀྱི་རིག་གཞུང་ཟབ་སྦྱོང་ཆེ་ཤོས་ཏེ་སྦེལ་ཇམ་བོད་ཀྱི་སྐད་ཡིག་རིག་གཞུང་སློབ་གྲྭའི་དབྱར་གསེང་རིག་གཞུང་ཟབ་སྦྱོང་ཐེངས་ ༡༣ པ་མཇུག་བསྒྲིལ།
འདི་གའི་གསར་འགོད་པར་ས་གནས་ནས་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༧ ནས ༢༣ བར་ཉིན་གྲངས་ ༧ རིང་སྦེལ་ཇམ་གྱི་ས་གནས་ཧྥི་ལོ་རེན་ནི་སིར་ (Florennes) རྟེན་གཞི་བྱས་པའི་རྫོགས་ཆེན་ར་ཉག་དཔལ་སྤྲུལ་རིན་པོ་ཆེ་མཆོག་གི་ཆོས་ཚོགས་འོག་ཆོས་ཀྱི་གྲོང་ཁྱེར་ (Dharma City) ཞེས་པར་སྦེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གིས་གོ་སྒྲིག་བྱས་པའི་དབྱར་གསེང་རིག་གཞུང་ཟབ་སྦྱོང་ཐེངས་ ༡༣ སྐོང་ཚོགས་གནང་ཡོད་འདུག
ཟབ་སྦྱོང་གི་མཇུག་སྡོམ་མཛད་སྒོའི་སྟེང་སྐུ་ཚབ་དོན་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་ཕེབས་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐོར་ངོ་སྤྲོད་དང་དམིགས་བསལ་སྐུ་མགྲོན་རྫོགས་ཆེན་ར་ཉག་དཔལ་སྤྲུལ་རིན་པོ་ཆེ་མཆོག་བོད་ཀྱི་ཆོས་དང་རིག་གཞུང་སྤྱིའི་གལ་གནད་དང་། མི་རབས་གཞོན་པ་རྣམས་ལ་བདག་སྤྲོད་ཇི་ལྟར་གནང་དགོས་མིན་དང་མེ་ཏོག་རིན་པོ་ཆེ་མཆོག་བཅས་ཕེབས་ཏེ་བཀའ་སློབ་གསུང་བཤད་གནང་ཡོད་འདུག
དེ་འབྲེལ་གནས་ཚུལ་ནང་། ཐེངས་འདིའི་དབྱར་གསེང་ཟབ་སྦྱོང་ནང་ཧྥ་རན་སིའི་བོད་ཀྱི་སྐད་ཡིག་སློབ་གྲྭ་ཁག་ལྔ་ནས་སློབ་མ་གྲངས་ ༣༡ དང་། སུའི་ཌན་ནས་སློབ་མ་ ༢། ནེ་ཐི་ལན་ཌི་ནས་སློབ་མ་ ༢ བཅས་སྦེལ་ཇམ་ཕྱི་ནས་ཁྱོན་སློབ་མ་གྲངས་ ༣༥ དང་། སྦེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ཁྱབ་ཁོངས་འཇམ་དབྱངས་བློ་འཕེལ་སློབ་གྲྭ་ས་གནས་ཁག་དྲུག་ནས་སློབ་མ་གྲངས་ ༡༠༠ བཅས་ཁྱོན་སློབ་ཕྲུག་གྲངས་ ༡༣༥ མཉམ་ཞུགས་གནང་ཡོད་འདུག
སྦེལ་ཇམ་ཆོས་རིག་འཛིན་སྐྱོང་ཁང་གི་འགན་འཛིན་འཇིགས་མེད་ལགས་ནས་ད་བར་དབྱར་གསེང་རིག་གཞུང་ཟབ་སྦྱོང་ཐེངས་ ༡༣ ཙམ་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་དང་རྒྱབ་ལྗོངས་སོགས་ངོ་སྤྲོད་གནང་བ་དང་བསྟུན། ཟབ་སྦྱོང་ཚོགས་ཡུལ་རྫོགས་ཆེན་དགེ་ལེགས་དཔལ་འབར་གླིང་གི་འགན་འཛིན་རྫོགས་ཆེན་ར་ཉག་དཔལ་སྤྲུལ་རིན་པོ་ཆེ་མཆོག་ནས་ལོ་ལྟར་སློབ་ཕྲུག་ཚོའི་བཞུགས་གནས་དང་ཞལ་ལག ཚོགས་ཁང་ལ་སོགས་ཆོས་ཚོགས་ཀྱི་མཐུན་རྐྱེན་ཇི་ཡོད་རིན་མེད་སྦྱོར་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད།
སྦེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་དབྱར་གསེང་རིག་གཞུང་ཟབ་སྦྱོང་ཐེངས་ ༡༢ པ་དེ་ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༡༠ ནས་ ༡༧ འཚོགས་ཡོད་དང་། ཚོགས་ཐེངས་བཅུ་གཅིག་པ་དེ་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༤ ནས་ ༡༡ བར་སློབ་མ་ ༡༡༣ མཉམ་ཞུགས་ཀྱིས་འཚོགས་ཡོད་འདུག་ལ། ད་སྔ་སྦེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གིས་སློབ་མའི་ཤེས་ཡོན་དང་འབྲེལ་དབྱར་གསེང་ཟབ་སྦྱོང་ཐེངས་ ༡༣ རིང་གནང་ཞིང་། འདས་ལོར་སྦེལ་ཇམ་འཇམ་དབྱངས་བློ་འཕེལ་གཟའ་མཇུག་སློབ་གྲྭའི་སློབ་མ་དང་དགེ་ལས་ཕ་མ་བཅས་ཁྱོན་མི་གྲངས་ ༢༥ བཞུགས་སྒར་ཤེས་ཡོན་སྐོར་སྐྱོད་དུ་ཕེབས་པ་སོགས་སྦེལ་ཇམ་དུ་གནས་བཞུགས་བོད་མི་ཚོས་མ་འོངས་བོད་ཀྱི་གསོན་རྩ་གང་མང་ཞིག་སྐྱེད་བསྲིང་གནང་དང་གནང་བཞིན་པ་རེད་འདུག
འབྲེལ་ཡོད་ནས་བཏང་བའི་གནས་ཚུལ་གསར་འགོད་པ་སྐལ་བཟང་སྦྱིན་པས་རྩོམ་སྒྲིག་དང་བཅས་སྤེལ།