བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་གསར་པ་བདུད་འདུལ་རྡོ་རྗེ་ལགས་དང་འཕྲོད་བསྟེན་དྲུང་ཆེ་གསར་པ་བྱམས་པ་ཕུན་ཚོགས་ལགས་གཉིས་ནས་དྲུང་ཡིག་ཆེན་མོའི་ལས་འགན་འཁུར་མགོ་ཚུགས།
ཁ་སང་ཕྱི་ཚེས་ ༢༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དང་འཕྲོད་བསྟེན་ལས་ཁུངས་སོ་སོར། དྲུང་ཆེ་གསར་རྙིང་བརྗེ་ལེན་གྱི་མཛད་སྒོ་ཞིག་འཚོགས་ཡོད་ཅིང་། ཚོགས་ཐོག་ཏུ་ཆོས་རིག་ལས་ཁུངས་སུ་སྤྲོད་དཔང་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་འཕྲོད་བསྟེན་ལས་ཁུངས་སུ་སྤྲོད་དཔང་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་རྣམ་གཉིས་དབུ་བཞུགས་འོག ཆོས་རིག་དྲུང་འཕར་ཀུན་དགའ་རྒྱལ་མཚན་ལགས་དང་དྲུང་ཆེ་གསར་པ་བདུད་འདུལ་རྡོ་རྗེ་ལགས་གཉིས་བར་རྩིས་སྤྲོད་གནང་ཞིང་། འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར་བདེ་སྐྱིད་སྒྲོལ་དཀར་ལགས་དང་། ཚབ་གསར་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས་རྣམ་གཉིས་བར་རྩིས་སྤྲོད་རྩིས་ལེན་གྲུབ་མཚམས། དྲུང་ཆེ་གསར་པ་བདུད་འདུལ་རྡོ་རྗེ་ལགས་དང་བྱམས་པ་ཕུན་ཚོགས་ལགས་གཉིས་ནས་ཆོས་རིག་དང་འཕྲོད་བསྟེན་གྱི་དྲུང་ཡིག་ཆེན་མོའི་ལས་འགན་འཁུར་མགོ་བཙུགས་གནང་ཡོད་འདུག
བདུད་འདུལ་རྡོ་རྗེ་ལགས་ནི་ཕྱི་ལོ་ ༢༠༠༨ ཟླ་བ་ ༤ ཚེས་ ༡༧ ནས་དྲུང་གཞོན་གནས་རིམ་ཐོག་ཚོད་ལྟར་བསྐོ་གཞག་གིས་རྩིས་ཞིབ་ལས་ཁུངས་ཀྱི་དྲུང་གཞོན་གནས་རིམ་དུ་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༠༨ ཟླ་བ་ ༡༡ ཚེས་ ༨ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༢ ཟླ་བ་ ༡༢ ཚེས་ ༡༢ ནས་བལ་ཡུལ་བོད་མིའི་འབྲེལ་མཐུད་ལས་ཁུང་དུ་དྲུང་ཆེར་གནས་སྤོས། ཕྱི་ལོ་ ༢༠༡༣ ཟླ་བ་ ༠༩ ཚེས་ ༠༥ ནས་ཟུང་དྲུང་དུ་གནས་སྤར། ཕྱི་ལོ་ ༢༠༡༣ ཟླ་བ་ ༡༠ ཚེས་ ༢༡ ནས་སྒང་ཏོག་ས་གནས་མགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༦ ཟླ་བ་ ༠༦ ཚེས་ ༢༢ ནས་ནང་སྲིད་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༢༠ ཟླ་བ་ ༠༢ ཚེས་ ༠༡ ནས་དྲུང་འཕར་གནས་རིམ་དུ་གནས་སྤར་གྱིས་ཆོས་རིག་ལས་ཁུངས་ཀྱི་དྲུང་འཕར་དུ་གནས་སྤོས། ཕྱི་ལོ་ ༢༠༢༣ ཟླ་བ་ ༠༦ ཚེས་ ༢༦ ནས་དཔལ་འབྱོར་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༢༣ ཟླ་བ་ ༠༩ ཚེས་ ༠༤ ནས་བདེ་སྲུང་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༢༥ ཉིན་ནས་ཆོས་རིགལས་ཁུངས་ཀྱི་དྲུང་ཡིག་ཆེན་མོར་བསྐོ་གཞག་གནང་ཡོད་འདུག
བྱམས་པ་ཕུན་ཚོགས་ལགས་ནི་ཕྱི་ལོ་ ༢༠༠༧ ཟླ་བ་ ༡༡ ཚེས་ ༡ ནས་དྲུང་གཞོན་གནས་རིམ་ཐོག་ཚོད་ལྟར་བསྐོ་གཞག་གིས་ནང་སྲིད་ལས་ཁུངས་ཀྱི་དྲུང་གཞོན་གནས་རིམ་དུ་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༠༨ ཟླ་བ་ ༠༦ ཚེས་ ༡༦ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༨ ཟླ་བ་ ༠༧ ཚེས་ ༢༥ ནས་ཧོན་སུར་རབ་རྒྱས་གླིང་ས་གནས་མགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༢ ཟླ་བ་ ༠༧ ཚེས་ ༠༤ ནས་ཟུང་དྲུང་དུ་གནས་སྤར་གྱིས་བདེ་སྐྱིད་སླར་གསོའི་ས་གནས་མགོ་འཛིན་དུ་གནས་སྤོས། ཕྱི་ལོ་༢༠༡༤ ཟླ་བ་ ༠༩ ཚེས་ ༡༠ ནས་སྡེ་ར་ལྡུན་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༦ ཟླ་བ་ ༠༦ ཚེས་ ༢༢ ནས་ནང་སྲིད་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༦ ཟླ་བ་ ༠༧ ཚེས་ ༢༥ ནས་འཕྲོད་བསྟེན་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༩ ཟླ་བ་ ༠༥ ཚེས་ ༠༤ ནས་དྲུང་འཕར་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༢༣ ཟླ་བ་ ༠༦ ཚེས་ ༢༣ ནས་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་དུ་གནས་སྤོས། ཕྱི་ལོ་ ༢༠༢༤ ཟླ་བ་ ༠༦ ཚེས་ ༡༧ ནས་དྲུང་ཡིག་ཆེན་མོར་གནས་སྤར། ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༢༤ ཉིན་ནས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཡིག་ཆེན་མོར་བསྐོ་གཞག་གནང་ཡོད་འདུག
གསར་འགོད་པ་བྱམས་པ་ཚེ་རིང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་བཏུས། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།