བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་རྒྱ་གཞུང་གིས་རྭ་རྒྱ་ཤེས་རིག་ནོར་བུ་སློབ་གླིང་སྒོ་བརྒྱབ་པ་ནི་སློབ་གྲྭ་ཙམ་ཞིག་སྒོ་བརྒྱབ་པ་མ་ཡིན་པར་དེས་བོད་མི་རིགས་ཀྱི་ངོ་བོ་རྩ་གཏོར་གྱི་སྲིད་ཇུས་ཤིག་སྤེལ་བཞིན་ཡོད་སྐོར་བརྗོད་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། བོད་ཀྱི་དུས་བབ་གསར་ཁང་གི་གོ་སྒྲིག་འོག བོད་ནང་གི་ཤེས་ཡོན་སློབ་གསོའི་ཛ་དྲག་གནས་སྟངས་ལ་ནུས་པ་མཉམ་སྤུངས་ཀྱི་གསར་འགོད་གསར་བསྒྲགས་ཤིག་སྐོང་ཚོགས་བྱས་ཡོད་ཅིང་། ཚོགས་ཐོག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། འདི་ག་བོད་ཀྱི་དུས་བབ་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་པདྨ་མཚོ་ལགས་དང་འཛིན་སྐྱོང་འགན་འཛིན་བསྟན་འཛིན་རབ་ཡངས་ལགས། དེ་བཞིན་ཉམས་ཞིབ་པ་དང་། གསར་འགོད་པ་བཅས་མཉམ་ཞུགས་གནང་སོང་།
བོད་ནང་གི་ཤེས་ཡོན་སློབ་གསོའི་ཛ་དྲག་གནས་སྟངས་ལ་ནུས་པ་མཉམ་སྤུངས་ཀྱི་གསར་འགོད་གསལ་བསྒྲགས་ནང་། ཕྱི་ལོ་ ༢༠༡༠ ཙམ་ནས་བཟུང་རྒྱ་ནག་དམར་གཞུང་གིས་བོད་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་དེབ་རྣམས་རྒྱ་ཡིག་ཏུ་བསྒྱུར་བའི་བཙན་ཤེད་སྲིད་ཇུས་ལག་བསྟར་བྱེད་མགོ་བརྩམས་ཡོད་པར་མ་ཟད།བོད་ཀྱི་དགོན་པ་གྲྭ་ཚང་ཁག་དང་མི་སྒེར་བཅས་ཀྱིས་སྒྲུབ་བཞིན་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་རིག་གཞུང་སྦྱང་བྱ་གཙོ་བོར་འཛིན་པའི་སྒེར་གཉེར་སློབ་གྲྭ་རྣམས་བཙན་དབང་གིས་གཅིག་རྗེས་གཉིས་མཐུད་དུ་སྒོ་རྒྱག་བཞིན་པའི་གནས་སྟངས་དེ་ལོ་རེ་བཞིན་ཛ་ཇེ་དྲག་ཏུ་འགྱུར་བཞིན་ཡོད་ལ། ཉེ་སྔོན་ཕྱི་ལོ་ ༢༠༢༤ཟླ་ ༠༧ ཚེས་ ༡༤ ཉིན་བོད་གངས་ཅན་ལྗོངས་སུ་སྐད་ཡིག་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་དུ་གཏོང་བར་མཛད་རྗེས་ཤིན་ཏུ་ཆེ་བའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བཙན་གྱིས་སྒོ་བརྒྱབ་པའི་ཆེས་བློ་ཕམ་གྱི་གནས་ཚུལ་བྱུང་བར་བརྟེན། འདི་ག་བོད་ཀྱི་དུས་བབ་གསར་ཁང་ནས་ཕན་འབྲས་ཅི་ཆེ་ཡོང་རེས་རང་དབང་ཅན་གྱི་ཡུལ་གྲུར་གནས་བཞུགས་བཙན་བྱོལ་བོད་མི་དང༌། ཆོས་དང་རིག་གཞུང་གཅིག་པའི་སློབ་དཔོན་དང་འབུམ་རམས་པ་ ༡༠༠ ལྷག་ལ་འབྲེལ་བ་ཞུས་ཏེ། ནུས་པ་མཉམ་སྤུངས་དང་གདུང་སེམས་མཉམ་བསྐྱེད་ཅེས་པའི་མཚན་རྟགས་བསྡུ་རུབ་ཀྱི་སྙན་ཞུ་ཞིག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པར་ཕུལ་ཟིན་ལ།འབོད་སྐུལ་སྙན་ཞུ་འདི་རྒྱལ་ཁབ་ཁག་གི་གཞུང་ཚབ་ཁང་དང་བོད་དོན་ཞུ་གཏུག་གནང་མཁན་ཚོགས་སྡེ་ཁག་ལའང་གཏོང་རྒྱུ་ཡིན། ཞེས་འཁོད་འདུག
ནུས་པ་མཉམ་སྤུངས་དང་གདུང་སེམས་མཉམ་བསྐྱེད་ཀྱི་གལ་གནད་སྐོར་ལ་བོད་མི་མང་སྤྱི་འཐུས་པདྨ་མཚོ་ལགས་ཀྱིས། རྒྱ་ནག་གཞུང་གིས་ཉིན་རེ་བཞིན་བོད་མི་རིགས་ཀྱི་སྲོག་རྩར་གྱུར་བའི་སྐད་ཡིག་དང་རིག་གཞུང་རྨང་ནས་གཏོར་བཞིན་པའི་ཛ་དྲག་གི་གནས་སྟངས་དེ། བོད་མི་ནང་ཁུལ་དུ་བགྲོ་གླེང་བྱས་ཏེ་དཀའ་ངལ་སེལ་བའི་ནུས་པ་ཁག་པོ་ཆགས་ཡོད་པར་བརྟེན། བཙན་བྱོལ་ནང་སློབ་གཉེར་གྱི་ཤེས་ཡོན་ཚད་མཐོ་བོ་སླེབས་ཡོད་པའི་བོད་པ་དང་། བོད་དང་རིག་གཞུང་གཅིག་པའི་སློབ་དཔོན་དང་འབུམ་རམས་པ་ ༡༠༠ ཡི་མཚན་རྟགས་བསྡུ་རུབ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་ཐོབ་ཐང་དང་། གྲངས་ཉུང་མི་རིགས་ཀྱི་གནད་དོན། རྒྱ་ནག་གི་སྐོར་ལ་ལྟ་ཞིབ་ཚན་པ་བཅས་སུ་སྙན་ཞུ་ཕུལ་ཟིན། དེ་བཞིན་རྒྱལ་ཁབ་ཁག་གི་གཞུང་ཚབ་དང་རྒྱལ་སྤྱིའི་ཐོག་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཏུ་སྙན་ཞུ་འབུལ་འཆར་ཡོད། ཅེས་བརྗོད་སོང་།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། ང་ཚོ་ནི་བོད་མི་རིགས་ཀྱི་མགྲིན་ཚབ་པ་ཡིན་ཟེར་གྱི་ཡོད་པ་བཞིན། མགྲིན་ཚབ་པས་མགྲིན་ཚབ་པ་ཡི་ལས་ཀ་ངེས་པར་དུ་བྱེད་དགོས་པ་ལྟར། དུས་བབ་གསར་ཁང་གིས་མགྲིན་ཚབ་པའི་ལས་ཀ་བྱས་ཡོད་པ་ཞིག་མཐོང་གི་འདུག བོད་ནང་གི་སློབ་ཕྲུག་རྣམས་རྒྱ་གཞུང་གི་གཏན་སྡོད་སློབ་གྲྭར་བཙན་གྱིས་གཏོང་བཞིན་ཡོད་པའི་སྐོར་རྒན་རྒྱལ་ལོ་ལགས་ཀྱིས་རྒྱལ་སྤྱིའི་ཐོག་ཏུ་གསལ་བསྒྲགས་བྱེད་ཐུབ་ཡོད། ཚོགས་པ་ཁག་གིས་ཀྱང་སོ་སོའི་ལས་ཀ་བྱེད་ཐུབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཐེངས་འདིའི་སྙན་ཞུའི་ནང་དུ་བོད་ནང་གི་སློབ་གྲྭ་ཁག་གི་སྐོར་ལ་ཞིབ་འཇུག་གང་འཚམ་བྱས་འདུག རྭ་རྒྱ་ཤེས་རིག་ནོར་བུ་སློབ་གླིང་ནི་རྒྱ་ནག་གཞུང་གིས་བོད་ནང་གི་སློབ་གྲྭ་ཡོངས་རྫོགས་སྒོ་རྒྱག་རྒྱུ་ཡིན་པའི་ཚབ་མཚོན་ཞིག་རེད། རྭ་རྒྱ་ཤེས་རིག་ནོར་གླིང་སྒོ་བརྒྱབ་པའང་སློབ་གྲྭ་ཙམ་ཞིག་སྒོ་བརྒྱབ་པ་མ་ཡིན་པར། དེས་བོད་མི་རིགས་ཀྱི་སྐད་ཡིག་དང་། ཆོས། རིག་གཞུང་། ལོ་རྒྱུས་སོགས་རྩ་མེད་གཏོང་བའི་སྲིད་ཇུས་ཤིག་སྤེལ་བཞིན་པ་མཚོན་གྱི་ཡོད། དེ་བཞིན་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་ཡོད་དོ་ཅོག་གིས་ཀྱང་བོད་མིའི་མགྲིན་ཚབ་པ་ཟེར་བའི་མིང་ཙམ་ཞིག་མིན་པར་དངོས་ཡོད་ཀྱི་མགྲིན་ཚབ་པ་ཞིག་ཆགས་ཐུབ་དགོས། ཅེས་བརྗོད་སོང་།
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། རྒྱ་ནག་གཞུང་གིས་རྭ་རྒྱ་ཤེས་རིག་ནོར་གླིང་གཅིག་པོ་སྒོ་བརྒྱབ་པ་མ་ཡིན་པར། བོད་ནང་གི་སློབ་གྲྭ་མང་པོ་ཞིག་སྒོ་བརྒྱབ་ཡོད་པ་མ་ཟད། བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་གཏོང་བའི་སྲིད་ཇུས་ཤིག་ཆགས་ཡོད། རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་ཏེ་ལོ་ ༦༠ ལྷག་འགྲོ་བཞིན་ཡོད་ཀྱང་། བོད་ལ་བདག་དབང་བྱེད་པའི་དབང་ཚད་དང་ནུས་པའི་འདང་གི་མེད་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པས། བོད་ནང་གི་བོད་མི་དམར་གསོད་དང་། དགོན་པ་གཏོར་བཤིག ད་ལྟ་ཆར་མིའི་རྣམ་དཔྱོད་དང་ཤེས་ཡོན་ཡར་རྒྱས་གཏོང་སའི་བསྟི་གནས་ཁག་གཏོར་བཤིག་གཏོང་བཞིན་པའི་གནས་སྟངས་ཤིག་ཆགས་ཡོད། རྒྱ་གཞུང་གིས་རྒྱལ་སྤྱིའི་ཐོག་བོད་ནང་དུ་འཛུགས་སྐྲུན་དང་ཡར་རྒྱས་གཏོང་བཞིན་པ་སོགས་ཀྱི་དྲིལ་བསྒྲགས་ཤུགས་ཆེན་ག་ཚད་བྱས་ཀྱང་། རྒྱ་གཞུང་གི་རྫུན་གཏམ་ཡིན་པ་ར་སྤྲོད་བྱས་ཡོད། ཅེས་བརྗོད་སོང་།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་
གཅིག རིག་གཞུང་བཙན་གནོན་གྱི་སྲིད་ཇུ
གཉིས། བོད་ཁུལ་དུ་བཅའ་སྡོད་སློབ་གྲྭ
གསུམ། རྒྱ་ནག་དམར་གཞུང་གིས་རྒྱལ་སྤྱི
བཞི། རྒྱ་ནག་དམར་གཞུང་གིས་དཔལ་འབྱོར་
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།