དེ་རིང་ནས་ཉིན་གྲངས་བཞིའི་རིང་ས་རཱ་མཐོ་སློབ་ཏུ་སྐབས་བཅུ་བདུན་པའི་བོད་རིག་པའི་བགྲོ་གླེང་འཚོག་བཞིན་འདུག་པ་དང་བགྲོ་གླེང་ནང་བོད་མིའི་མཐོ་སློབ་ཁག་གི་སློབ་དཔོན་ཆེན་མོ་དང་ཞིབ་འཇུག་སློབ་མ་བཅས་ཁྱོན་མི་གྲངས་ལྔ་བཅུ་ཡིས་མཉམ་ཞུགས་བྱེད་ཀྱིན་འདུག
དེ་རིང་སྔ་དྲོ་ཆུ་ཚོད་ ༩།༢༥ སྟེང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་ས་རཱ་མཐོ་སློབ་གཉིས་ཟུང་འབྲེལ་གྱི་གོ་སྒྲིག་འོག་ཉིན་བཞིའི་རིང་གི་སྐབས་བཅུ་བདུན་པའི་བོད་རིག་པའི་བགྲོ་གླེང་དབུ་འཛུགས་ཀྱི་མཛད་སྒོ་འཚོགས་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་དང་དམིགས་བསལ་སྐུ་མགྲོན་དུ་ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་འབུམ་རམས་པ་བྱམས་པ་བསམ་གཏན་ལགས། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས་དང་། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པ་དོན་གྲུབ་ལགས། རྒྱ་གར་ནང་རྟེན་གཞི་བྱས་པའི་བོད་ཀྱི་མཐོ་སློབ་ཁག་ཅིག་གི་གདན་ཞུའི་སློབ་དཔོན་དང་མཁས་དབང་བཅུ་ཙམ་དང་ཚོགས་བཅར་བ་ཁྱོན་ ༤༠ ལྷག་འཛོམས་འདུག
སྐབས་དེར་ས་རཱ་མཐོ་སློབ་ཀྱི་གཞོན་ནུའི་ཚོགས་གཙོ་ཀརྨ་ཐུབ་བསྟན་ལགས་ཀྱིས། ཐེངས་འདིར་སྐབས་བཅུ་བདུན་པའི་བོད་རིག་པའི་བགྲོ་གླེང་སྟེང་ཏཱ་ལའི་བླ་མ་མཐོ་སློབ་དང་ཝ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། ས་རཱ་མཐོ་སློབ་བཅས་ཀྱི་ཞིབ་འཇུག་སློབ་མ་རྐྱང་ནས་མཉམ་ཞུགས་གནང་ཡོད་ཅིང་། བརྗོད་གཞི་གཙོ་བོ་ནི་བོད་རིག་པའི་ཞིབ་འཇུག་ཐབས་ལམ་ཞེས་པ་ཡིན་ཞིང་། དམིགས་ཡུལ་གཙོ་བོ་ནི་བོད་པའི་སྤྱི་ཚོགས་ནང་གི་གཞོན་སྐྱེས་ཚོར་ཞིབ་འཇུག་དང་འབྲེལ་བའི་སྐོར་ལ་གོ་རྟོགས་སྤེལ་ཏེ་ཞིབ་འཇུག་གི་སློབ་སྦྱོང་གོང་འཕེལ་གཏོང་རྒྱུ་དེ་ཡིན་པ་དང་། བགྲོ་གླེང་ནང་ས་རཱ་མཐོ་སློབ་ཀྱི་སློབ་མ་གྲངས་ ༣༢ དང་ཝ་ཎ་མཐོ་སློབ་ནས་སློབ་མ་ ༤ ། དེ་བཞིན། ཏཱ་ལའི་བླ་མ་མཐོ་སློབ་ནས་སློབ་མ་ ༤ བཅས་སློབ་མ་ ༤༠ དང་ལམ་སྟོན་གནང་མཁན་སློབ་དཔོན་དང་མཁས་དབང་སོགས་མི་སྣ་ ༡༠ ཁྱོན་བཅས་ཁྱོན་བསྡོམས་མཉམ་ཞུགས་གནང་མཁན་མི་གྲངས་ ༥༠ ཡོད་སྐོར་སོགས་བརྗོད་བྱུང་།
ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་འབུམ་རམས་པ་བྱམས་པ་བསམ་གཏན་ལགས་ཀྱིས་བོད་རིག་པའི་ཞིབ་འཇུག་གི་བྱུང་རིམ་སྐོར་ངོ་སྤྲོད་གནང་སྐབས། བོད་རིག་པའི་ཞིབ་འཇུག་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས། བཙན་བྱོལ་བོད་མི་སྤྱི་སྒེར་གཉིས་ཀྱི་ལག་རྗེས་ཆེན་པོ་ཞིག་ཡིན། བོད་རིག་པ་ཞིབ་འཇུག་ཅེས་དབྱིན་སྐད་དུ་ (Tibetan Studies) ཟེར་དུས་བོད་མི་ཞིག་གིས་སོ་སོའི་ཡུལ་སྲོལ་གོམས་གཤིས་སོགས་ལ་སྦྱོང་བྱེད་པར་གོ་ཡི་མེད་ཅིང་། ཐ་སྙད་དེ་ནི་ཕྱི་རྒྱལ་གྱི་མི་ཞིག་གིས་བོད་པའི་སྐད་དང་ཡི་གེ ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་ལ་སློབ་སྦྱོང་བྱེད་པ་ཞིག་ལ་གོ་དགོས་པ་དང་། ཕྱི་རྒྱལ་གྱི་མིས་ཕྱི་ལོ་ ༡༨༠༠ ཡས་མས་ཙམ་ནས་བོད་པའི་རིག་གཞུང་སྐོར་ལ་སློབ་སྦྱོང་བྱེད་མགོ་བརྩམས་ཏེ་དུས་ཡུན་ལོ་ངོ་ཉིས་བརྒྱ་ཙམ་ལས་ཕྱིན་མེད། ལོ་ངོ་ཉིས་བརྒྱ་དེ་དུས་ཡུན་རིམ་པ་གཉིས་སུ་ཕྱེས་དགོས་པ་ལས་དང་པོ་ཕྱི་ལོ་ ༡༨༣༠ ནས་ ༡༩༤༧ བར་རྒྱ་གར་རང་བཙན་མ་ཐོབ་ཀྱི་བར་ཡིན་པ་དང་། དེ་ནི་གཙོ་བོ་རྒྱ་གར་དབྱིན་ཇིའི་སྲིད་གཞུང་གིས་ཆབ་སྲིད་མི་སྣ་དང་། གསང་ཉུལ་བ་དང་ཡུལ་ལྗོངས་འཚོལ་ཞིབ་པ། ཆོས་ལུགས་སྤེལ་མཁན་སོགས་བོད་ནང་མངག་གཏོང་བྱས་པའི་ཕུགས་དམིགས་དོན་དག་གཞན་ཡིན་ཡང་། མི་དེ་དག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་ལ་སློབ་སྦྱོང་བྱས་ཏེ་བོད་དང་བོད་ཀྱི་རིག་གཞུང་ཕྱིའི་རྒྱལ་ཁབ་ཁག་ལ་ངོ་སྤྲོད་བྱེད་ཐུབ་ཡོད་པ་དང་།
དེ་ནས་ཕྱི་ལོ་ ༡༩༥༩ ལོར་བོད་མི་རྣམས་བཙན་བྱོལ་དུ་གྱར་དགོས་བྱུང་བ་དང་། ཕྱི་ལོ་ ༡༩༦༠ ལོར་ཕྱིའི་རྒྱལ་ཁབ་ཁག་གི་མཁས་དབང་ཚོས་༧གོང་ས་མཆོག་ནས་བོད་ཀྱི་ཆོས་རིག་རྒྱལ་ཁབ་གཞན་ནང་ངོ་སྤྲོད་བྱེད་པར་མི་སྣ་མངག་གཏོང་ཡོང་བའི་ཞུ་ཡིག་འབྱོར་གྱི་ཡོད་པ་ལྟར། ཕྱི་ལོ་ ༡༩༦༠ ལོར་༧གོང་ས་མཆོག་གིས་བླ་སྤྲུལ་དང་དགེ་བཤེས། མི་སྐྱ་སོགས་མི་སྣ་ ༡༤ ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་མངག་གཏོང་མཛད་པ་ལ་བརྟེན་ནས། ནུབ་ཕྱོགས་སུ་བོད་རིག་པའི་མི་སྣ་མང་པོ་བསྐྱེད་བསྲིང་བྱུང་ཡོད་ཅིང་། ཁོང་ཚོ་དྷ་སར་ཕེབས་ཏེ་སློབ་སྦྱོང་གནང་མྱོང་མེད་མཁན་གཅིག་ཀྱང་མེད་ལ། ཕྱི་ལོ་ ༡༩༧༧ ལོར་བོད་རིག་པའི་ཚོགས་ཆེན་ལས་ཐོག་མ་སུད་སིའི་གྲོང་ཁྱེར་ཛརིག་ནང་བོད་རིག་པའི་གཞོན་སྐྱེས་བགྲོ་གླེང་འཚོགས་ཡོད། ཕྱི་ལོ་ ༡༩༧༩ ལོར་བོད་རིག་པའི་ལྷན་ཚོགས་ཐོག་མར་གསར་འཛུགས་བྱས་ཏེ་ཧྥ་རན་སིའི་རྒྱལ་ས་པེ་རེ་སིའི་ནང་བོད་རིག་པའི་བགྲོ་གླེང་འཚོགས།
དེ་ནས་ཕྱི་ལོ་ ༡༩༨༦ ལོར་རྒྱ་ནག་གིས་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་བཙུགས་ཏེ། འཛམ་གླིང་ནང་བོད་རིག་པའི་མཁས་དབང་བརྒྱ་ཕྲག་མང་པོ་ཡོད་པ་དག་གིས་འབྲེལ་བ་བྱེད་ས་བཙན་བྱོལ་བོད་གཞུང་ཡིན་པས། རྒྱ་ནག་གིས་རྒྱལ་སྤྱིའི་རིག་པའི་མཁས་དབང་ཁག་དང་བཙན་བོད་མིའི་བར་གྱི་འབྲེལ་ལམ་གཅོད་ཐབས་དང་། ཕྱི་རྒྱལ་བ་བོད་རིག་པའི་སྐོར་ལ་ཞིབ་འཇུག་གནང་མཁན་མང་པོ་ཞིག་གི་ཁ་ཕྱོགས་བོད་ནང་དུ་བསྒྱུར་ཐབས་བྱས་ཡོད།
མཇུག་ཏུ་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་བཀའ་བསྟན་ཡོངས་གྲངས་མཛོད་ཅན་དུ་བསྒྱུར་རྒྱུའི་གཞི་རྒྱ་ཆེ་བའི་ལས་གཞི་ཞིག་ད་ལྟ་འགྲོ་མུས་ཡིན་པ་དང་། གྲངས་མཛོད་ལས་གཞི་དེའི་ཆེད་ཨ་སྒོར་ས་ཡ་དྲུག་དང་ལོ་གསུམ་གྱི་ལས་གཞི་ཞིག་ཡིན་སྟབས། ཐེངས་འདིར་ཆོས་རིག་ལས་ཁུངས་ངོས་ནས་ས་རཱ་གཞོན་ནུའི་རུ་ཁག་དང་མཉམ་འབྲེལ་གྱིས་བོད་རིག་པའི་བགྲོ་གླེང་ཚོགས་འདུ་ཐེངས་བཅུ་བདུན་པ་དེ་གོ་སྒྲིག་གནང་ཐུབ་པར་དགའ་པོ་བྱུང་། ཐེངས་འདིའི་བགྲོ་གླེང་སྟེང་དུ་གསུང་བཤད་གནང་མཁན་སློབ་དཔོན་ཆེན་མོ་མང་པོ་ཕེབས་ཡོད་པ་དང་ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་ལའང་ལས་རིམ་ནང་སྐད་ཆ་བཤད་པའི་གོས་སྐབས་ཡོད་སྟབས། སྲིད་སྐྱོང་ངོས་ནས་མང་པོ་ཞིག་ཞུ་རྒྱུ་མིན་ནའང་། ང་ཚོས་བགྲོ་གླེང་དང་ཟབ་སྦྱོང་སོགས་ཀྱི་ལས་དོན་ག་རེ་བསྒྲུབས་ཀྱང་འགྲོ་གྲོན་ཕོན་ཆེན་གཏོང་གི་ཡོད་པར་བརྟེན། འགྲོ་གྲོན་བཏང་བ་ནང་བཞིན་གྱིས་ཚང་མས་དོ་སྣང་ཡག་པོ་བྱས་པ་ཡིན་ན་ཟབ་སྦྱོང་དང་བགྲོ་གླེང་ཕན་ཐོགས་ཆེ་བ་ཞིག་ཡོང་གི་ཡོད་སྐོར་སོགས་གསུངས་སོང་།