རྩོམ་པ་པོ། རཱ་ཏི་ཀ།
མགོ་ལོག་ལྕགས་མོས་དབྱིན་ཡིག་ནས་བསྒྱུར།
མི་འབོར་ཐེར་འབུམ་གཅིག་དང་དུང་ཕྱིར་ ༤ ལྷག་ཡོད་པའི་རྒྱལ་ཁབ་ཅིག་གི་ནང་དུ། མི་དམངས་ཀྱི་ངོས་ནས་རཱ་ཏན་ཊ་ཊཱ་ལས་ལྷག་པའི་བརྩི་བཀུར་ཐོབ་པའི་ཚོང་དཔོན་ཉུང་ཤས་ལས་མེད།
རེས་གཟའ་ལྷག་པའི་ཉིན་རྒྱ་གར་གྱི་ཁེ་ལས་པ་སྙན་གྲགས་ཅན། ཊ་ཊཱ་ཁེ་ལ་ཚོགས་པའི་ཚོགས་གཙོ་ཟུར་པ་རཱ་ཏན་ཊ་ཊཱ་མཆོག་དགུང་ལོ་ ༨༦ ཐོག་སྐུ་ཚེའི་འཕེན་པ་རྫོགས་ཡོད། སྐུ་གཤེགས་དམ་པ་ཁོང་ནི་ཁེ་ལས་པ་སྙན་གྲགས་ཆེན་པོ་དང་། མི་དམངས་ཉམ་ཐག་ལ་རོགས་སྐྱོར་གནང་མཁན་གྱི་སྦྱིན་བདག་གལ་ཆེན་ཞིག་ཡིན་པ། ཁོང་གི་འོད་སྟོང་འབར་བའི་མི་ཚེའི་ལོ་རྒྱུས་ཡིས་རྒྱ་གར་རྒྱལ་ཡོངས་ཀྱི་དཔལ་འབྱོར་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད།
རྒྱལ་སྤྱིའི་ཁྲོམ་རིའི་ནང་དུ་ཁེ་ལས་པ་སྙན་གྲགས་ཅན་ལ་ངོས་འཛིན་ཚད་མཐོ་པོ་ཐོབ་ཡོད་མཁན་ཞིག་དང་། མི་ཚོས་འགྲེལ་བརྗོད་བྱས་པ་ལྟར་ན་ཊ་ཊཱ་ཚོང་དོན་ཚོགས་པའི་ཚོགས་གཙོ་རཱ་ཏན་ཊ་ཊཱ་ལགས་ནི་ཁེངས་སྐྱུང་ལྡན་པ་དང་། ངོ་ཚ་ཡོད་པ། རྒྱུན་དུ་གཅིག་པུར་སྡོད་མཁན་ཞིག་ཡིན། ཁོང་གིས་ལོ་རབས་གཉིས་ལྷག་གི་རིང་དུ་ཊ་ཊཱ་ཚོང་དོན་ཚོགས་པ་ (Tata Group) ཡི་ཚོགས་གཙོའི་ཐུགས་འགན་བཞེས་རྗེས། ཕྱི་ལོ་ ༢༠༡༢ ལོར་ཁོང་དགུང་ལོ་༧༥ ཕེབས་སྐབས་བགྲེས་ཡོལ་དུ་ཕེབས་ཡོད།
སྐུ་གཤེགས་དམ་པ་ཊ་ཊཱ་མཆོག་ནི་བཟོ་ལས་ཚོང་ཁྲོམ་ནང་གི་མི་ཚེའི་བརྒྱུད་རིམ་ཁྲོད་དུ་འཁོན་འཛིང་དང་། རྙོག་གྲ་ཆེན་པོ་གང་ཡང་མེད་པའི་ཁེ་ལས་དབུ་ཁྲིད་རྒན་གྲས་ཤིག་ཡིན། ཁོང་གི་ཚོང་ལས་ཀྱི་རིག་རྩལ་དང་། མ་འོངས་པའི་ཕུགས་རྒྱང་། བཟང་སྤྱོད་ལྡན་པའི་ལས་ཀའི་བརྒྱུད་རིམ་བརྟན་པོ་ལ་བརྟེན་ནས། ཁྱིམ་རྒྱུད་ཀྱི་ཚོང་ལས་དེ་རྒྱལ་སྤྱིའི་དཔལ་འབྱོར་གྱི་མངའ་ཁོངས་སུ་བསྒྱུར་ཡོད། ཁོང་གི་དུས་སྐབས་སུ། ཊ་ཊཱ་ཚོང་དོན་ཚོགས་པའི་ཡོང་འབབ་ཧ་ཅང་འཕེལ་རྒྱས་བྱུང་བ་དང་། ཕྱི་ལོ ༢༠༡༡-༢༠༡༢ ལོར་ཡོང་འབབ་ཨ་སྒོར་ཐེར་འབུམ་བརྒྱ་བརྒལ་བ་བྱུང་ཡོད།
སྐུ་གཤེགས་དམ་པ་རཱ་ཏན་ཊ་ཊཱ་མཆོག་ནི་ཕྱི་ལོ་ ༡༩༣༧ ལོར་སྙན་གྲགས་ཅན་གྱི་ཊ་ཊཱ་ཁྱིམ་རྒྱུད་དུ་སྐུ་འཁྲུངས་པ་དང་། ཁོང་དགུང་ལོ་བཅུར་སོན་སྐབས་ཕ་མ་གཉིས་སོ་སོར་ཁ་བྲལ་བ་དང་། སྒེར་གྱི་དཀའ་ངལ་མང་པོར་གདོང་ལེན་བྱེད་དགོས་པའི་འཚོ་བ་བསྐྱལ། རྗེས་སུ་ཁོང་གི་རྨོ་མོ་ལགས་ཀྱིས་གསོ་སྐྱོང་གནང་སྟེ་འཚར་ལོངས་བྱུང་བ་ཡིན། ཕ་མ་སོ་སོར་མཐོར་བའི་འཚོ་དེས་ཁོང་ལ་སྙིང་སྟོབས་དང་། ཁྱིམ་ཚང་གི་རིན་ཐང་སྐོར་གྱི་གོ་རྟོགས་ལ་ངེས་ཤེས་ཟབ་མོ་བརྙེད།
སྐུ་གཤེགས་དམ་པ་རཱ་ཏན་ཊ་ཊཱ་མཆོག་ནི་ཁྱིམ་རྒྱུད་ཕྱུག་པོ་དང་། ཁོར་ནེལ་གཙུག་ལག་སློབ་གྲྭ་ཆེན་མོ་ (Cornell University ) ནས་འཛུགས་སྐྲུན་བཟོ་བཀོད་དང། བཟོ་སྐྲུན་འཆར་འགོད་ཀྱི་སློབ་ཐོན་ལག་ཁྱེར། ཧར་ཝཌ་ (Harvard) འཛིན་སྐྱོང་མཐོ་རིམ་སློབ་གཉེར་ཁང་གི་ལག་འཁྱེར་བཅས་ཡོད་ནའང་། སྐུ་གཤེགས་དམ་པ་རཱ་ཏན་ཊ་ཊཱ་མཆོག་གིས་ IBM ཡིས་གདན་ཞུའི་ལས་ཀ་ལ་ངོས་ལེན་མ་པར་ཕྱི་ལོ ༡༩༦༢ ལོར་ཊེལ་ཁོ་ (Telco) (ད་ལྟའི་ཊ་ཊཱ་རླངས་འཁོར) ཞེས་པའི་བཟོ་གྲྭར་ལས་ཀ་འགོ་བཙུགས་པ་དང་། རྡོ་འཐག་སྐྱེལ་འདྲེན། ལྕགས་བཞུ་ཁང་དུ་ལས་མི་གཅིག་གི་ངོ་བོའི་ཐོག་ནས་ལས་ཞུགས་བྱས་ཡོད།
ཁོང་གིས་རང་གི་མི་ཚེའི་ཕུགས་འདུན་དེ་རྒྱུན་ལྡན་གྱི་འཚོ་བའི་གཞི་རྩའི་ལམ་ཁ་ནས་མགོ་བཙུགས་ནས་ཊ་ཊཱ་ཚོང་དོན་ཚོགས་པའི་ནང་གི་ཚོང་ལས་འདྲ་མིན་ནང་དུ་མཉམ་ཞུགས་ཐོག་ལས་ཀ་བྱས་མཐར་ཕྱི་ལོ ༡༩༧༡ ལོར་རྒྱལ་ཡོངས་རླུང་འཕྲིན་དང་གློག་ཆས་(NELCO)ཀྱི་འགན་འཛིན་དུ་བསྐོ་བཞག་བྱས། ལས་བྱེད་དཀྱུས་མ་ཞིག་ནས་འགན་འཛིན་བར་དུ་མི་ཧྲིལ་བོ་ལོ་དགུའི་རིང་ལ་ལས་འབད་དང་། ལས་རིགས་འདྲ་མིན་ལ་སློབ་སྦྱོང་བྱས་ཡོད། འོན་ཀྱང་ཁོང་གིས་ལས་ཀ་ལ་ཧུར་བརྩོན་བྱེད་རྒྱུར་འཛེམས་ཟོན་བྱས་མེད་ལ། མི་དམངས་དཀྱུས་མའི་དངོས་ཡོད་གནས་སྟངས་དང་། ཕྲ་ཞིབ་ཀྱི་གནས་ཚུལ་རྣམས་རྟོགས་ཐབས་ལ་འབད་པ་དང་། ལྷག་བསམ་རྣམ་དག་གི་སྒོ་ནས་ལས་དོན་ལ་འབད་བརྩོན་བྱས། དེ་ལྟར་རིམ་བཞིན་ཁོང་གི་གོ་གནས་མཐོ་རུ་ཕྱིན་པ་དང་། ཊ་ཊཱ་ཚོང་དོན་ཚོགས་པའི་ནང་གི་ལ་རིགས་སྣ་ཚོགས་ཁྲོད་ནས་རིན་ཐང་ཆེ་བའི་ཉམས་མྱོང་བསགས་པ་ཡོད།
ང་ཚོའི་རྨོ་རྨོ་ལགས་ཀྱིས་རྒྱུ་རྐྱེན་ཅི་ཞིག་བྱུང་ནའང་བརྩི་འཇོག་མཐོང་ཆེན་བྱེད་དགོས་པའི་བསླབ་བྱ་གནང་མྱོང་། བསླབ་བྱ་དེ་ནི་ད་ལྟའི་བར་དུ་ངའི་སེམས་ལ་གནས་པའི་རིན་ཐང་ཞིག་ཡིན།” – རཱ་ཏན་ཊ་ཊཱ།
ཉེན་ཁ་ལ་གདོང་གཏོད་ཐུབ་མཁན་གྱི་རཱ་ཏན་ཊ་ཊཱ།
ཁྱེད་ཀྱིས་རྒྱ་གར་གྱི་ས་ཆ་གང་སར་ལྟོས་དང་། ཧ་ལམ་མི་མཐོང་རྒྱུ་མེད་པའི་ཚོང་རྟགས་གཅིག་ཡོད་པ་ནི་ཊ་ཊཱ་ཚོགས་རྟགས་ཡིན། རྒྱ་གར་རྒྱལ་ཁབ་ཀྱི་སྤྱི་ཚོགས་ནང་དུ་ཊ་ཊཱའི་ཐོན་རྫས་སམ་ཞབས་ཞུ་བེད་སྤྱོད་བྱས་མ་མྱོང་བའི་མི་ཞིག་རྙེད་རྒྱུ་དཀའ། ཊ་ཊཱ་ཚོང་རྟགས་ཅན་གྱི་ཚྭ་ནས་མགོ་བཟུང་སྟེ་ཊ་ཊཱ་རླངས་འཁོར་བར་དུ་སྤྱི་ཚོགས་ལ་མཁོ་བའི་ཐོན་རྫས་ག་རེ་ཡིན་ནའང་ཁོ་ཚོར་ཡོད་པ་ཡིན། ཊ་ཊཱ་ཚོང་རྟགས་ཅན་གྱི་ཐོན་རྫས་ནི་ཕལ་ཆེར་རྒྱ་གར་གྱི་ཁྱབ་ཆེ་ཤོས་ཀྱི་ཚོང་རྟགས་རེད། འོན་ཀྱང་ཁེ་ལས་ཀྱི་འགྲུལ་བཞུད་ནི་ལས་སླ་པོ་ཞིག་མིན། རྭ་ཏན་ཊ་ཊཱ་ལགས་ཀྱིས་དཀའ་ངལ་ཁྲི་ཕྲག་གདོང་ལེན་བྱས་ནས་ཁེ་ལས་ཀྱི་ཁ་ཕྱོགས་མི་འདྲ་བ་རྒྱ་ཆེན་པོ་གནང་ཡོད།
ཕྱི་ལོ ༡༩༩༡ ལོར་སྐུ་གཤེགས་དམ་པ་རྭ་ཏན་ཊ་ཊཱ་མཆོག་ ཊ་ཊཱ་བུ་རྒྱུད་ཚོགས་པ་དང་ (Tata Sons) དང་ ཊ་ཊཱ་དགེ་རྩ་ཚོགས་པའི (Tata trusts) འགན་འཛིན་གྱི་ཐུགས་འགན་བཞེས་པ་དང་། རྒྱ་གར་གྱི་དཔལ་འབྱོར་རང་དབང་ཅན་དུ་བསྒྱུར་བཅོས་བྱེད་པའི་དུས་སྐབས་དང་མཉམ་དུ་ཊ་ཊཱ་ཚོང་དོན་ཚོགས་པའི་ཁ་ཕྱོགས་ལ་བསྐྱར་སྒྲིག་བྱེད་རྒྱུ་འགོ་བཙུགས།
ཁོང་གི་དབུ་ཁྲིད་འོག་ཏུ་ཊ་ཊཱ་ཚོང་དོན་ཚོགས་པའི་ཡར་རྒྱས་དང་། རྒྱལ་སྤྱིའི་རང་བཞིན་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་ཕྱིན་པ་དང་། དུས་རབས་གསར་པའི་ནང་དུ་མིང་གྲགས་ཆེ་བའི་ཊ་ཊཱ་ཐོན་རྫས་ཀྱི་ཉོ་ཚོང་མང་པོ་བྱས། ཊེ་ལེ་ (Tetley) ཨ་སྒོར་ས་ཡ་ ༤༣༡,༣ སྤྲད་ནས་ཉོས་པ་དང་། ཁོ་རི་སི་ (Corus ) ཨ་སྒོར་ཐེར་འབུམ་ ༡༡,༣ སྤྲད། རླངས་འཁོར་ཇ་གུ་ཝར། ལེན་ཌི་རོ་ཝར། Jaguar Land Rover ཨ་སྒོར་ཐེར་འབུམ་ ༢,༣ སྤྲད། བྷུ་རུ་ནར་མོན་ཌི། (Brunner Mond) སྤྱིར་བཏང་གི་རྫས་འགྱུར་བཟོ་ལས་ཐོན་རྫས་དང་། (General Chemical Industrial Products) དེ་ཝུའུ་ (Daewoo) ཨ་སྒོར་ས་ཡ་ ༡༠༢ སྤྲད་པ་བཅས་ཡོད།
སྐུ་གཤེགས་དམ་པ་རཱ་ཏན་ཊ་ཊཱ་མཆོག་གི་དབུ་ཁྲིད་དང་། མཁྱེན་རྒྱ་ཡངས་བའི་ཐབས་ཇུས་འདི་དག་གིས་ཊ་ཊཱ་ཚོང་དོན་ཚོགས་པ་རྒྱལ་སྤྱིའི་ཐོག་གི་ཁྲོམ་རར་རྒྱ་སྐྱེད་བྱས་པ་དང་། རྒྱལ་ཁབ་མི་འདྲ་བ ༡༠༠ ལྷག་གི་ནང་དུ་ཊ་ཊཱ་ཐོན་རྫས་འགྲེམས་སྤེལ་ཐུབ་པ་བྱུང་སྟབས། རྒྱ་གར་གྱི་བཟོ་ལས་ཁྱབ་ཁོངས་ལ་ཡར་རྒྱས་ཆེན་པོ་བཏང་ཡོད། ཁོང་གིས་རྒྱ་གར་གཙོ་བོར་གྱུར་པའི་ཊ་ཊཱ་ཚོང་ལས་དེ་རྒྱལ་སྤྱིའི་ཚོང་ལས་ཤིག་ཏུ་བསྒྱུར་བའི་བྱས་རྗེས་བཞག་ཡོད།་
ཊ་ཊཱ་ཚོང་དོན་ཚོགས་པས་འཛམ་གླིང་གི་ཡུལ་གྲུ་གང་སར་གནས་པའི་མགྲོན་ཁང་དང་། རྫས་སྦྱོར་བཟོ་གྲྭ། བརྡ་འཕྲིན་དྲ་རྒྱ། ནུས་ཤུགས་མཁོ་འདོན་གྱི་ཐོན་རྫས་སོགས་ཉོས་ཚོང་དང་ནང་འདྲེན་བྱས། ད་དུང་གལ་ཆེན་ཞིག་ལ་རྒྱ་གར་གནམ་གྲུ་ (Air India ) ཡི་ཁེ་ལས་དེ་ཊཱ་ཊཱ་ཚོང་དོན་ཚོགས་པའི་ཁོངས་སུ་ཕྱིར་ལོག་པ་ནི་ཕྱི་ལོ ༡༩༣༢ ལོར་ཁོང་གི་ཁུ་བོ་དང་། སློབ་དཔོན་དྷ་ན་ཇ་ཡ་རཱ་ཇན་གྱིས་ཊ་ཊཱའི་ (Jehangir Ratanji Dadabhoy Tata) ཁེ་ལས་དེ་གསར་འཛུགས་བྱས་པ་ཡིན་པས། རྒྱ་ཆེའི་མང་ཚོགས་ཀྱིས་དེ་ནི་ཁོང་གི་མེས་པོ་ཚོར་གུས་བརྩི་ཞུ་སྟངས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།
འཛམ་གླིང་ཐོག་གི་ཉེན་ཁ་ཆེ་ཤོས་ནི་ཉེན་ཁ་གང་ཡང་མི་ལེན་རྒྱུ་དེ་རེད། འགྱུར་བ་མྱུར་བའི་འཛམ་གླིང་འདིའི་ནང་དུ་ལམ་ལྷོང་མི་འབྱུང་བའི་ཐབས་ལམ་གཅིག་པུ་ནི་ཉེན་ཁ་མི་ལེན་པ་དེ་ཡིན། – རཱ་ཏན་ཊ་ཊཱ།
རཱ་ཏན་ཊ་ཊཱ་དང་མང་ཚོགས་ཀྱི་འབྲེལ་བ།
རྒྱ་གར་གྱི་སྲང་ལམ་གང་ཞིག་ཏུ་སོང་ཡང་། ཊ་ཊཱའི་རླངས་འཁོར་དང་། སྤྱི་སྤྱོད་རླངས་འཁོར། ཡང་ན་སྣུམ་འཁོར་ཆུང་བ་སོགས་མཐོང་རྒྱུ་མེད་པར་འགྲོ་ས་ཡོད་པ་དཀོན་པོ་ཡིན། སྐུ་གཤེགས་དམ་པ་རཱ་ཏན་ཊ་ཊཱ་ཡིས་རྒྱ་གར་གྱི་ཁྲོམ་རའི་འཕེལ་ཕྱོགས་ལ་རྒྱུས་ལོན་བྱས་ནས་མི་རྣམས་ཀྱི་དགོས་མཁོ་དང་ཉིན་རེའི་འཚོ་བའི་གནས་སྟངས་རྟོགས་ཡོད། ཁོང་གིས་ཊ་ཊཱ་ནཱ་ནོ་(Tata Nano) ལྟ་བུའི་རླངས་འཁོར་གྱི་ལས་འཆར་མགོ་བརྩམས་ཤིང་། རླངས་འཁོར་འདི་ནི་འཛམ་གླིང་གི་རིན་གོང་དམའ་ཤོས་ཀྱི་རླངས་འཁོར་དེ་ཡིན་པ་མ་ཟད། བརྗེད་མི་ཉན་པ་ཞིག་ལ་ ཊ་ཊཱ་ཨི་སྒྲི་ཀ (Tata Indica) ནི་རྒྱ་གར་གྱི་རླངས་འཁོར་ངོ་མ་ཞིག་གསར་བཟོ་བྱེད་པའི་ཐབས་ལམ་གསར་གཏོད་བྱས་པ་ཡིན།
སྐུ་གཤེགས་དམ་པ་ཁོང་གིས་གསུང་རྒྱུར་ངས་ཆར་ཤུགས་ཆེ་བའི་བྷོམ་བྷེའི་(Bombay) གཞུང་ལམ་ཁྲོད་དུ་ཁྱིམ་ཚང་གཅིག་གི་ནང་མི་བཞིས་སྦག་སྦག་བསྐོར་ནས་འགྲོ་བཞིན་པ་མཐོང་སོང། ངས་ཁྱིམ་ཚང་འདི་དག་འཚོ་བའི་ཉེན་ཁ་ནས་ཐར་ཆེད་དུ་ལས་ཀ་ཞིག་བྱེད་འདོད་པའི་བསམ་བློ་སྐྱེས་སོང་། རང་ཉིད་ཀྱིས་ཊ་ཏཱ་ནཱ་ནོ་ཞེས་པའི་ལས་འཆར་དེ་འགོ་འཙུགས་དགོས་པའི་རྒྱུ་མཚན་ནང་མི་དེ་འདྲའི་གནས་སྟངས་མིག་གིས་མཐོང་བས་ཡིན། ལས་དོན་དེས་རཱ་ཏན་ཏཱ་ཏཱ་ཡིས་མི་མང་དཀྱུས་མ་རྣམས་ལ་ནུས་སྟོབས་སྤེལ་རྒྱུའི་ཐོག་ལ་གཡོ་བ་མེད་པའི་ཡིད་ཆེས་བརྟན་པོ་ཡོད་པ་དེ་མཚོན་པ་རེད།
ངའི་སྤྲོ་སྣང་ཆེ་ཤོས་ཀྱི་ལས་ཀ་ནི་མི་ཚང་མས་བྱེད་ཐུབ་ཀྱི་མ་རེད་ཟེར་བའི་ལས་ཀ་དེ་བསྒྲུབ་རྒྱུ་ཡིན། – རཱ་ཏན་ཊ་ཊཱ།
རཱ་ཏན་ཏཱ་ཏཱ་ཡི་མི་ཚེ་གཅིག་གི་སྦྱིན་གཏོང་།
སྐུ་གཤེགས་དམ་པ་རཱ་ཏན་ཏཱ་ཏཱ་ལགས་ཀྱི་མི་ཚེའི་ཕུགས་འདུན་ནི་ཁེ་བཟང་ལེན་པ་ཙམ་མ་ཡིན་པར་སྤྱི་ཚོགས་ཀྱི་འགན་འཁྲི་དང་། ལས་དོན་རྒྱུན་བརྟན་ཆེད་ལྷག་བསམ་རྣམ་དག་གིས་འགན་ལེན་བྱེད་བཞིན་ཡོད། ཕྱི་ལོ ༢༠༢༡ ལོའི་རྒྱ་གར་ཕྱུག་བདག་གི་སྙན་ཐོའི་ནང་དུ (IIFL Wealth Hurun) ཁོང་གི་ཨང་རིམ་ ༤༣༣ ལ་བསླེབས་ཡོད། འདི་ནི་ཕལ་ཆེར་ཁོང་གཏོང་ཕོད་ཆེ་ཤོས་ཀྱི་གཞན་ཕན་ལས་དོན་སྒྲུབ་མཁན་གྱི་གྲས་ཤིག་ཡིན་པས་ཡིན་སྲིད།
ཊ་ཊཱ་ཐེབས་རྩ་ནི་རྒྱ་གར་གྱི་དགེ་རྩ་ཚོགས་པ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་། སློབ་ཕྲུག་ཚོར་སློབ་ཡོན་མཁོ་སྤྲོད་ཆེད་དང་། འཕྲོད་བསྟེན་གྱི་ལས་གཞི་ལ་རབ་འདེགས་ཞུ་བ། ཤེས་ཡོན་སློབ་གསོ་དང་། གྲོང་གསེབ་ཡར་རྒྱས། རྒྱུན་བརྟན་འཚོ་བ་སོགས་འབྲེལ་བའི་ལས་གཞི་ཁག་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དུ་འཕྲུལ་རིག་ལྟེ་གནས་ཁག་བཙུགས་ཡོད། འཛམ་གླིང་འདིར་ནད་ཡམས་ཚབས་ཆེན་ལ་སྔོན་འགོག་བྱེད་སྐབས་ཁོང་གིས་ཧིན་སྒོར་བྱེ་བ ༥༠༠ ཞལ་འདེབས་གནང་བས་མི་དམངས་ཀྱིས་ཁོང་ལ་བསྔགས་བརྗོད་ཆེན་པོ་བྱས་ཡོད།
སྐུ་གཤེགས་དམ་པ་རཱ་ཏན་ཊ་ཊཱ་ལགས་ཀྱིས་ཁོང་གི་མ་ཡུམ་སློབ་གྲྭ་ཧར་ཝཌ་ཚོང་ལས་སློབ་གྲྭར་ཨ་སྒོར་ས་ཡ་ ༥༠ ཞལ་འདེབས་གནང་སྟེ་འཛིན་སྐྱོང་ལྟེ་གནས་ཤིག་གསར་དུ་བཟོ་སྐྲུན་བྱས་ཡོད། ཊ་ཊཱ་དགེ་རྩ་ཚོགས་པས་རྒྱ་གར་གྱི་ཚན་རིག་ལྟེ་གནས་ཁང་ IIM ལྟ་བུའི་ཤེས་ཡོན་ལྟེ་གནས་མང་པོར་དཔལ་འབྱོར་གྱི་རོགས་རམ་གནང་ཡོད།
ཕྱི་ལོ ༢༠༠༨ ལོའི་ཟླ ༡༡ ཚེས ༢༦ ཉིན་གྱི་མིམ་བྷེ་གྲོང་ཁྱེར་ནང་གི་དྲག་སྤྱོད་དོན་རྐྱེན་རྗེས་སུ། རཱ་ཏན་ཊ་ཊཱས་དྲག་སྤྱོད་ཀྱིས་གནོད་འཚེ་ཐེབས་པའི་ནང་མི་རྣམས་ཀྱི་འཚོ་བ་སླར་གསོ་ཡོང་ཆེད་’ཏཇ་མང་ཚོགས་ཞབས་ཞུ་བདེ་དོན་ཐེབས་རྩ’’(Taj public Service Welfare Trust) བཙུགས་ཡོད།
ཕུགས་རྒྱང་ཡོད་པའི་ཁེ་ལས་པ་ཁོང་གིས་ལོ་ན་རྒས་པའི་རྒན་འཁོགས་རྣམས་དང་། སློབ་མཐར་ཕྱིན་པའི་གཞོན་སྐྱེས་བར་དོན་སྙིང་ལྡན་པའི་མཛའ་གྲོགས་སུ་གྱུར་བར་འབྲེལ་མཐུད་བྱེད་ཐུབ་མཁན་གྱི་ཚོང་ལས་གསར་འཛུགས་ཤིག་ལ་མ་འཇོག་བྱས་ཡོད། མིག་ཤེལ་ཚོང་ཁང་ལན་སུ་ཀ་དྲྭི Lenskart དང་། དྲ་ཐོག་ཚོང་དངུལ་སྤྲོད་ལེན་ཚོང་རྟགས་ Paytm ཨོ་ལ་གླ་གཏོང་རླངས་འཁོར། (Ola Electric Mobility) དྲ་རྒྱའི་མ་འཇོག་སྡིངས་ཆ་ཨིབ་ཁྲོ་སུ Upstox བཅས་ཚོང་ལས་གསར་འཛུགས་མི་འདྲ་བ ༥༠ ལྷག་ལ་རྒྱབ་སྐྱོར་བྱས་ཡོད།
དམ་པ་ཁོང་ཁྱི་ལ་དགའ་ཞེན་ཡོད་པ་བཤད་མི་དགོས་པ་ཞིག་ཡིན། བྷོམ་བྷེ་ན་ཡོད་པའི་ཊ་ཊཱ་བུ་རྒྱུད་ཚོང་དོན་ (Tata Sons) ལྟེ་གནས་ཁང་གི་ལས་ཁུངས་ནང་དུ་སྡེ་ཚན་སོ་སོས་བདག་སྐྱོང་བྱེེད་བཞིན་པའི་ཁྱི་མང་པོ་ཡོད།
ཁྱི་ལ་བདག་སྐྱོང་བྱེེད་པའི་དགའ་ཕྱོགས་གཅིག་མཚུངས་ཡོད་པའི་དབང་གིས་སྐུ་གཤེགས་དམ་པ་རཱ་ཏན་ཊ་ཊཱས་ལགས་ཀྱིས་ལས་རོགས་ཤན་ཏ་ནུ་ནེ་ཌུ་ Shantanu Naidu ལ་ཐུགས་ཉེ་པོ་བྱེད་བཞིན་ཡོད། ནེ་ཌུས་ལགས་ཀྱིས་རང་གི་ཚོང་ལས་གསར་འཛུགས་ཐོག་མ་ མོ་དྲོ་ཕོ་སུ Motopaws ཞེས་པའི་སྲང་ལམ་གྱི་ཁྱི་སྡོམ་ཚོར་ཉེན་འགོག་སྐེ་འདོགས་མཁོ་སྤྲོད་བྱེད་པའི་སྤྱི་ཚོགས་ཀྱི་ལས་དོན་ཞིག་གི་ཆེད་དུ་དཔལ་འབྱོར་གྱི་རོགས་སྐྱོར་འཚོལ་སྐབས་སྐུ་ཞབས་ཊ་ཊཱ་ལགས་དང་འབྲེལ་བ་བྱུང་བ་ཞིག་རེད།
ཕྱི་ལོ ༢༠༢༡ ལོར་རཱ་ཏན་ཊ་ཊཱས་མུམ་བྷེ་ནས་པུ་ནེ་(pune) བར་ལོ་གཉིས་རིང་འཕྲོད་བསྟེན་ཐོག་དཀའ་ངལ་ཡོད་པའི་ལས་བྱེད་རྙིང་པ་ཞིག་ལ་ལྟ་སྐོར་དུ་བསྐྱོད་སྐབས་དྲ་རྒྱའི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཁོང་ལ་བསྔགས་བརྗོད་དང་མཐོང་ཆེན་བྱས་ཡོད།
ཕྱི་ལོ ༢༠༠༠ ལོར་རྒྱ་གར་གཞུང་གིས་ཁོང་གི་བཟོ་ལས་དང་། སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་པར་ངོས་འཛིན་བྱས་ཏེ་ པད་མ་བྷུ་ཤན་གྱི་གཟེངས་རྟགས་ (Padma Bhushan) སྤྲད་པ་དང་། ཕྱི་ལོ ༢༠༠༨ ལོར་པད་མ་ཝི་བྷུ་ཤན་གྱི་གཟེངས་རྟགས་ (Padma Vibhushan) ཕུལ་ཡོད་པ་དེ་དག་ནི་རྒྱ་གར་གྱི་མི་སེར་གཟེངས་རྟགས་མཐོ་ཤོས་ཀྱི་གྲས་སུ་གཏོགས། དམ་པ་ཁོང་ལ་རྒྱ་གར་དང་། ཕྱི་རྒྱལ་གྱི་གཙུག་ལག་སློབ་གྲྭ་ཁག་མང་པོས་ཆེ་བསྟོད་དང་། མཁས་དབང་གི་ཕྱག་འཁྱེར་གནང་ཡོད།
སྐུ་གཤེགས་དམ་པ་རཱ་ཏན་ཊ་ཊཱ་ལགས་ནི་རྒྱ་གར་ནང་ཆེས་བརྩི་བཀུར་ཐོབ་ཡོད་པའི་མི་སྣ་ཞིག་ཡིན་པ་དང་། ཁོང་གིས་ཤུལ་བཞག་བྱས་རྗེས་ལ་ཕྱོགས་མང་པོའི་སྒོ་ནས་འབུར་ཐོན་བྱུང་ཡོད།
མ་རྩོམ་གྱི་འབྲེལ་ཐག https://economictimes.indiatimes.com/news/india/ratan-tata-why-indians-love-the-business-tycoon/articleshow/114087600.cms?from=mdr