ཁྲིམས་ཞིབ་པ་དང་བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱས་ལགས་སྐུ་ཚེ་འཕེན་པ་རྫོགས་པར་བོད་མིའི་སྒྲིག་འཛུགས་ནས་དམ་པ་ཁོང་ལ་མྱ་ངན་རྗེས་དྲན་དང་གདུང་སེམས་མཉམ་སྐྱེད་སོགས་མཚོན་ཕྱིར་མཆོད་འབུལ་སྨོན་ལམ་འཚོགས་སོང་།
ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་ཨ་རིའི་མངའ་སྡེ་པེན་སེལ་ཝེ་ནི་ཡའི་གྲོང་ཁྱེར་ཧྥི་ལཱ་ཌལ་ཧྥེ་ཡའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཟུར་པ་དང་བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱས་ལགས་གཟུགས་གཞི་བདེ་མིན་རྐྱེན་གྱིས་དགུང་ལོ་ ༩༢ སྟེང་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་ཡོད་པ་དང་། དེ་རིང་ཕྱི་ཚེས་ ༢༥ ཉིན་རྒྱབ་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་། དམ་པ་ཁོང་གིས་སྐུ་ཚེ་ཧྲིལ་པོ་བོད་མིའི་སྤྱི་ཚོགས་སུ་ཞབས་འདེགས་ཞུ་སླད་བཏང་གནང་བར་ཡ་ི་རངས་དང་རྗེས་དྲན་ཞུ་ཕྱིར་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམས་ནས་སྨོན་ལམ་གསུང་འདོན་གནང་སོང་།
ཞེ་བོ་བློ་བཟང་དར་རྒྱས་ལགས་ནི་ཕྱི་ལོ་ ༡༩༣༢ ཟླ་ ༧ ཚེས་ ༦ ཉིན་གཞིས་རྩེ་རྫོང་ཤངས་རྣམ་གླིང་དུ་འཁྲུངས་ཤིང་། དགུང་ལོ་ཆུང་དུས་ལྷ་ས་ཉ་རོང་ཤར་སློབ་གྲྭ་རུ་སྔར་སྲོལ་ལྟར་སྙན་ངག་དང་སུམ་རྟགས་དག་གསུམ་སོགས་རིག་གནས་ལ་སློབ་གཉེར་གནང༌། དགུང་ལོ་ཉི་ཤུར་ཕེབས་སྐབས་གཞུང་ཞབས་ཁོངས་འཛུལ་ཞུགས་ཀྱིས་ཕྱི་ལོ་ ༡༩༥༣ ལོར་ཤངས་རྒྱ་མཚོའི་གཞིས་སྡོད་དང༌། ཕྱི་ལོོ་ ༡༩༥༤ ལོར་ལྷུན་རྩེ་རྫོང་སྡོད། ཕྱི་ལོ་ ༡༩༥༦ ལོར་ལྷོ་ཁ་སྤྱི་ཁྱབ་རིམ་པའི་དོན་གཅོད་ཁང་གི་ཞིང་འབྲོག་ཚན་པའི་འགན་འཛིན་གཞོན་པ། ཕྱི་ལོ་ ༡༩༥༨ ལོར་གྱོད་ཞིབ་ལས་ཁུངས་ཀྱི་ལས་བྱ་བཅས་ཀྱི་མཛད་ཁུར་རིམ་པར་བཞེས་པ་དང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གྱིས་འཛིན་བཟུང་ཐོག་ཀན་སུའུ་ཅིའུ་ཆོན་དང་ལྷ་ས་གྲ་བཞི་སོགས་སུ་ལོ་བཅོ་ལྔའི་རིང་བཙོན་འཇུག་བྱས། ཕྱི་ལོ་ ༡༩༧༤ ལོར་བཙོན་གྲོལ་རྗེས་ལས་མིའི་རུ་ཁག་ཟེར་བའི་གྲས་སུ་བཅུག ཕྱི་ལོ་ ༡༩༧༨ ལོར་རྒྱ་ནག་ཞན་ཡང་མི་རིགས་སློབ་གྲྭའི་དགེ་རྒན་གནང༌བ་དང་། ཕྱི་ལོ་ ༡༩༨༢ ལོར་ལས་བསྒྱུར་གྱིས་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་གྱི་ཕྱག་ལས་གནང་། ཕྱི་ལོ་ ༡༩༨༥ ལོར་རྒྱ་གར་ལ་གཉེན་འཕྲད་དུ་ཕེབས་ཏེ་སླར་ཡང་གཞུང་ཞབས་སུ་འཛུལ་ཞུགས་ཀྱིས། ཐོག་མར་བཀའ་དྲུང་ཡིག་ཚང་དུ་ཕྱག་ལས་གནང༌བ་དང་། ཕྱི་ལོ་ ༡༩༨༦ ལོར་དྲིལ་བསྒྲགས་བཀའ་བློན་ཕྱག་རོགས་ལ་བསྐོ་གཞག་དང་། ཕྱི་ལོ་ ༡༩༨༩ ལོར་བཀའ་བློན་དུ་བསྐོ་གཞག་དང་། ཕྱི་ལོ་ ༡༩༩༧ ཟླ་ ༡ ཚེས་ ༢༩ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་མཛད་ཁུར་དམ་འབུལ་བཞེས་ཤིང་། ཕྱི་ལོ་ ༡༩༩༩ ལོའི་ཟླ་ ༢ ཚེས་ ༡༧ ཉིན་དགུང་ནའི་བབ་ཀྱིས་བགྲེས་ཡོལ་དུ་ཕེབས་ཡོད་པ་རེད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།