ཟླ་འདིའི་ཕྱི་ཚེས་ ༩ ཉིན་བོད་ནང་གི་རྩོམ་པ་པོ་གྲགས་ཅན་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་བཙོན་གྲོལ་ཐོབ་ཡོད་ནའང་། ད་ལྟ་ལྟ་རྟོག་འོག་ཏུ་ཡོད་པས་གཟུགས་གཞིའི་གནས་སྟངས་སོགས་གསལ་ཁ་གང་ཡང་མི་འདུག
ཕྱི་ལོ་ ༢༠༢༠ ཟླ་ ༡༢ པའི་ནང་དགེ་འདུན་ལྷུན་འགྲུབ་ལགས་རོང་བོ་དགོན་ཆེན་གྱི་ཉེ་འགྲམ་ཞིག་ནས་འཛིན་བཟུང་བྱས་རྗེས་ཡུན་རིང་གོ་ཐོས་མེད་པར་གྱུར་ཡོད་པ་དང་། ཕྱིས་སུ་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གིས་རེབ་གོང་དུ་ནང་བསྟན་རྒྱ་བསྒྱུར་གྱི་ཟབ་སྦྱོང་ཞིག་གོ་སྒྲིག་བྱེད་སྐབས། དགེ་འདུན་ལྷུན་འགྲུབ་ལགས་ཀྱིས་ནང་བསྟན་རྒྱ་བསྒྱུར་ཀྱི་ཟབ་ཁྲིད་པ་རྣམས་ལ་དོན་དངོས་སུ་ནང་བསྟན་རྒྱ་བསྒྱུར་ཟེར་བ་དེ་གང་འདྲ་ཡིན་སོགས་དྲིས་ཏེ་ཚིག་རྩོད་ཤོར་ཡོད་པ་དང་། དེ་ནས་ཉིན་ཤས་རྗེས་གསང་བའི་ཐོག་ནས་བཙན་འཁྲིད་བྱས་ཏེ། ཕྱི་ལོ་༢༠༢༡ ་ཟླ་ ༡༢ ཚེས་ ༡ ཉིན་ཟི་ལིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་བྱས་པའི་་ཉེས་མིང་གཡོགས་ཏེ་ལོ་བཞིའི་བཙོན་འཇུག་དང་ལོ་གཉིས་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་པའི་ཁྲིམས་ཐག་བཅད་ཡོད་པ་རེད།
སྙན་ངག་པ་གྲགས་ཅན་རོང་བོ་དགེ་འདུན་ལྷུན་གྲུབ་བམ་དྲ་མིང་ལ་ལྷམ་ཀོག་ལགས་ནི་ཕྱི་ལོ་ ༡༩༧༤ ལོར་རེབ་གོང་མདོ་བ་འབྲོག་ནས་སྐྱེས་ཤིང་། ཕྱི་ལོ་ ༡༩༩༤ ལོ་ནས་གསར་རྩོམ་ལ་ཞུགས་ཏེ་<<རྐང་གླིང་སྐྱ་བོ>> <<ལྷ་ཆེན་པོའི་སྙན་ངག>> <<ཕྲེང་བ་ནག་པོ>> <<མི་ཚེའི་དབྱངས་རྟ>> <<གླེགས་བམ་དཀར་བོ>>སོགས་སྒེར་དེབ་ཁག་ཅིག་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ཟླ་ ༡༠ པའི་ནང་ཁོང་གི་སྙན་ངག་སྒེར་དེབ་གསར་ཤོས་<<འཁོར་བ>>་བཏོན་གནང་ཡོད་འདུག ཕྱི་ལོ་ ༢༠༠༠ ལོ་ནས་བཟུང་རོང་བོ་དགོན་ཆེན་ནས་ཐུན་མོང་རིག་གནས་ཀྱི་སྐོར་དཔེ་འཁྲིད་རྒྱུན་དུ་གནང་བ་དང་། བོད་ཁུལ་གྱི་ས་གནས་གཞན་དུ་གདན་ཞུའི་དགེ་རྒན་ཡང་གནང་མྱོང་ཡོད་པ་དང་། ཁོང་གི་བརྩམས་ཆོས་དག་ལ་བོད་ཁུལ་ནས་གདེང་འཇོག་ཆེན་པོ་ཐོབ་སྟེ་བྱ་དགའ་ཡང་མང་པོ་ཐོབ་ཡོད་འདུག
གསར་འགོད་པ། དཔལ་ལྡན།
རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།