སྲིད་སྐྱོང་མཆོག་གིས་ཨ་རིའི་གནད་ཡོད་མི་སྣ་ཁག་ལ་མཇལ་འཕྲད་དང་ཨ་རིའི་སྲིད་གཞུང་གསར་པའི་ནང་བོད་དོན་ཞུ་གཏུག་གནང་ཕྱོགས་སོགས་ཀྱི་ཐོག་ཚོགས་འདུ་འཚོགས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༥ ནས་ ༢༣ བར་ཉིན་གྲངས་བཅོ་བརྒྱད་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་ས་གནས་ཝ་ཤིན་ཊོན་ཌི་སི་དང་། ཧྥི་ལ་ཌེལ་ཧྥི་ཡ། ནིའུ་ཡོག ཌར་ཝར་ (ཁོ་ལོ་རཱ་ཌོ།) ནིའུ་མེ་སི་ཁོ། ཡུ་ཊ། པོར་ཊ་ལེན་ཌི། སེ་ཊལ། སན་ཧྥི་རན་སི་སི་ཁོ་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར། ཁ་སང་སྲིད་སྐྱོང་མཆོག་གིས་ཨ་རིའི་རང་དབང་ཁང་པའི་ཨེ་ཤ་ཡ་མངའ་ཁུལ་གྱི་འགན་འཛིན་ཀེ་མ་རན་པི་པ་སི་ལགས་དང་། རྒྱ་ནག་དང་ཧོང་ཀོང་། ཐའེ་ཝན་ཁུལ་གྱི་ཉམས་ཞིབ་སྡེ་ཚན་འགན་འཛིན་ཡ་ཁུ་ཝང་ (Yaqiu Wang) ལགས། དེ་བཞིན་ཨ་རིའི་གྲོས་ཚོགས་གོང་མའི་སྔོན་རྩིས་རྒྱས་བཅད་ཚོགས་ཆུང་གི་ཚོགས་མི་དང་གྲོས་ཚོགས་འཐུས་མི་པོལ་གྷོ་རོ་ཧྥི་ལགས་སོགས་དང་མཇལ་འཕྲད་གནང་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨུ་ཛ་ར་ཛེ་ཡ་མཆོག་རྣམ་གཉིས་ཨ་རིའི་ཆབ་སྲིད་དང་ཐབས་ཇུས་ཁྲོད་ཀྱི་མ་འོངས་བོད་ཅེས་པའི་གླེང་སྟེགས་ཐོག་ཕེབས་ཡོད་ཅིང་། ཚོགས་ཐོག་ཏུ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་རི་ཆ་ཌི་གྷར་ལགས་རྣམ་གཉིས་ཀྱིས་གསུང་བཤད་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་ལྕམ་སྐུ་ནན་སི་པེ་ལོ་སི་མཆོག་དང་། སྐུ་ཞབས་རི་ཆར་ཌི་གྷར་ལགས་རྣམ་གཉིས་ནི་བོད་མི་རྒྱབ་སྐྱོར་གནང་མཁན་གྱི་ཀ་བ་གཉིས་ཞེས་བསྔགས་བརྗོད་གནང་ཡོད་ཅིང་། ལྕམ་སྐུ་ཨུ་ཛི་ར་ཛེ་ཡ་མཆོག་གིས་བོད་དོན་ཐོག་རྒྱབ་སྐྱོར་གཡོ་མེད་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་འདུག ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨུ་ཛི་ར་ཛེ་ཡ་མཆོག་གིས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཐོག ཞི་མོལ་གྱི་ལམ་ནས་བོད་ལ་མིང་དོན་མཚུངས་བའི་རང་སྐྱོང་ཐོབ་པ་དང་། བོད་མི་ཡོངས་ལ་འགྲོ་བ་མིའི་ཐོབ་ཐང་དང་། གཞི་རྩའི་རང་དབང་། ཆོས་ལུགས་དད་མོས། སྐད་ཡིག་བཅས་ལོངས་སུ་སྤྱོད་ཐུབ་པར་ལས་ཀ་མང་པོ་བསྒྲུབ་རྒྱུ་ཡོད་པ་ང་ཚོས་ཤེས་ཀྱི་ཡོད་ཅེས་གསུངས་འདུག
དེའི་རྗེས་སྲིད་སྐྱོང་མཆོག་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཡོད་པའི་ཝིལ་སན་བསམ་མཛོད་བསྟི་གནས་ཁང་དུ་ཕེབས་ཏེ། ཝིལ་སན་བསྟི་གནས་ཁང་གི་ཚོགས་གཙོ་དང་ཨ་རིའི་རོགས་ཚོགས་ཀྱི་འགན་འཛིན་ཟུར་པ་སྐུ་ཞབས་མཱར་ཁི་ཨེ་གྷི་རན་ལགས་དང་། ཀོ་ལིམ་བྷི་ཡའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨི་ཝན་ཊུ་ཁུ་མར་ཁེ་སི་ལགས་དང་ལྕམ་ཨི་ལི་ཡ་ན་ལགས། སྐུ་ཞབས་ཨེ་ཌི་ཨེ་སི་ཝེ་ཌོ་ལགས། སྐུ་ཞབས་ལུ་ཀ་སི་མ་ཡ་སི་ལགས་སོགས་སུ་མཇལ་འཕྲད་གནང་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས་བོད་རྒྱ་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་འདོན་གནང་མཁན་དང་། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེ་ཕ་མ་ཀི་ལི་མཆོག་ལ་མཇལ་འཕྲད་ཀྱིས་ཐུགས་རྗེ་བཀའ་དྲིན་ཞུས་འདུག སྐབས་དེར་སྐུ་ཞབས་རི་ཆར་ཌི་གྷར་ལགས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་པ་བུ་ཆུང་ཚེ་རིང་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་ཕ་རན་ཛི་མ་ཛ་ནར་ལགས་བཅས་ལྷན་འཛོམས་གནང་འདུག
ཟླ་འདིའི་ཕྱི་ཚེས་ ༩ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་ཁུངས་སུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རི་ཆར་ཌི་གྷར་ལགས། བཀའ་ཟུར་བསྟན་པ་ཚེ་རིང་མཆོག དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་གཙོས་པའི་ལས་བྱེད་ལྷན་དུ་ཨ་རིའི་སྲིད་གཞུང་གསར་པའི་ནང་བོད་དོན་ཞུ་གཏུག་གནང་ཕྱོགས་དང་འབྲེལ་བའི་ཐབས་ཇུས་ཚོགས་འདུ་ཞིག་འཚོགས་འདུག དེའི་རྗེས་སྲིད་སྐྱོང་མཆོག་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུར་ཕེབས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་བོད་དོན་ལ་རྒྱུན་དུ་ལས་འགན་འཁུར་དགོས་པའི་གལ་གནད་སྐོར་ལ་ནན་བརྗོད་གནང་ཡོད་འདུག ཚོགས་འདུ་གྲུབ་མཚམས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པི་ལོ་སི་མཆོག་གི་གཙོ་སྐྱོང་འོག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཨ་རིའི་གྲོས་ཚོགས་འཐུས་མི་ཇིམ་མེག་གྷོ་ཧན་ལགས་གཙོས་པའི་འབྲེལ་ཡོད་ཁག་ཅིག་ལྷན་ཞུགས་ཐོག ད་ལྟ་དང་འབྱུང་འགྱུར་བོད་མིའི་གནས་སྟངས་དང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གོ་སྟོན་སྲུང་གཙི་ཞུ་ཕྱོགས་སྐོར་བཀའ་བསྡུར་གནང་ཡོད་འདུག ཕྱི་དྲོ་སྲིད་སྐྱོང་མཆོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་ཞུས་པའི་བདེན་པའི་སྒྲོན་མེ་ཞེས་པའི་གཟེངས་རྟགས་འབུལ་བའི་མཛད་སྒོར་ལྷན་ཞུགས་གནང་ཡོད་ཅིང་། འདི་ལོའི་བདེན་པའི་སྒྲོན་མེ་གཟེངས་རྟགས་དེ་བོད་དང་བོད་མིར་རྒྱབ་སྐྱོར་དང་རེ་བའི་འོད་སྣང་སྐྲུན་པར་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པི་ལོ་སི་མཆོག་ལ་ཕུལ་ཡོད་འདུག སྐབས་དེར་ལྕམ་སྐུ་ནན་སི་པི་ལོ་སི་མཆོག་གིས་རང་ཉིད་ཀྱི་མི་ཚེ་བོད་དང་འབྲེལ་ནས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གོང་སྤེལ་གཏོང་རྒྱུ་གལ་ཆེན་ཡིན་སྐོར་གསུངས་འདུག
ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཌི་སིའི་དམངས་གཙོ་ཐེབས་རྩ་ཁང་གི་ཚོགས་ཁང་དུ། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་གཉིས་ཀྱི་གོ་སྒྲིག་འོག བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༢ པའི་ཚོགས་འདུ་འཚོགས་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བྱང་ཨ་རིའི་སྤྱི་འཐུས་གཉིས། དེ་བཞིན་ས་གནས་ཁག་ ༢༦ ནས་ཚོགས་བཅར་བ་ ༥༠ ལྷག་མཉམ་ཞུགས་གནང་ཡོད་འདུག སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་སྲ་བརྟན་གཏོང་ཕྱོགས་དང་། ༧གོང་ས་རྒྱལ་བ་རིན་པོ་མཆོག་གི་མ་འོངས་པའིི་ཡང་སྲིད་ཐད་བཙན་བྱོལ་གྱི་ཚོགས་སྡེ་ཁག་ནས་བསྒྲགས་གཏམ་སྤེལ་རྒྱུ། སང་ལོའི་༧གོང་ས་མཆོག་གི་གོ་སྟོན་སྲུང་གཙི་བྱེད་ཕྱོགས་སྐོར་ནས་གསུངས་འདུག ཕྱི་ཚེས་ ༧ ཉིན་བྱང་ཨ་རིའི་སྐུ་ཚབ་དོན་ཁང་གིས་སྲིད་སྐྱོང་མཆོག་དང་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་གྱི་ཚོགས་བཅར་བ་རྣམས་ལ་ཕེབས་བསུའི་གསོལ་ཚིགས་འདེགས་འབུལ་གནང་འདུག
ཟླ་འདིའི་ཕྱི་ཚེས་ ༦ ཉིན་སྲིད་སྐྱོང་མཆོག་ཨ་རིར་ཕེབས་འབྱོར་བྱུང་སྟེ། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་གཙོས་ཚོགས་མི་རྣམས་ལྷན་འཛོམས་ཐོག མ་འོངས་བར་ཨ་རིའི་སྲིད་གཞུང་གསར་པར་འབྲེལ་གཏུགས་དང་བོད་དོན་ཞུ་གཏུག་ཐབས་ཇུས་ཀྱི་ཚོགས་འདུ་ཞིག་འཚོགས་ཡོད་འདུག དེ་རྗེས་སྲིད་སྐྱོང་མཆོག་ནས་བོད་ཀྱི་ཆོས་རིག་རྒྱུན་འཛིན་དང་། ཁོར་ཡུག་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཟམ་པ་ཐེབས་རྩའི་ལྕམ་མེ་རི་བྷེ་ཐི་ལགས་དང་ཐུག་འཕྲད་གནང་སྟེ། ཟམ་པ་ཐེབས་རྩ་ནས་འདས་པའི་ལོ་ངོ་ ༢༨ ལྷག་རིང་བོད་ནང་གི་བོད་མིའི་ཆོས་རིག་རྒྱུན་འཛིན་དང་ཁོར་ཡུག་ཐོག་ལས་དོན་མང་དག་བརྩམས་ཡོད་ཅིང་། ད་ལམ་ཐེབས་རྩ་དེ་ཉིད་སྒོ་རྒྱག་ལ་ཉེ་བ་དང་བསྟུན་ཐེབས་རྩའི་ཚོགས་གཙོ་ལགས་ཀྱིས་སྲིད་སྐྱོང་མཆོག་ལ་ཚོགས་པའི་གྲུབ་འབྲས་དང་། བོད་ནང་གི་ལས་གཞི་ཁག་གི་སྐོར་སྙན་སེང་ཞུས་འདུག དེ་བཞིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བྷ་རོན་བསམ་མཛོད་བསྟི་གནས་ཁང་གི་ལྕམ་སུ་ཛེ་ཊ་ལགས་ཐུག་འཕྲད་གནང་སྟེ་བོད་དོན་སྐོར་གླེང་མོལ་གནང་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།