རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་རྗེ་ཤང་ཀར་མཆོག་རྒྱ་ནག་ནང་འབྱོར་བའི་སྔར་ཉིན་དེར་ལྡི་ལི་རྒྱ་ནག་གཞུང་ཚབ་པས་བོད་ཀྱི་གནད་དོན་དེ་རྒྱ་དཀར་ནག་གཉིས་བར་ཚེར་མ་ལྟ་བུ་ཞིག་ཡིན་པ་མ་ཟད་རང་མདའ་རང་ལ་ཕོག་རྒྱུ་ཡིན་སྐོར་བཤད།

དེ་རིང་ཕྱི་ཚེས་ ༡༤ ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་རྗེ་ཤང་ཀར་ (S Jaishankar) མཆོག་རྒྱ་ནག་རྒྱལ་ས་པེ་ཅིན་དུ་འབྱོར་ཡོད་འདུག་ལ། སང་ཉིན་ཐེན་ཅིན་ (Tianjin) དུ་ཕྱི་ལོ་ ༢༠༢༥ ལོའི་ཧྲང་ཧའེ་མཉམ་འབྲེལ་མཐུན་ཚོགས་ (Shanghai Cooperation Organisation) ཀྱི་ལྷན་ཚོགས་སུའང་མཉམ་ཞུགས་གནང་རྒྱུ་ཡིན་ལ། སྐོར་སྐྱོད་འདི་ནི་རྒྱ་དཀར་ནག་གཉིས་ཀྱི་བར་གྷལ་ཝན་ལུང་གཞོངས་ཀྱི་གདོང་ཐུག་བྱུང་ནས་ལོ་ངོ་ལྔའི་རྗེས་སུ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་མཆོག་རྒྱ་ནག་ཏུ་ཕེབས་པ་ཐེངས་དང་པོ་ཡིན་འདུག
རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་མཆོག་གི་རྒྱ་ནག་ནང་གི་སྐོར་སྐྱོད་ཀྱི་གོ་སྐབས་དང་བསྟུན་ཏེ། ཁ་སང་ཕྱི་ཚེས་ ༡༣ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ཡུ་ཇིན་ (Yu Jing) གྱིས། དོན་དངོས་སུ་བོད་དོན་དང་འབྲེལ་བའི་གནད་དོན་དང་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ནི་རྒྱ་དཀར་ནག་གི་འབྲེལ་ལམ་ནང་ཚེར་མ་ལྟ་བུ་ཞིག་དང་རྒྱ་གར་གྱི་ཁུར་པོ་ཞིག་ཏུ་གྱུར་ཡོད་ལ། བོད་ཀྱི་གནད་དོན་ཐོག་རྩེད་མོ་རྩེས་ན་སོ་སོའི་རྐང་པར་མེ་མདའ་འཁེལ་རྒྱུ་ཉག་ཅིག་རེད། ཅེས་དང་། རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་དང་ཡར་རྒྱས་གཏང་རྒྱུ་ནི་གལ་ཆེན་དུ་འཛིན་གྱི་ཡོད་ཚུལ་དང་། བོད་ནང་གི་བོད་མི་རྣམས་ལ་བོད་ཀྱི་སྲོལ་རྒྱུན་རིག་གཞུང་རྒྱུན་འཛིན་བྱ་རྒྱུའི་རང་དབང་ཡོད་ཚུལ་སོགས་བརྗོད་འདུག
ད་དུང་མགྲིན་ཚབ་པས། རྒྱ་གར་གྱི་འཐབ་ཇུས་དང་ཤེས་ཡོན་ཅན་གྱི་ཚོགས་པ་ཁག་ཅིག་གིས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་བསམ་ཚུལ་དང་འགྲེལ་བརྗོད་མི་འོས་པ་ཞིག་རྒྱག་གི་ཡོད་ཚུལ་དང་། ཕྱི་འབྲེལ་ལས་དོན་གྱི་ཆེད་ལས་པ་ཞིག་ཡིན་པའི་ཆ་ནས་བོད་ཅེས་པའི་ཚབ་ཏུ་ཞིས་ཙང་ (Xizang) ཟེར་བའི་རྒྱའི་ཐ་སྙད་བེད་སྤྱོད་བྱས་ཏེ་བོད་དོན་དང་འབྲེལ་བའི་ཚོར་བ་སྐྱེན་པོའི་གནད་དོན་ཐད་ཤེས་རྟོགས་ཆ་ཚང་དགོས་ཚུལ་དང་། ༧སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཀྱི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་གནད་དོན་ཞིག་ཡིན་ཚུལ་སོགས་བསྒྲགས་འདུག
རྒྱ་གར་ཕྱི་སྲིད་བློན་ཆེན་རྗེ་ཤང་ཀར་མཆོག་གི་སྒེར་གྱི་སྤྱི་ཚོགས་དྲ་ལམ་ཨེག་སི་ (X) སྟེང་། རྒྱ་གར་གྱིས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏང་རྒྱུ་དང་། འདས་ལོའི་ཕྱི་ཟླ་ ༡༠ པའི་ནང་ཨུ་རུ་སུའི་ཀཱ་ཛན་ (Kazan) གྲོང་ཁྱེར་དུ་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་དང་། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གཉིས་ཐུག་འཕྲད་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་ཡག་ཏུ་གཏོང་རྒྱུའི་གླེང་སློང་བྱས་པ་སོགས་ལ་བརྟེན་ནས་རིམ་གྱིས་རྒྱ་དཀར་ནག་གི་འབྲེལ་ལམ་ཡར་རྒྱས་འགྲོ་བཞིན་ཡོད་སྐོར་དང་། ད་ལན་གྱི་སྐོར་སྐྱོད་དང་བསྟུན་ཡར་རྒྱས་སུ་འགྲོ་བཞིན་པའི་ཕྱོགས་གཉིས་ཀྱི་འབྲེལ་བ་མུ་མཐུད་གནས་ཐུབ་པར་ཡིད་ཆེས་ཡོད་སྐོར། རྒྱལ་སྤྱིའི་གནད་དོན་ནི་ཧ་ཅང་གི་རྙོང་འཛིང་ཆེ་བ་ཞིག་ཡིན་ཡང་། ཁྱིམ་མཚེས་རྒྱལ་ཁབ་དང་དཔལ་འབྱོར་གཙོ་བོའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་རྒྱ་དཀར་ནག་གཉིས་ཀྱི་བར་དུ་བསམ་ཚུལ་དང་ལྟ་ཚུལ་བརྗེ་རེས་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་སྟབས། ཐེངས་འདིའི་སྐོར་སྐྱོད་སྐབས་རྒྱལ་ཁབ་གཉིས་ཀྱི་བར་ལ་གྲོས་བསྡུར་དེ་འདྲ་ཡོང་རྒྱུའི་རེ་བ་འཆང་བཞིན་ཡོད་སྐོར་སོགས་གསུངས་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།