རྩོམ་པ་པོ། རིག་པའི་གླིང་བུ།
རྩོམ་ཁུངས། བོད་ཀྱི་དུས་བབ།
ཉེ་བའི་ཆར་གནས་མཆོག་རྡོ་རྗེ་གདན་དུ་མཁས་པའི་དབང་པོ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པའི་གནས་ཚུལ་ཐོས་མ་ཐག་ཧ་ཅང་ཕམ་སེམས་ཀྱི་མ་བཟོད་པར་རྩོམ་ཐུང་འདི་བྲིས་པ་བརྩམས། མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ནི་སྐུ་གཞོན་དུས་ནས་བློ་རིག་བཀྲ་བ་དང་སློབ་སྦྱོང་ལ་ཐུགས་སྣང་ཆེན་པོ་ཡོད་པ་མ་ཟད། སིམ་ལ་བོད་གཞུང་གཏན་སློབ་ནས་སློབ་ཕྲུག་རྩེ་ཕུད་ཀྱི་བྱ་དགའ་ཐོབ་པ་མ་ཟད། རྒྱ་གར་གྱི་སྲིད་འཛིན་ཕྱག་ནས་ཀྱང་སློབ་མ་རྩེ་ཕུད་ཀྱི་བྱ་དགའ་བཞེས་མྱོང་བ་སོགས་ཆེ་རྒུ་ཡོད་ཚད་ནས་སྔགས་བརྗོད་གནང་ཡུལ་ཞིག་ཡིན་འདུག ཆུང་དུས་ནས་རིགས་སྟོབས་དང་མཁྱེན་རྒྱ་ཆེ་བས་གནས་ལུགས་དང་རྒྱུ་མཚན་གྱིས་བརྡར་ཤ་གཅོད་ན་མ་གཏོགས་ཚོད་ཚོད་ཀྱི་ཁས་ལེན་མཁན་ཞིག་ཡོད་ཚོད་མི་འདུག་ལ། ཁ་འཚར་འཚར་དང་ཕྱག་འབུལ་བྱེད་མཁན་ཞིག་དེ་བས་ཀྱང་རེད་མི་འདུག། ཁོང་དང་སློབ་ཕྲུག་གཅིག་པའི་གནད་ཡོད་མི་སྣ་མང་པོས་དེ་མཚུངས་གསུང་གི་འདུག ང་ཕ་ཡུལ་ལ་ཡོད་དུས་ལོ་རབས་བརྒྱད་ཅུའི་ནང་རྒྱ་གར་ས་སྐྱའི་མ་དགོན་བཤད་གྲྭར་བཞུགས་མྱོང་བའི་རྒན་ཞིག་ཡོད་པས། ཁོང་གིས་རྒྱ་གར་འགྲོ་ནས་དཔེ་ཆ་གཟིགས་ན་མཁན་པོ་རྒྱ་མཚོ་ཟེར་བའི་མཁས་པ་ཞིག་ཡོད་རེད། དེའི་སྐུ་མདུན་འགྲོ་ཐུབ་ན་ཡག་པོ་རེད་ཟེར་ནས་ངའི་རོགས་པ་ཚོར་དེ་འདྲ་གསུངས་འདུག དེ་ནི་ངས་མཁན་པོ་རྒྱ་མཚོ་ཞེས་པའི་མཚན་དེ་ཐོས་པ་ཐོག་མ་དེ་ཡིན།
དེ་ནས་ཕྱི་ལོ་ ༢༠༠༠ ལོར་རྒྱ་གར་དུ་སླེབས་ཏེ་ར་པུར་ས་སྐྱ་ཆོས་སྒར་ལ་འབྱོར་སྐབས་མཁན་པོ་རྒྱ་མཚོས་སྒྲུབ་ཁང་གསར་རྒྱག་གནང་ནས་གྲུབ་ལ་ཉེ་བའི་སྐབས་ཁེལ་བས། ང་ཚོའི་ཉལ་ཁང་ནང་གསར་འབྱོར་གྲྭ་པ་ཚོས་མཁན་པོ་སྐོར་མང་པོ་གླེང་གི་འདུག ཉིན་ཞིག་ཚོགས་ལ་ཕྱིན་དུས་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེའི་ལྷན་དུ་ཕེབས་པའི་དགུང་ལོ་ཡར་ཙམ་ཡིན་པའི་རྒན་ཞིག་འདུག་པས། ངའི་རོགས་པས་མཁན་པོ་རྒྱ་མཚོ་ཟེར་བ་འདི་ཡིན་ས་རེད་ཟེར། ངས་ཀྱང་ཡིན་ཤག་གིས་དུས་ཡུན་གང་འཚམ་སོང་བས་དེ་ནི་མཁན་པོ་མ་ཡིན་པར་༸གོང་མ་རིན་པོ་ཆེའི་ཞབས་ཕྱི་བགྲེས་པ་བཤད་གྲུབ་ལགས་ཞུ་བ་དམ་པ་དེ་རེད་འདུག དེ་ནས་ཟླ་ཤས་རྗེས་མཁན་པོས་གསར་བཞེངས་མཛད་པའི་སྒྲུབ་ཁང་བརྩེ་ཆེན་བསམ་གཏན་ཕུན་ཚོགས་གླིང་དབུ་འབྱེད་མཛད་སྒོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆིབས་བསྒྱུར་གྱིས་དབུ་འབྱེད་དང་༸སྐྱབས་མགོན༸གོང་མ་རིན་པོ་ཆེའི་ལམ་འབྲས་སློབ་བཤད་ཆེན་མོའི་གསུང་ཆོས་དབུ་འཛུགས་གནང་སོང། དེ་དང་དུས་མཚུངས་མཁན་པོ་རྒྱ་མཚོ་སྐུ་ངོ་མ་ཡང་རྒྱང་ནས་ཐེངས་མང་མཇལ། དེའི་སྐབས་དགེ་ཚོགས་རླབས་པོ་ཆེ་འབྱུང་ངེས་པས་འདི་འདྲའི་སྒྲུབ་ཁང་ཕྱི་ནང་གི་བཀོད་པ་ཕུན་སུམ་ཚོགས་པ་གསར་བཞེངས་གནང་བར་མཁན་པོ་འདི་གང་ཟག་ཁྱད་པར་བ་ཞིག་ལོས་ཡིན་བསམ་ནས་སེམས་གཏིང་ནས་ཁོང་ལ་ཧ་ཅང་དང་བ་སྐྱེས་སོང་། དེ་ནས་རིམ་བཞིན་མཁན་པོ་དང་ཁ་ཐག་ཉེ་སར་ཐེངས་མང་མཇལ་རྒྱུ་བྱུང་སོང་ཡང་དམིགས་བསལ་ལས་དོན་དང་ཆོས་འབྲེལ་སོགས་ཀྱི་འབྲེལ་འདྲེས་ཆེན་པོ་གང་ཡང་བྱུང་མ་མྱོང།
ལམ་འབྲས་གསུང་ཆོས་སྐབས་གཉེན་ཉེ་རྒྱུས་ཡོད་མང་པོས་ཁྱེད་རང་ལོ་ཆུང་རིག་པ་ཡག་པོ་རེད། གཡས་གཡོན་ལ་མགོ་མ་འཁོར་བར་བཤད་གྲྭ་ཆེ་ས་ཞིག་ལ་འགྲོ་ན་ལེགས་པའི་དགོངས་ཚུལ་དང་རང་ཉིད་ཀྱང་དཔེ་ཆ་ལྟ་ས་ཞིག་ཏུ་འགྲོ་འདོད་ཡོད་པ་སོགས་ལ་བརྟེན། ཡར་མར་རྒྱུས་ཡོད་རྩད་གཅོད་བྱས་དུས་མཁན་ཆེན་བསོད་ནམས་རྒྱ་མཚོ་སྐབས་དེར་ས་སྐྱ་མཐོ་སློབ་ཀྱི་མཁན་པོ་ལས་ཐོག་པ་རེད་འདུག དེ་དུས་མཁན་པོས་གསུང་ཆོས་སྐབས་སློབ་གཉེར་བ་ཞིག་བཀའ་འཁྲོལ་མེད་པར་དགོན་པའི་ཕྱིར་རྒྱུགས་པ་མཐོང་ནས་དེ་མ་ཉིད་ནས་ཕྱིར་འབུད་བྱས་པ་དང་། སློབ་གཉེར་བ་གཞན་ཁ་ཤས་ལ་ཉེས་ཆད་ལྕི་མོ་བཅད་པ་སོགས་གནད་ཡོད་མི་སྣས་རྒྱབ་དཔུང་ཞུ་ནོན་ཇི་ལྟར་བྱས་ཀྱང་མ་ཕན་པར་ཞེད་སྣང་ཆེ་བའི་སྐབས་རེད་འདུག། འོན་ཀྱང་ཕྲན་ནས་རྒྱུ་མཚན་དང་གནས་སྟངས་ཁ་ཤས་ལ་བརྟེན་ནས་ས་སྐྱ་མཐོ་སློབ་ལ་འཛུལ་རྒྱུ་དེ་གདམ་པ་ཡིན། ཁ་ཤས་ཀྱིས་མཐོ་སློབ་ལ་མ་འགྲོ་ན་ལེགས་པའི་མི་ཡུལ་ལུང་པར་དོན་མེད་གནས་དབྱུང་གཏང་ན་འགྲོ་སྟབས་སྡོད་སྟབས་དཀའ་བས། དེ་ལས་བཤད་གྲྭ་གཞན་ཞིག་ལ་འགྲོ་ན་ལེགས་ཚུལ་གསུང་སོང་ཡང་བསམ་བློ་དྲུག་གསུམ་བཅོ་བརྒྱད་གཏང་ནས། ཉམ་ཆུང་སྡོད་ལུགས་ཤེས་ན་དཔོན་པོས་ཟེར་ཐབས་དཀའ་ཞེས་པའི་དཔེ་ལྟར་ས་སྐྱའི་མཐོ་སློབ་ལ་འགྲོ་རྒྱུར་ཕྱི་བཤོལ་མ་བྱས། ཉིན་ཤས་རྗེས་མཁན་པོ་མདུན་བཅར་དུས་ཁོང་སྒྲུབ་ཁང་བརྩེ་ཆེན་བསམ་གཏན་ཕུན་ཚོགས་གླིང་གི་ལས་ཁུངས་འགྲམ་ལ་བཞུགས་འདུག ཁོང་མཇལ་མ་ཐག་ཕྲན་གྱི་གཉེན་ཉེ་རྒན་ཞིག་ཡོད་པས་ཁོང་གིས་ངར་ལྟས་ནས་ཁོ་ཕ་ཡུལ་ནས་སླེབས་ཚར་ཙམ་རེད། དཔེ་ཆ་ལྟ་འདོད་འདུག་པས་ས་སྐྱ་མཐོ་སློབ་ཏུ་སྒྲིག་ཞུགས་ཆོག་པའི་བཀའ་འཁྲོལ་སྐྱབས་འཇུག་ཡོང་བ་ཞེས་ཞུས་སོང་། མཁན་པོས་ངར་གཟིགས་ནས་ཐུགས་དགྱེས་གཉེས་ལྟ་བུ་མཛད་དེ་འགྲིག་གི་རེད། ད་ལྟ་དགོན་པ་ག་པར་བསྡད་ཡོད། དེ་ནས་དགོངས་ཞུ་ཞིག་འཁུར་ནས་ཤོག་ཞེས་བཀའ་ཕེབས་སོང། ཁོང་ནི་མིས་བཤད་པ་ལྟར་མ་ཡིན་པ་ས་མཐར་གྱར་བའི་ལོ་གཞོན་གྲྭ་ཕྲུག་གཅིག་ཡིན་ཡང་དོན་མེད་འཁྱམ་མ་ཤོར་བར་དཔེ་ཆ་ལྟ་བ་དང་སློབ་གཉེར་གནང་བར་རམ་འདེགས་དང་མཐུན་འགྱུར་གནང་མཁན་ཞིག་ཡིན་པ་ཚོར་བྱུང་།
ཕྱི་ལོ་ ༢༠༠༣ ལོར་བཤད་གྲྭར་ཡོད་པའི་སྐབས་ཞིག་ལ་ཁོང་གིས་ལྗགས་རྩོམ་མཛད་པའི་ཆོས་རྗེ་ས་པཎ་གྱི་རྣམ་ཐར་ཡིད་མཁར་ཟླ་བ་ཞེས་པ་པར་འགྲེམས་གནང་སོང་། ངས་ཁོང་གི་གསུང་རྩོམ་མཇལ་བ་ཐོག་མ་དེ་ཡིན། རྣམ་ཐར་དེ་སྤྱིར་བཏང་ཙམ་མ་ཡིན་པ་ཆོས་རྗེའི་སྐུ་གསུང་ཐུགས་ཀྱི་ཆེ་བའི་ཡོན་ཏན་དང་བོད་གངས་ཅན་ཞིང་ལ་ཆོས་རྗེ་ས་པཎ་གྱི་བཀའ་དྲིན་བདག་རྐྱེན་ཇི་ཙམ་བསྐྱངས་ཡོད་པ། ལྷག་པར་འཕགས་བོད་ཀྱི་མཁས་པ་གཞན་དང་མ་འདྲ་བའི་ཆེ་བའི་ཡོན་ཏན་སོགས་དམིགས་བསལ་འབུར་འདོན་བྱས་ནས་གསུངས་འདུག། དེ་སྔ་ཕན་ཆད་ཕྲན་ནས་དེ་འདྲའི་རྣམ་ཐར་ཞིག་མཇལ་མ་མྱོང་བས་ཡིད་རབ་ཏུ་འཕྲོག་ནས་མཁན་པོ་རྒྱ་མཚོའི་གསུང་ཤོག་འཛར་གཅིག་ཚུན་ཆད་ལ་དོ་སྣང་དང་བདག་པོ་རྒྱག་དགོས་པ་ཞིག་བྱུང་སོང་།
ཕྱི་ལོ་ ༢༠༠༤ ཡི་ལོ་མཇུག་དེར་༸སྐྱབས་མགོོན་ས་སྐྱ་༸གོང་མ་ཁྲི་ཆེན་ཡིད་བཞིན་ནོར་བུ་མཆོག་སྐུའི་དགུང་གྲངས་ ༦༠ ཕེབས་པའི་ས་སྐྱ་པའི་ལྷ་སྡེ་མི་སྡེ་ཡོངས་ནས་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྟོན་སྐབས། དཔལ་ལྡན་ས་སྐྱ་པའི་འཁོན་རྒྱུད་ཀྱི་ཆེ་བ་དང་། ད་བར་འཁོན་རྒྱུད་རིམ་བྱོན་གྱི་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་ལ་མཛད་རྗེས་ཇི་ལྟར་འཇོག་ཡོད་པ། ལྷག་པར་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་འཕགས་མཆོག་ཕྱག་ན་པདྨོའི་འཕྲིན་ལས་ཀྱི་གྲོགས་དན་ཟླ་མེད་པ་མཛད་དེ་རྒྱལ་བསྟན་ཆབ་སྲིད་དང་བཅས་པར་མཛད་འཕྲིན་ཇི་ལྟར་བསྐྱངས་པ་སོགས་ལས་འཕྲོས་པའི་གསུང་བཤད་དང་། ཕྱི་ལོ་ ༢༠༠༧ ལོར་ཝཱར་ཎཱ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཆོས་བརྒྱུད་རིས་མེད་ཀྱི་ལྟ་དགོངས་གཅིག་ཏུ་སྒྲུབ་པའི་མཁས་པའི་བགྲོ་གླེང་གསུང་བཤད་སོགས་མཇལ་རྗེས་བཙན་བྱོལ་ཙམ་མ་ཟད་བོད་ཡུལ་ཕྱི་ནང་གང་སར་ཁོང་གི་མཚན་སྙན་རིམ་གྱིས་ཁྱབ་སོང་། གཞིས་བྱེས་གཉིས་སུ་ཡོད་པའི་ཆོས་བརྒྱུད་རིས་མེད་ནང་རང་གཞུང་གཅིག་པུ་མིན་པར་ཕྱི་ནང་གི་ལྟ་གྲུབ་ཚང་མར་མཁས་པ་ནང་བྱན་ཆུད་པའི་སྐྱེ་བུ་གཅིག་ཡོད་པ་དེ་ཁོང་རེད་ཞུས་ན་ཧམ་མི་ཆེ་སྙམ།
ཕྱི་ལོ་ ༢༠༠༦ ལོར་རིགས་གཏེར་དགུན་ཆོས་ཐེངས་བཞི་པ་དེ་ས་སྐྱ་མཐོ་སློབ་ཏུ་ཚོགས་སོང་། སྐབས་དེར་ཁོང་གིས་ཚད་མ་རིགས་གཏེར་མཚན་ཉིད་བརྟག་པའི་རབ་བྱེད་བཀའ་ཁྲིད་གནང་སོང་། ཟླ་གཅིག་མིན་ཙམ་ཞིག་དཔེ་ཁྲིད་ཞུས་པས་བརྗོད་བྱ་དཀའ་བའི་གནད་ལ་ཟིན་མཚམས་མཁས་པ། བརྗོད་བྱེད་ཚིག་ལ་འགྲེལ་བཤད་གསལ་བས་འདི་མུར་བཀའ་ཁྲིད་ཐོབ་ན་དཔེ་ཆ་ཤེས་ས་རེད་བསམ་པའི་ཚོར་སྣང་མི་མང་པོར་སྟེར་སོང་། ངའི་རོགས་པ་ཞིག་གིས་མཁན་པོས་དཔེ་ཁྲིད་གནང་ཡོང་དུས་སེམས་གཏིང་ནས་དད་པ་ཡོང་གི་འདུག་ཟེར། ཁ་ཤས་ཀྱིས་མཁན་པོའི་དཔེ་ཁྲིད་ཆད་ཤོར་ན་ཕམ་ས་རེད་ཟེར་ནས་དགུན་ཆོས་རིང་ཕྱིར་གཏན་ནས་མ་ཕྱིན་པར་བསྡད་མཁན་ཡང་བྱུང་སོང་། གང་ལྟར་ཉིན་གྲངས་ཉི་ཤུ་ཡས་མས་ཞིག་ལ་དཔེ་ཁྲིད་ཞུ་སྐལ་བྱུང་བ་དེ་ནི་ཁོང་གི་མདུན་དཔེ་ཁྲིད་ཞུས་པ་ཐོག་མ་དང་མཐའ་མ་དེ་ཆགས་སོང་། དགུན་ཆོས་རིང་ཕྱི་དྲོ་བཤད་གྲྭ་ཁག་མཉམ་འཛོམས་ཀྱིས་དམ་བཅའ་སྐབས་ཁོང་དངོས་སུ་ཕེབས་ནས་ཐུགས་སྣང་ཆེན་པོས་གཙོ་སྐྱོང་གནང་སྟེ་བློ་སྐྱེད་དང་རྩོད་པར་ཡར་རྒྱས་ཀྱི་སྐུལ་འདེད་ཆེན་པོ་ཐེབས་སོང་བ་བཀའ་དྲིན་བསམ་བརྗོད་ལས་འདས་སོང་། དེ་དུས་ས་སྐྱ་མཐོ་སློབ་ལ་སློབ་གཉེར་བ་ ༡༥༠ ཙམ་འདུག དེ་དག་རྩོད་པ་དང་གོ་བ་ལེགས་པ། ཕྱི་ནང་གི་ཁོར་ཡུག་གཙང་སྦྲ་དོད་ཅིང་སློབ་གཉེར་བའི་ཀུན་སྤྱོད་དང་སྒྲིག་ཁྲིམས་སོགས་ཕྱོགས་ཀུན་ནས་དང་བ་འདྲེན་པ་ཞིག་ལས་མི་མཛེས་པ་སྣེ་གཅིག་མཐོང་མ་སོང་། དེ་ནས་ལོ་གང་འཚམས་ཞིག་ཁོང་དངོས་སུ་མཇལ་རྒྱུའི་གོ་སྐབས་བྱུང་མ་སོང་།
ཕྱི་ལོ་ ༢༠༡༧ ལོར་མ་ན་ལིར་འགྲོ་སྐབས་ཞིག་ལ་མཁན་ཆེན་ཁོང་དང་འཁོན་གདུང་ཨ་སངྒ་རིན་པོ་ཆེ་རྣམ་གཉིས་ཆེད་དུ་མཇལ་སར་ཕྱིན། ཁོང་གཟིམ་ཆུང་ནང་བཞུགས་འདུག་པས་ཁང་མིག་ཡོངས་རྫོགས་བཀའ་བསྟན་དང་གསུང་རབ་ཀྱི་ཁེངས་ནས་གོ་ཡུལ་དེ་ཙམ་མི་འདུག ཁོང་འདི་ལྟ་བུ་མཁས་པའི་གྱུར་ཡོང་བ་དེ་ཡང་གོ་ལོ་ཐོས་ལོ་ཙམ་ལ་བསྙད་ནས་བཞུགས་པ་མ་ཡིན་པར། ཉིན་མཚན་ལྟོས་མེད་གསུང་རབ་འདི་དག་དང་ཁ་མ་བྲལ་ནས་མཁས་པ་འགྱུར་སོང་བ་ལོས་ཡིན་སྙམ་པའི་ཚོར་སྣང་ཆེན་པོ་བྱུང་། འཚམས་ཞུ་མཇལ་དར་འབུལ་རྗེས་གནད་དོན་ཁ་ཤས་ལ་བཀའ་འདྲི་གནང་སོང་ཡང་ལན་ཕུལ་ཤེས་པ་གང་ཡང་མི་འདུག འོན་ཀྱང་དེ་དུས་དྷ་སར་༸གོང་ས་མཆོག་གི་རང་རྣམ་བཙན་བྱོལ་ནང་གི་རང་དབང་ཞེས་པའི་ཕྱག་དེབ་པར་སྐྲུན་བགྱིས་ནས་མཛད་སྒོའི་གྲུབ་ཚར་ཙམ་རེད་འདུག་པས་དེའི་སྐོར་སྙན་སེང་ཞུས། དེ་དང་འབྲེལ་ནས་ཁོང་གིས་ས་སྐྱའི་ཁྲི་ཐོག་ ༡༤ པ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་དུས་འཁོར་ཉམས་བཞེས་ཇི་ལྟར་མཛད་པའི་རྣམ་ཐར་དང་འབྲེལ་བའི་གལ་ཆེའི་བཀའ་སློབ་མང་པོ་གནང་སོང་། དེ་མཚམས་ཕྲན་དགོངས་ཞུ་ཕུལ་དུས་ཞལ་ལག་མཆོད་ནས་ཕེབས་གསུངས་སོང་བས་མིན་ཞུ་མ་ཕོད། གསོལ་ཚིགས་གྲུབ་དུས་ཕྱག་མཛོད་ལ་སྣུམ་འཁོར་གྱིས་ཁོང་ཡར་སྐྱོལ་གསུང་སོང་ཡང་གང་ཡང་ཞུ་མ་ནུས་པ་དེ་རང་བྱས་པ་ཡིན། ང་ཁོང་མཇལ་བ་ནང་ནས་ཆེས་ལྷོད་ཤོས་དང་གོ་སྐབས་རྩ་ཆེ་ཤོས་དེ་ཡིན། དུས་སྐབས་དེ་འདྲ་ཞིག་དང་ཉེ་བར་ས་སྐྱ་མཐོ་སློབ་ལ་ཡོངས་ཀྱི་དགེ་བའི་བཤེས་གཉེན་མཁན་ཆེན་ཨ་པད་རིན་པོ་ཆེ་དགོངས་རྫོགས་མཆོད་འབུལ་ཞིག་གིས་སྐབས་ཁོང་གིས་བརྩམས་གནང་བའི་མཁན་ཆེན་མཆོག་གི་རྣམ་ཐར་དང་གཞན་ཕྱག་དེབ་ཁག་བཅས་གཅིག་ཁོང་གི་ཕྱག་ངོ་མ་ནས་གྲྭ་པ་རེ་རེ་བཞིན་ཕུལ་གནང་སོང་། དེ་ནི་ཁོང་གིས་གང་ཟག་མཆོག་དམན་སུ་འདྲ་ཞིག་ཡིན་ཡང་གུས་བརྩི་དང་ཆེ་མཐོང་གནང་སྟངས་ལ་དབྱེ་བ་མེད་པའི་མཛད་པ་རེད་འདུག་སྙམ།
ཁོང་གང་དུ་ཕེབས་ཀྱང་རྒྱས་སྤྲོས་ཀྱི་མགྲོན་ཁང་དང་ཟ་ཁང་སོགས་ལ་བཞུགས་སྲོལ་གཏན་ནས་ཡོད་མི་འདུག་ལ་མཇལ་ཡང་མ་མྱོང་། ཉེ་བའི་ཆར་གནས་མཆོག་རྡོ་རྗེ་གདན་དུ་ལོ་སྔོན་མའི་ཕྱི་ཟླ་ ༡༢ ཚེས་ ༢༦ དགོང་དྲོ་ཏག་ཏག་རྡོ་གདན་ལམ་ཟུར་གྱི་ཇ་ཁང་ཆུང་ཆུང་ཞིག་ནང་མཇལ་སོང་། ཁོང་ག་དུས་མཇལ་ཡང་ནང་ཚགས་ལྟ་བུ་ཁྱོན་ནས་མཇལ་ཕོད་མ་མྱོང་། དེ་ཉིན་ཡང་ཁོང་ལ་འཚམས་ཞུ་ཙམ་ལས་དམིགས་བསལ་གང་ཡང་ཞུ་ནུས་མ་སོང་། ངའི་རོགས་པ་མཁན་པོ་ཞིག་ཡོད་པས་ཁོང་ལ་ཁྱེད་རང་གིས་ལས་ཀ་དཔེ་ཡག་པོ་གནང་གི་འདུག་ཟེར་ནས་གོ་སོང་། དཔེ་ཡག་པོ་རེད། བསྟན་པར་ཕན་ཐོགས་རེད་ཅེས་ཡང་ཡང་མངགས་བརྗོད་དང་། ས་སྐྱ་ཁྲི་འཛིན་ ༤༢ པའི་སྐུ་མདུན་ནས་དབང་ལུང་མན་ངག་མང་ཙམ་ཞུ་ཐུབ་ན་ཡག་པོ་རེད། ཁོང་ནི་༸གོང་མ་ཁྲི་ཆེན་རིན་པོ་ཆེ་དང་དབྱེར་མེད་རེད་ཅེས་ཐུགས་དགྱེས་པ་ཆེན་པོ་བཀའ་བསྩལ་སོང་། དེ་ནི་ངས་ཁོང་ཆེས་མཐའ་མཇུག་ཏུ་མཇལ་བའི་སྣང་བརྙན་དེ་ཡིན། མཁན་ཆེན་གང་ཉིད་ནི་བསྟན་པར་ལྷག་བསམ་དང་དད་ཞེན་ཧ་ཅང་ཆེ་བའི་སྐུ་ཚེ་ཧྲིལ་པོ་ལྟོ་སྐྱ་གོས་ཧྲུལ་གྱིས་ངང་ནས་མཁས་པའི་བགྱི་བ་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་ཁོ་ནར་རོལ་ཏེ་སློབ་ཚོགས་བསྐྱངས་ནས་བཞུགས་པ་ནི་ཇི་འདྲ་བཀའ་དྲིན་ཆེ་བར་ཨང་། སྐུ་ཞིང་ལ་མ་ཕེབས་པའི་ཉིན་གསུམ་ཙམ་གྱི་སྔོན་དུ་ཕྲན་ལ་ས་འགུལ་ཆེན་པོ་ཅིག་བྱུང་ནས་ཁང་ཆེན་གཅིག་འཐོར་བཤིག་ཕྱིན་པའི་རྨི་ལམ་ཞིག་རྨིས་སོང། ད་ནི་ཡག་རྟགས་ཤིག་མ་རེད་དྲན་ནས་གདུགས་ཤེར་སེང་གསུམ་ཟློག་པ་ཞིག་འདོན་ཡང་དེ་ཙམ་བློ་བདེ་པོ་ཆགས་མ་སོང་། དེ་མཚམས་ཞིག་ནས་སྐུ་ཞིང་ལ་ཕེབས་པའི་གནས་ཚུལ་གོ་བར་ཡིད་མ་ཆེས་ཀྱང་། རིམ་གྱི་གནས་ཚུལ་ཇི་གསལ་ཕྱིན་པས་བསྟན་པ་འདིར་གྱོང་རྒུད་བསམ་ནས་སྡུག་མིག་ཆུས་ས་གཞི་རླན་ཡང་བྱ་ཐབས་མ་མཆིས། དགུང་ལོའི་བབ་ལ་ལྟས་ནས་ཉུང་མཐར་ཡང་ལོ་བཅུ་གྲངས་ཤིག་བཞུགས་རྒྱུའི་གནས་སྟངས་ཡོད་ནའང་། ང་ཚོ་བསོད་ནམས་ཀྱིས་མ་ཆུན་པ་འདི་ལྟར་ཕེབས་སོང་བ་ཧ་ཅང་ཕམ་སོང་། ད་ལྟའི་ཆར་རྩ་བའི་བླ་མ་རྣམ་པ་དགུང་ལོ་ཇི་མཐོ་དང་མཛད་འཕྲིན་ཇེ་ཉུང་རེད། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཡང་སྒོས་བརྩེ་ཆེན་རྒྱལ་བའི་རིང་ལུགས་འཛིན་པའི་བསྟན་པ་ལ་ཡང་། ཁོང་ལྟ་བུ་ཉིན་གཅིག་བཞུགས་ནའང་འགྲོ་དོན་དེ་ལས་ཆེ་བ་མེད་ཀྱང་བྱ་ཐབས་ཟད་སོང། ཁོང་གིས་དམིགས་བསལ་གྱི་དད་གུས་ཉམས་བཞེས་མཛད་ཡུལ་ཆོས་རྗེ་ས་པཎ་གྱི་དགོངས་རྫོགས་དུས་ཆེན་ལ་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་པའི་མཛད་པར་བསྟན་པ་ནི་སྐྱེ་འཆིར་གདེང་ཐོབ་པའི་མངོན་དགའི་ཞིང་དུ་ཕེབས་པ་ངེས་ཀྱང་། ངེད་ཅག་ལ་ཁྱེད་ཕེབས་སོང་བའི་ཤུལ་ན་ཁྱེད་ཀྱི་རྣམ་དཔྱོད་ཀྱི་ཚབ་མཚོན་ཐུབ་པའི་མི་སྣ་ཉུང་བས་ཕམ་སེམས་དེ་ལས་ཆེ་བ་མི་འདུག་ནའང་སྐྱེ་འཆིར་ཁང་ར་སུའི་ཕོད། ད་ནི་ཁྱེད་ཀྱི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་ཤིང་ཐུགས་སྲས་དམ་པ་རྣམས་ཀྱིས་ཁྱེད་ཀྱིས་ཞབས་རྗེས་མྱུར་དུ་ཟིན་པའི་སྨོན་འདུན་ཞུ། ༢༠༢༦།༡།༡༠




