རྩོམ་ཁུངས། བོད་ཀྱི་དུས་བབ།
རྫ་ཚེ་རིང་བཀྲ་ཤིས།
གླེང་གཞི།
མཛའ་ཞིང་བརྩེ་བའི་བསམ་གཏན་ལྷ་མོ་ལགས།
ངས་ཁྱེད་ཀྱིས་ལམ་ཟུར་གྱི་བཅར་འདྲི་དང་ལེན་བྱས་པའི་སྐད་ཆ་ཐུང་ཐུང་དེར་ཡང་ཡང་བལྟས་པ་ཡིན། ཁྱོད་ཀྱིས་སྐད་ཡིག་གི་ཆེད་དུ་ཤོར་བའི་མིག་ཆུ་དེར་མཐོང་མི་ཐུབ་པའི་ཚོར་བའི་གྲུབ་ཆ་གཞན་ཞིག་ཡོད་པ་དེ་སེམས་གཏིང་ནས་ཚོར་བྱུང་། ཁྱེད་ཀྱི་ཆེས་བཅོས་མ་མིན་པའི་རྣམ་འགྱུར་དང་ངུ་ངག སྟབས་བདེ་ལ་གནད་དུ་ཁེལ་བའི་སྐད་ཆ་བཅས་ཀྱིས་བོད་སྐད་སྨྲ་བ་ཡོངས་ཀྱི་སེམས་ལ་སྨྲ་མི་ཤེས་པའི་ཚོར་བ་བསྐྲུན་ཟིན། འགའ་ཞིག་གིས། ཁྱོད་རང་གི་མིག་ཆུ་ཐིགས་པ་དེའི་རིན་ཐང་བཞུར་ཟིན་པའི་རྫ་ཆུའི་རིན་ཐང་ཧྲིལ་པོ་ལས་བརྒལ་ཡོད་ཟེར། འགའ་ཞིག་གིས། བརྙན་ཐུང་དེར་ཐེངས་མ་བརྒྱད་ལ་བལྟས། མིག་ཆུའང་ཐེངས་མ་བརྒྱད་ལ་ཤོར་ཟེར། མང་པོ་ཞིག་གིས། ཁྱོད་ཀྱིས་བཤད་པའི་སྐད་ཆ་སྟེ། “བོད་ཡིག་ཅེས་པ་འདི་སྐར་གྲངས་ཀྱིས་ཚད་ཐིག་རྒྱག་རྒྱུ་མ་རེད། ཤ་དང་རུས་ལ་ཟུག་པ་ཞིག་རེད།” ཅེས་པའི་ཚིག་དུམ་འདི་བོད་ཀྱི་སྐད་ཡིག་གི་ལས་དབང་དང་འབྲེལ་བའི་ཆེས་མཐོའི་འབོད་སྒྲ་ཞིག་རེད་ཟེར།
བོད་སྐད་ཀྱི་ཉེན་ཚབས་དང་ང་ཚོའི་འགན་འཁྲི།
ངས་བསམ་ན། ཁྱོད་ཀྱི་ངུ་ངག་དེས་ཧི་མ་ལ་ཡའི་སྤྲིན་རིམ་བརྟོལ་བས་མ་ཚད། ཞི་བདེ་རྒྱ་མཚོའི་གནམ་འཕང་བཅད་ནས་མཐའ་ཡས་པའི་ས་གཞི་འདིའི་ཐོག་གི་གངས་ཅན་པ་ཚང་མའི་རྣ་བར་འཛུལ་ཟིན། ཁྱོད་ཀྱིས་མཐོ་འབྲིང་བོད་ཡིག་གི་སྐར་གྲངས་སྡེབ་སྟངས་ཀྱི་འགྱུར་བ་ལས་བསྐྱེད་པའི་ཡིད་སྨྲེངས་པའི་སྐད་ཆ་དེས་སྐྱེ་བོ་མཆོག་དམན་བར་གསུམ་མང་པོ་ཞིག་བསམ་གཞིག་གི་ཀློང་དུ་བསྐྱལ་ཟིན། ཡིན་ན་ཡང་། འཛམ་བུ་གླིང་གི་སྐད་ཡིག་གང་འདྲ་ཞིག་ཡིན་ཡང་། གལ་ཏེ་སྲིད་འབྱོར་རིག་གསུམ་གྱི་བེད་སྤྱོད་ཀྱི་གཞི་རྟེན་མེད་ན། སེམས་ཤུགས་དང་དུང་ཞེན་ཁོ་ནས་སྐད་ཡིག་གི་ཚེ་སྲོག་བསྐྱབས་པ་ཞིག་གང་དུའང་མེད་པ་སྟེ། དེས་ན་ང་ཚོས་གང་བྱ་དགོས་པ་ནི་སེམས་ཁྲལ་སྒུལ་ཤུགས་སུ་བསྒྱུར་ནས། རིམ་པ་མི་འདྲ་བའི་ཁྱབ་ཁོངས་སུ་བོད་ཡིག་བེད་སྤྱོད་བྱེད་པའི་ལག་ལེན་གྱི་གོམ་པ་སྤོ་དགོས་པ་དེ་ཡིན།
ཕྱོགས་གཞན་ཞིག་ནས། ནང་ཆོས་དང་འབྲེལ་བའི་ཁྱབ་ཁོངས་སུ་བོད་ཀྱི་སྐད་ཡིག་འདིར་བེད་སྤྱོད་གང་ལེགས་ཡོད་པ་འདི་ང་ཚོའི་ཆེས་མཐའ་མཇུག་གི་བཙན་རྫོང་ཡིན། དགོན་པ་དང་དགེ་འདུན་པ་ནི་བོད་ཡིག་གསོན་པའི་རེ་བ་ཡིན། སྐད་ཡིག་འཚོ་གནས་ཀྱི་དགོས་མཁོ་ཁོ་ནའི་ངོས་ནས་ཀྱང་དགོན་པ་དང་དགེ་འདུན་པ་ནི་ང་ཚོར་ཧ་ཅང་གལ་ཆེན་ཡིན། ང་ཚོའི་སྲོལ་རྒྱུན་གྱི་རིག་གཞུང་དང་སྐད་ཡིག་ནི་གཅིག་ལ་གཅིག་རྟེན་དུ་གནས་དགོས། དེ་དང་མཉམ་དུ་སྐད་ཡིག་འདི་དེང་རབས་དང་དུས་རབས་འཚོ་བ་བཅས་ཀྱི་ཁྱབ་ཁོངས་སུ་ཆ་ཤས་ལོན་ཆེད་སྐུལ་མ་གཏོང་རྒྱུ་ནི་དེ་ལས་ཀྱང་གལ་ཆེན་ཡིན།
དུས་རབས་ཀྱི་འགྱུར་ལྡོག་དང་རིག་གནས་ཀྱི་འཇིགས་སྣང་།
དེ་ལྟར་ན་ཡང་། རིག་གནས་མཉམ་འདྲེས་ཀྱི་ཤུགས་རྐྱེན་ཆེན་པོ་དང་། འགྱུར་ལྡོག་གི་རླབས་ཕྲེང་དྲག་ཏུ་གཡོ་བའི་མི་སྡེའི་སྤྱི་ཚོགས་འདིར། རྟག་བརྟན་གྱི་བདེན་འཛིན་མང་པོ་ཞིག་བྱེ་མའི་ཐང་དུ་བཞག་པའི་རྐང་རྗེས་ལྟར་དོད་སླ་ལ་ཡལ་བར་སླ་བ་ཞིག་ཡིན། མིས་བཟོས་རིག་ནུས་ཀྱི་དུས་རིམ་དང་། འཛམ་གླིང་གི་སྒྲིག་གཞི་བསྐྱར་བཅོས་ཀྱི་འབོད་སྒྲའི་འོག་སང་ཕོད་ལྟ་ཅི། སང་ཉིན་ཡང་ཚོད་དཔག་མི་ཐུབ་པ་ཞིག་ཆགས་ཡོད། འདུ་ཤེས་འཛིན་སྟངས་དང་། ས་ཁམས་ཆབ་སྲིད་ཀྱི་གནས་སྟངས་དམིགས་བསལ་གྱི་དབང་གིས། ཆོས་དང་རིག་གཞུང་གཅིག་གིས་འཚོ་བའི་རི་བོ་ཧི་མ་ལ་ཡའི་ལྗོངས་ཀྱི་ས་ཆ་མང་པོ་ཞིག་ཏུ་ཡང་། བོད་ཡིག་འདིར་ད་ཆ་སྔར་ལས་ཀྱང་ས་མིག་ཆུང་དུ་འགྲོ་བཞིན་པ་སྟེ། ལ་ལས་མིང་བསྒྱུར། ལ་ལས་དོན་བསྒྱུར་ནས་རྣམ་པ་མི་འདྲ་བའི་ཉེན་ཁ་སྤྲོད་བཞིན་ཡོད། དངོས་ཡོད་ནི་དེ་ལྟར་ཡིན་དུ་ཆུག་ཀྱང་། ང་ཚོའི་སྐད་དང་ཡི་གེ་འདི་འཛམ་གླིང་སྲིད་འབྱོར་རིག་གསུམ་གྱི་ཁྱབ་ཁོངས་སུ་མུ་མཐུད་སྤྱོད་སྒོ་ཡོད་པ་ཞིག་དགོས་ན། ཆོས་དང་རིག་གཞུང་འདིས་འཛམ་གླིང་ལ་ལེགས་སྐྱེས་འབུལ་དགོས་ན། རང་རེའི་ད་ལྟའི་གཞོན་རབས་དག་གིས་ཕ་སྐད་དང་མ་ཡིག་འདི་སེམས་གཏིང་ནས་མ་བོར་བ་ཞིག་དགོས་པ་དེ་ཡིན། དེ་ལས་ལྷག་པའི་དཔའ་གཅར་ས་ཞིག་ལྷག་མེད་པ་ལྟ་བུ་རེད།
རིག་གནས་ཀྱི་འདུ་ཤེས་དང་སྐད་ཡིག་གི་འབྲེལ་བ།
གནའ་སྔ་མོ་ཡིན་ན། མི་རིགས་ཤིག་གི་ངོ་བོ་དང་འཇོག་བྱེད་ཀྱི་ཆ་ཤས་གལ་ཆེན་ཞིག་ནི་མི་རིགས་གཏན་སྡོད་བྱ་ཡུལ་གྱི་ས་ཁོངས་བྱེ་བྲག་པ་ཞིག་ལ་དབང་བ་དེ་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་མོད། ད་ཆ་མཚན་ཉིད་དེར་བསྐྱར་ཞིབ་དགོས་པའི་དུས་ལ་བབས་ཡོད། མི་རིགས་དེའི་སེམས་གཏིང་དུ་ཡོད་པའི་རིག་གནས་ཀྱི་འདུ་ཤེས་དང་། མི་ཚེ་དང་འཚོ་བར་འཛིན་པའི་ལྟ་བ་དང་བསམ་བློ་ནི་མི་རིགས་དེའི་སྐད་ཡིག་ལ་མཚོན་ན། མྱུ་གུ་སྐྱེ་བར་དགོས་པའི་ཆུ་དང་ས་གཞི་ལྟ་བུ་ཞིག་ཡིན་ཏེ། ཐུན་མིན་རིག་གཞུང་གིས་བསྐྱེད་པའི་སེམས་ཁམས་དམིགས་བསལ་བ་འདི་ཁོ་ནས་རིག་གཞུང་གི་དྲན་པ་འཛིན་གྱི་ཡོད་ལ། རིག་གཞུང་གི་དྲན་པ་འདི་ཁོ་ནས་རིག་གཞུང་འདིའི་སྲོག་རྩ་དང་ས་བོན་ལྟ་བུའི་སྐད་ཡིག་གི་དྲན་པ་འཛིན་སྲིད། མདོར་ན། རིག་གནས་ཀྱིས་བསྐྱེད་པའི་སེམས་ཁམས་ཀྱི་འཇིག་རྟེན་ནི་རིག་གནས་ལ་རྟེན། རིག་གནས་ནི་སྐད་ཡིག་ལ་རྟེན། སྐད་ཡིག་ནི་ང་ཚོའི་སྐད་ཡིག་ལ་བཅངས་པའི་བརྩེ་དུང་དང་བྱ་བའི་འགུལ་སྐྱོད་ལ་རྟེན་པ་སྟེ། འདི་ནི་ལུ་གུ་རྒྱུད་དུ་བྱུང་བའི་རྟེན་འབྱུང་གི་འཁོར་ལོ་ཞིག་རེད།
མིག་ཆུ་ལས་བྱུང་བའི་སྐུལ་མ།
གུས་པ་ཡང་སྐད་ཡིག་གི་ལས་དབང་ལ་སེམས་ཁུར་ཅུང་ཟད་ཡོད་མཁན་ཞིག་ཡིན་པའི་ངོས་ནས། ད་ཐེངས་ཁྱེད་ཀྱི་མིག་ཆུ་ལས་ཕ་ཡུལ་རྫ་ཆུ་ཁའི་གཞོན་སྐྱེས་ཚོའི་གཤིས་སུ་ཡོད་པའི་རིགས་ཀྱི་བཀྲག་མདངས་ཞིག་མཐོང་བ་ཙམ་མ་ཡིན་པར། སྟོང་ལོ་གསར་པའི་རྗེས་ཀྱི་བོད་ཀྱི་གཞོན་སྐྱེས་ཚོའི་ལྷོད་པ་མེད་པའི་སྙིང་སྟོབས་ཀྱི་བརྗིད་ཚད་ཀྱང་མཇལ་བྱུང་། འདི་ནི་བརྡ་རྟགས་གལ་ཆེན་ཞིག་རེད། རིག་གནས་གང་འདྲ་ཞིག་ཡིན་ཡང་དེ་རྩ་བརླགས་སུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་དེ་ཕྱིའི་ཤུགས་རྐྱེན་དང་ནུས་པ་མ་ཡིན་པར། ནང་སེམས་གཏིང་ནས་བློས་བཏང་བྱས་པ་དེ་ཡིན་པས། ང་ཚོ་དང་ང་ཚོའི་གཞོན་སྐྱེས་ཚོའི་སེམས་ནང་ནས་རང་གི་སྐད་ཡིག་དང་རིག་གཞུང་གི་འདུ་ཤེས་བློས་མ་བཏང་བ་དེ་སྲིད་དུ། ང་ཚོའི་སྐད་ཡིག་དང་རིག་གཞུང་མུ་མཐུད་གནས་ངེས་ཡིན་པར་ང་ཚོས་ཡིད་ཆེས་བྱེད་ཆོག །
དྲ་རྒྱའི་དུས་རབས་ཀྱི་གོ་སྐབས་དང་འཕྲལ་སེལ།
དེང་སང་གི་དུས་ཚོད་ནི་ཧ་ཅང་འཁྲུགས་ཆ་དོད་པོ་རེད། སྐད་ཆ་གཅིག་གིས་ཁྲོམ་ཐོག་ཆོད་པའི་དུས་ཚོད་རེད། བརྙན་ཐུང་གཅིག་གིས་འཛམ་གླིང་ལ་འུར་ཟིང་སློང་ཐུབ་པའི་དུས་ཚོད་རེད། དྲ་རྒྱའི་ཕུང་འཚེངས་ཀྱི་ནུས་པ་བློ་ཡུལ་ལས་འགོངས་པའི་དུས་ཚོད་རེད། དྲ་རྒྱ་ནི་སྐད་ཅིག་གཅིག་གིས་ཡར་དག་ཞིང་དང་མར་དམྱལ་ཁམས་ལ་འཕེན་པའི་རྫུ་འཕྲུལ་གྱི་སྒྱོགས་རྡོ་ཞིག་རེད། དྲ་རྒྱའི་དུས་རབས་ཀྱི་ཆོས་ཉིད་འདི་ཁྱེད་ཀྱིས་ཀྱང་ལོས་ཤེས། གནས་བབ་དེ་འདྲ་ཞིག་གི་འོག་ནས་བལྟས་ན། བཤད་སྟངས་ཤིག་གིས་སྐད་གྲགས་ཆོད་པ་ཙམ་དང་། རྣམ་འགྱུར་ཞིག་གིས་དོ་སྣང་དྲངས་པ་ཙམ་ནི་ཧ་ལས་དགོས་པ་ཞིག་མིན་ན་ཡང་། ཁྱེད་ཀྱི་བཅོས་མིན་གྱི་སེམས་ཚོར། ལྷད་མེད་ཀྱི་སེམས་གཤིས་བཅས་ལས་དྲི་མ་མེད་པའི་སེམས་ཁུར་གསོན་པོ་ཞིག་ཕྱིར་བསྟན་ཡོད་ལ། རང་སྟེང་ནས་མངོན་པའི་གསལ་དག་སྙན་གསུམ་འཛོམས་པའི་བོད་སྐད་ཀྱི་སྨྲ་ལྕེ་དང་། བོད་ཡིག་གི་ཆུ་ཚད་དེས་ཁྱེད་ཀྱི་མིག་ཆུ་ལ་བདེན་དཔང་བྱས་ཡོད། དེ་ནི་ཁྱེད་ཀྱི་སྐད་ཆ་དེར་སྤྱི་ཚོགས་ཡོངས་ཀྱིས་ཚད་མཐོའི་གདེང་འཇོག་བྱུང་བའི་རྒྱུ་རྐྱེན་གྱི་ལྟེ་བ་རེད།
ཁྱོད་ཀྱི་སྐད་ཆ་དེ་མེ་ཐུར་རྐང་གཅིག་སྦར་བ་དང་ཆ་འདྲ་ལ། མེ་ཐུར་གྱི་མེ་ལྕེ་དེ་ཉིད་ང་ཚོའི་སེམས་པའི་གཏིང་རུམ་ན་སྦས་པའི་ཚོར་བའི་ཕུང་པོའི་བརྒྱད་ཁྲི་གཞི་སྟོང་གི་རྩྭ་ཕུང་དང་གཞི་གཅིག་ཏུ་འདྲེས་པ་རེད། མེ་ལྕེ་དེ་ལས་མཆེད་པའི་འོད་སྣང་ནི། དུས་མཐའི་མེ་དང་། ཉི་མའི་འོད་ཀྱི་ཟོར་དུ་ཆས་ཏེ་མདོ་དབུས་མཐོ་སྒང་ལ་དྲོད་ཁོལ་གྱི་རེ་བ་གསར་པ་ཞིག་བྱིན་ཡོད། ཐ་ན་གོ་ལ་ཧྲིལ་པོའི་བོད་ཡིག་གི་ཁྱབ་ཁོངས་ཡོངས་རྫོགས་ལ་གོ་བརྡ་གསར་པ་ཞིག་སྤྲད་ཡོད། ཡིན་ན་ཡང་། འདི་ཙམ་གྱིས་སེམས་ཁ་ཁེངས་མི་རུང་།
སེམས་ཤུགས་ནས་ལག་ལེན་དུ་བསྐྱོད་པ།
ནམ་ཞིག་ང་ཚོས་རེ་བ་དང་སེམས་ཤུགས། མིག་ཆུ་དང་སྙན་ངག་ཡོད་ཚད་སྟོབས་སུ་བསྒྱུར་ཐུབ་ན། ཁ་བཤད་ཡོད་ཚད་ལག་ལེན་དུ་སྨིན་ཐུབ་ན། ལག་ལེན་ཡོད་ཚད་གཅིག་གྱུར་དུ་ཕྱོགས་ཐུབ་ན། ད་གཟོད་ཁ་བའི་སྐད་ཡིག་གི་ནོར་བུ་འདིར་ཕྱི་དོར་བྱས་པ་ཡིན། དེ་རིང་འདི་ནས་ངས་བྱ་ཐུབ་པ་ནི་སྐད་ཡིག་འདིའི་ཆེད་དུ་སྨོན་ལམ་ཞིག་འདེབས་རྒྱུ་ཙམ་ཡིན། ང་ལ་དེ་ལས་ལྷག་པའི་ནུས་པ་གང་ཡང་མེད། ཡིན་ན་ཡང་། བསམ་གཏན་ལྷ་མོ་དང་བསམ་གཏན་ལྷ་མོ་དག་ངའི་སྨོན་ལམ་འདི་ལ་དགའ་མོས་གནང་རྒྱུའི་ཡིད་ཆེས་ཡོད།
སྨོན་ལམ་དུ་གསོལ་བའི་མདོ།
བོད་གངས་ཅན་གྱི་སྐྱེ་བོ་ཡོངས་ཀྱིས་རང་གི་སྐད་ཡིག་ལ་སྙིང་ཐག་པ་ནས་དགའ་མོས་བྱེད་ཅིང་དེའི་རིན་ཐང་མཐོང་བར་ཤོག་ཅིག །
བོད་གངས་ཅན་གྱི་སྐྱེ་བོ་ཡོངས་ཀྱིས་ལུག་རྫི་རྒན་པོའི་ཀུ་སྒྲ་ལེགས་པར་ཐོས་ནས་སྐད་ཡིག་ལ་ལྷག་ཏུ་གཅེས་སྤྲས་སུ་བྱེད་པར་ཤོག་ཅིག །
བོད་གངས་ཅན་གྱི་སྐྱེ་བོ་ཡོངས་ཀྱིས་སྐད་ཡིག་གི་འཇིག་ཉེན་དང་། སྐད་ཡིག་ཉམས་པའི་ཉེས་པ་ལེགས་པར་ཚོར་ཐུབ་པར་ཤོག་ཅིག །
གྲོང་ཁྱེར་དུ་སྡོད་པ་དང་མི་རིགས་གཞན་པའི་མཉམ་དུ་ཡོད་པའི་བོད་ཀྱི་ཕ་མ་ཚོས་རང་གི་ཕྲུ་གུ་དག་ལ་བོད་སྐད་ཡག་པོ་བཤད་པར་ཤོག་ཅིག །
ཕ་མ་དང་རྒན་རབས་པ་ཚོས་ཕྲུ་གུ་དང་མཉམ་དུ་རང་ཁྱིམ་དུ་བོད་སྐད་བེད་སྤྱོད་བྱེད་པའི་ཆོད་སེམས་ལག་ལེན་གྱི་ཐོག་ནས་མངོན་འགྱུར་ཡོང་བར་ཤོག་ཅིག །
ཕྲུ་གུ་ཚོས་རང་གི་སྐད་ཡིག་གི་ཐོག་ཏུ་ཡོད་པའི་མགུལ་རིས་ཀྱི་གློག་བརྙན་དང་ཚུལ་མཐུན་རོལ་རྩེད་ལ་དགའ་མོས་བྱེད་པར་ཤོག་ཅིག །
གཞོན་སྐྱེས་ཚོས་ཕན་ཚུན་བརྩེ་དུང་དང་རོལ་རྩེད། ཐ་ན་ཁ་རྩོད་སྣ་རྩོད་ཕྱིན་ཆད་བོད་སྐད་བོད་ཡིག་གི་ལམ་ནས་བྱེད་པར་ཤོག་ཅིག །
མཐོ་རིམ་གྱི་སློབ་མ་དང་ཤེས་ཡོན་པ་ཚོས་ཀྱང་བོད་ཀྱི་སྐད་ཡིག་སྦྱོང་བ་དེ་ལ་རྒྱ་དང་འགན་འཁྲི་ཞིག་ལ་རྩི་བ་ཙམ་མིན་པར། དེ་ནི་རང་གི་ཐུན་མིན་གྱི་དགེ་མཚན་ཞིག་ལ་ངོས་འཛིན་གྱིས་སློབ་སྦྱོང་དང་ལས་ཀའི་ཁྱབ་ཁོངས་སུ་ནུས་པ་ཡག་པོ་འདོན་ཐུབ་པར་ཤོག་ཅིག །
བུ་མོ་ཚོས་བོད་ཡིག་འབྲི་རྒྱུར་འཇིགས་ཞུམ་དང་འཚེར་སྣང་མི་བྱེད་པར་དྲྭ་ཐོག་ཏུ་བོད་ཡིག་འབྲི་བ་དང་། ཐ་ན་གཞན་གྱིས་བྲིས་པའི་ལེགས་བཤད་སོགས་བོད་ཡིག་གི་ནང་དོན་ཡོད་པ་དག་འཇོག་རྒྱུར་དགའ་མོས་ཡོད་པར་ཤོག་ཅིག །
བོད་པ་ཡིན་ནོ་ཅོག་གིས། གླུ་གཞས་དང་སྒྱུ་རྩལ། རོལ་རྩེད་དང་ཐོན་རྫས་སོགས་འཚོ་བའི་ཁྱབ་ཁོངས་ག་ལ་བ་དེར་བོད་ཡིག་བེད་སྤྱོད་གཏོང་ནུས་པར་ཤོག་ཅིག །
བོད་ཡིག་གི་ཤེས་ཚད་ཅུང་ཟད་ཡོད་པ་ཚོས་ཀྱང་། གཞན་གྱིས་ཡིག་ནོར་བྲིས་པ་དང་། བཀོལ་སྤྱོད་ཚད་ལྡན་མིན་པ་སོགས་ལ་དེ་མ་ཐག་འཕྱ་སྨོད་དང་བརྙས་བཅོས་ཁ་རྡུང་སློབ་གསོའི་ཐབས་ལམ་དུ་མི་སྤྱོད་པར། ཕ་རོལ་པོའི་རང་བཀུར་གྱི་བསམ་བློ་ལ་དོ་ཕོག་མི་གཏོང་བའི་ཐབས་མཁས་ཀྱི་ཐོག་ནས་སྐུལ་མ་གཏོང་བའི་བློ་གྲོས་དང་ལྡན་པར་གྱུར་ཅིག །
བོད་པ་འདུས་སྡོད་ས་ཁུལ་གྱི་ལས་ཁང་དང་ཟ་ཁང་མགྲོན་ཁང་སོགས་ཀྱི་བོད་ཡིག་གི་སྒོ་བྱང་དག་ཀྱང་བརྡ་དག་མི་འགལ་ལ། སྤྱི་སྐད་ཀྱི་འགྲོས་དང་ཡང་མཐུན་པར་ཤོག་ཅིག །
གྲྭ་པ་ཚོས་ཀྱང་གཞུང་ཆེན་དང་རྩོད་པ་སྦྱོང་བའི་སྐབས་སུ། གཙུག་ལག་གི་རྩ་བར་གྱུར་པའི་བརྡ་དག་དང་སྙན་ངག་ལ་གལ་ཆུང་དུ་མི་གཟིགས་པར་ཚིག་དོན་ཟུང་དུ་འབྲེལ་བའི་སློབ་སྦྱོང་ལ་འབད་པར་ཤོག་ཅིག །
ལས་ཁུངས་དང་ཚོགས་སྡེ་ཚོས་ཀྱང་རྒྱལ་ཁབ་ཀྱི་ཁྲིམས་ཀྱིས་སྤྲད་པའི་ཐོབ་ཐང་ལོངས་སུ་སྤྱོད་ཅིང་། བོད་ཡིག་བསྐོལ་སྤྱོད་ལ་མཐོང་ཆེན་དང་རྩི་འཇོག་བྱེད་པར་ཤོག་ཅིག །
གཞོན་ནུའི་དུས་སུ་བོད་ཡིག་སྦྱོང་རྒྱུའི་གོ་སྐབས་མ་ཐོབ་པའི་རྒད་པོ་རྒན་མོ་ཚོས་ཀྱང་། སྦྱོར་ཀློག་ཡན་ཆད་སྦྱངས་ནས་བདེ་སྨོན་དང་བཟང་སྤྱོད་ཡིག་ཐོག་ནས་འདོན་ནུས་པར་ཤོག་ཅིག །
བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ཁྱབ་ཁོངས་ཡོངས་རྫོགས་ཀྱིས་ཐུན་མོང་དང་གཅིག་གྱུར་གྱིས། ཀུན་གྱིས་གོ་བཏུབ་པའི་བོད་ཀྱི་སྤྱི་སྐད་ལ་བསམ་པ་མཐུན་པར་ཤོག་ཅིག །
ནུབ་སྦལ་ཏི་ནས་ལྷོ་འབྲུག་པ། བྱང་ཧོར་སོག་ནས་ཤར་རྒྱལ་མོ་རོང་པར་ཐུག་པའི་བར་གྱི་མི་རིགས་གཅིག་པའམ། རིག་གཞུང་གཅིག་པའམ། དད་མོས་གཅིག་པ་གང་ཡང་རུང་བས་འབྲེལ་བ་ཐམས་ཅད་ཀྱིས། རྣམ་པ་སྣ་ཚོགས་པའི་སྒོ་ནས་བོད་ཡིག་ལ་ཡང་དག་པའི་ངོས་འཛིན་ཞུ་བར་ཤོག་ཅིག །
“རིག་གཞུང་རིག་གཞུང་གི་ངོ་བོའི་ཐོག་ནས་རྒྱལ་མཚམས་མེད་པའི་འཁོར་བསྐྱོད་བྱེད་པ”འི་ལམ་ཁར་འདུ་ཤེས་འཛིན་སྟངས་ཀྱི་བར་དུ་གཅོད་པ་ཕྲ་མོ་ཙམ་ཡང་མེད་པར། སྐད་ཡིག་རིན་པོ་ཆེ་འདི་སྤྱོད་པའི་ཁོར་ཡུག་ཡངས་ཤིང་རྒྱ་ཆེ་ལ་མཐའ་ཤིང་མུ་མེད་པར་ཤོག་ཅིག །
གསར་བྱུང་རྒྱུན་བཀོལ་མིང་མཛོད་སོགས་ཀྱིས་གཏན་ལ་ཕབ་པའི་དེང་རབས་ཀྱི་བརྡ་ཆད་དང་ཐ་སྙད་དག་ལེགས་པར་སྦྱོང་ཞིང་སྤྱོད་པ་དང་། གནའ་བོའི་ཐ་སྙད་དང་ངེས་པའི་ཚིག་བཟང་པོ་དག་ཀྱང་མི་ཉམས་ཤིང་མི་བརྗེད་པར་ཤོག་ཅིག །
བོད་ཡིག་ལ་ཞབས་ཏོག་བྱེད་མཁན་གྱི་ཕྱག་རྗེས་ཅན་སུ་ཡིན་ཡང་། ཆོལ་ཁ་དང་ཆོས་ལུགས། མི་རིགས་དང་རྒྱལ་ཁབ་ཀྱི་རྒྱབ་ལྗོངས་ལ་དམིགས་པའི་དབྱེ་འབྱེད་ཀྱི་བསམ་པ་སྐད་ཅིག་མ་ཙམ་ཡང་རྒྱུད་ལ་མི་སྐྱེ་བར་སྙིང་ཐག་པ་ནས་རྒྱབ་སྐྱོར་བྱེད་པར་ཤོག་ཅིག །
འཛམ་གླིང་སྤྱིའི་ངོས་ནས་ཀྱང་། བོད་ཀྱི་སྐད་ཡིག་གི་ཐོག་ཏུ་ཡོད་པའི་བཀའ་འགྱུར་དང་བསྟན་འགྱུར། སྨན་རྩིས་དང་སྙན་ངག གླིང་སྒྲུང་དང་བཀའ་འབུམ་ཡོད་ཚད། འགྲོ་བ་མིའི་སྤྱི་ཚོགས་ཀྱི་བསམ་བློའི་ནོར་བུ་ཞིག་ཏུ་བརྩིས་ནས་རིག་གཞུང་དེའི་གཞི་རྩར་གྱུར་པའི་བོད་སྐད་དང་བོད་ཡིག་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་ཐོབ་པར་ཤོག་ཅིག །
སྤྱི་ཚོགས་བརྒྱུད་ལམ་གྱི་ཁྱབ་ཁོངས་དང་། ཐད་གཏོང་གི་གླེང་སྟེགས་དང་། མིས་བཟོས་རིག་ནུས་ཀྱི་ཁྱབ་ཁོངས་སྣ་ཚོགས་པ་སྟེ། བརྡ་འཕྲིན་གྱི་བརྒྱུད་ལམ་ཡོངས་སུ་རྫོགས་པར་བོད་སྐད་དང་བོད་ཡིག་གི་བསྟན་པ་རིན་པོ་ཆེ་དར་ཤིང་རྒྱས་ལ་ཡུན་རིང་དུ་གནས་པར་ཤོག་ཅིག །
དེ་ལྟ་བུའི་བསམ་པ་དང་སྦྱོར་བ་གཉིས་ཀ་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་བརྟན་པོར་གྱུར་ཏེ། སྐད་ཡིག་གི་དོན་དག་འདི་བོད་པ་ཚོའི་”ཤ་དང་རུས་ལ་ཟུག་པའི་དོན་”དང་འགྲོ་བ་མིའི་དཔལ་ཡོན་གྱི་དོན་དག་ཅིག་ཡིན་པའི་ངེས་ཤེས་སྙིང་ཐག་པ་ནས་སྐྱེ་བར་ཤོག་ཅིག །
དེ་ལྟར་དུ་འགྲུབ་པའང་། དཀོན་མཆོག་གསུམ་དང་། བླ་མ་ཡི་དམ་དང་། མཁའ་འགྲོ་ཆོས་སྐྱོང་དང་། ཆོས་རྒྱལ་མེས་དཔོན་རྣམ་གསུམ་སོགས་རྒྱལ་བློན་བྱང་སེམས་སྤྱི་དང་། ཡི་གེའི་བྱེད་པོ་ཐོན་མི་སམྦྷོ་ཊ་དང་། མཁས་པ་དང་གྲུབ་པ་གོང་མར་གྱུར་པ་ཡོད་དོ་ཅོག་དང་། རྗེ་ཡི་མགུར་ལྷ་དང་། སྲིད་པའི་ལྷ་རབས་དང་། གཉན་ཆེན་པོ་ཐང་ལྷ་དང་། གནམ་སྔོན་མོ་དང་། ས་དོག་མོ་དང་། རྩི་ཤིང་གེལ་པ་དང་། ཆུ་བོ་དང་ཆུ་ཕྲན་སོགས་སྣང་ཞིང་སྲིད་པའི་ཁམས་ཀྱི་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་ཀྱིས་མཐུན་གྱུར་དང་དཔང་པོ་མཛད་དུ་གསོལ་ལོ།།





