རྩོམ་ཁུངས། བོད་ཀྱི་དུས་བབ།
རྩོམ་པ་པོ། བསྟན་འཛིན་རབ་དགའ།
༡༽ སྔོན་འགྲོའི་འོས་གྲངས་ཀྱི་ཉེན་ཁ།
ཨ་རིའི་དོན་གཅོད་དང་སྲིད་སྐྱོང་བློ་བཟང་སེང་གེའི་སློབ་སྟོན་པ་གནང་མྱོང་བ་ 2026 སྲིད་སྐྱོང་འོས་མི་དབུ་དཀར་ཚང་སྐལ་རྡོར་ལགས་ནི། ད་ལྟའི་ལས་ཐོག་སྲིད་སྐྱོང་ཕུད་པའི་འོས་མི་གཞན་རྣམས་ལས་གཞུང་གི་ལས་ཀར་ཉམས་མྱོང་གང་འཚམ་ཡོད་མཁན་ཞིག་ཡིན། ༢༠༢༡ ལོར་སྲིད་སྐྱོང་གི་དངོས་གཞིའི་འོས་མིའི་ནང་སླེབས་མྱོང་ཡོད། ད་ཡོད་སྲིད་སྐྱོང་འོས་མིའི་ཁྲོད་ནས་གླེང་སློང་ཨང་རིམ་གཉིས་པ་དེ་ཡང་ཆགས་འདུག
འོས་གཞིའི་སྒྲིག་གཞིར། “སྔོན་འགྲོའི་འོས་བསྡུའི་སྐབས་འོས་མི་གཅིག་ལ་འོས་ཤོག་ཁྱོན་འབོར་བརྒྱ་ཆ་ ༦༠ ཡན་ཐོབ་ཚེ་དངོས་གཞིའི་ལས་རིམ་འགྲོ་མི་དགོས་པར་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བར་ངོས་འཛིན་གསལ་བསྒྲགས་བྱ་རྒྱུ”་ཞེས་སྔོན་འགྲོ་ནས་ཐག་ཆོད་འགྲོ་བའི་བརྒྱ་ཆ་ཞིག་གཏན་འབེབས་གནང་ཡོད། འདིས་སྔོན་འགྲོའི་སྐབས་ལ་ཕམ་ཉེས་སུ་འགྲོ་བའི་ཉེན་ཁ་དང་རྒྱལ་ཁ་གཉིས་ཀ་མཉམ་དུ་གནས་ཡོད་པ་གསལ་བཤད་བྱེད་ཀྱི་ཡོད།
སྲིད་སྐྱོང་འོས་མི་སུ་ཞིག་གིས་རང་ཉིད་སྔོན་འགྲོའི་སྐབས་ལ་ཕམ་ཉེས་མི་འགྲོ་བ་བྱ་དགོས་ན། འདས་པའི་དུས་ཡུན་ནང་གི་རང་ཉིད་ངོ་སྤྲོད་དང་། མ་འོངས་པའི་རང་ཉིད་གསལ་པོ་ཞིག་བཟོ་ཐུབ་དགོས། དེ་ཡང་མ་འོངས་པའི་རང་ཉིད་ནི་འཆར་སྣང་ཞིག་ཡིན་པ་རེད། ཚོས་གཞི་གང་འདྲ་ཞིག་བྱ་བསམ་ནའང་རང་དབང་ཡིན་མོད། འདས་པའི་དུས་ཀྱི་རང་ཉིད་ནི་ཚོས་གཞི་ཅི་ཞིག་ཡིན་པ་དེ་ལས་གཞན་ཞིག་ཏུ་འགྱུར་བ་གཏོང་ས་མེད། བརྒྱ་ཆ་ལ་བསྐོར་ནས་རྩིས་བརྒྱབ་པ་ཡིན་ན། འོས་ཤོག་འཕེན་མཁན་མང་ཆེ་བས་འདས་པའི་དུས་ཀྱི་མི་དེ་དང་དེས་བསྒྲུབས་པའི་ལས་དོན་གྲུབ་འབྲས་ལ་ལྟོས་ནས་སུ་ལ་འོས་ཤོག་འཕེན་པའི་ཐག་གཅོད་ཀྱི་ཡོད། དེ་དང་ཕྱོགས་མཚུངས་མ་འོངས་པའི་ལས་འཆར་གྱིས་འོས་འཕེན་པ་བསླུ་བྲིད་བྱེད་ཐུབ་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཀྱི་ཡོད།
༢༽ ཕན་ཚུན་མཚུངས་བསྡུར་གྱི་ཉེན་ཁ།
ཉེན་ཁ་ཆེ་ཤོས་ནི་མཚུངས་བསྡུར་བྱེད་པ་དེ་རེད། རྒྱལ་ཕམ་གྱི་མཐའ་མའི་ཐག་གཅོད་དེ་མཚུངས་བསྡུར་གྱིས་ཐག་བཅད་འགྲོ་གི་ཡོད། དཔེར་ན། དོན་ཟུར་སྤེན་ཚེ་དང་དོན་ཟུར་སྐལ་རྡོར་བསྡུར་བ། སྲིད་སྐྱོང་སྤེན་ཚེ་དང་སྲིད་སྐྱོང་སྔོན་མའི་སློབ་སྟོན་པ་སྐལ་རྡོར་བསྡུར་བ། དེ་གཉིས་ཀྱི་ལས་དོན་གྲུབ་འབྲས་བསྡུར་བ་བཅས་ནི་ད་ལྟའི་གླེང་སློང་ཚ་ཤོས་དེ་རེད་ལ། ཉེན་ཁ་ཆེ་ཤོས་དེ་ཡང་རེད།
༢༠༢༦ སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ནི་ལས་ཐོག་སྲིད་སྐྱོང་ཡིན་པ་དང་། དབུ་དཀར་ཚང་སྐལ་རྡོར་ནི་གཞུང་གི་ལས་དོན་དང་འབྲེལ་བ་མེད་མཁན་ཡིན། མཚམས་འདིར་ང་ཚོས་འོས་བསྡུའི་སྒྲིག་གཞི་ནས་ལུང་འདྲེན་ཞིག་བྱས་པ་ཡིན་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་གིས། “གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་སུ་སྐབས་བབ་ལས་དོན་དང་འབྲེལ་བའི་གནད་དོན་ཁོ་ན་ལས་དེ་མིན་རང་ཉིད་དམ་སྐྱེ་བོ་སུ་རུང་ལ་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་འདས་པའི་ལས་དོན་བྱས་འབྲས་དང་། མ་འོངས་བྱ་འཆར་སོགས་ཀྱི་གཏམ་བཤད་སྐབས་བསྟུན་གང་དུའང་དངོས་ཤུགས་བརྒྱུད་གསུམ་ནས་བྱེད་མི་ཆོག” ཅེས་པ་འདི་ངེས་པར་དུ་སྲུང་བརྩི་བྱེད་དགོས། ད་དུང་དེས་མ་ཚད་འདི་ལ་ས་མཚམས་གསལ་པོ་གང་ཡང་མེད་སྟབས། འོས་བསྡུའི་ལས་རིམ་དབུ་འཛུགས་གནང་བ་ནས་བཟུང་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་གཏམ་བཤད་རིགས་ཀྱང་གནང་གི་མེད་པའི་གནས་སྐབས་ཤིག་ན་ཡོད་པར་མཐོང་། སྒྲིག་གཞི་མི་ཤེས་མཁན་དང་དོ་སྣང་མེད་མཁན་ཚོས་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་སྒྲིག་འགལ་གྱིས་གཏམ་བཤད་སྤེལ་དགོས་པ་ལྟ་བུའི་བཙན་སྐུལ་འདྲ་བྱེད་ཀྱིན་ཡོད་ནའང་། སྤེན་ཚེ་ནི་ཁྲིམས་སྒྲིག་བརྩི་མཁན་ཞིག་ཡིན་པས། ཁོང་ཚོའི་འདོད་པ་ནང་བཞིན་ཡོང་རྒྱུ་མེད་པར་གྱུར་ཡོད།
སྲིད་སྐྱོང་འོས་མི་སྐལ་རྡོར་ནི་གནས་སྟངས་དེར་གནས་མི་དགོས་པར་རང་དབང་གིས་གང་སར་ཕེབས་ནས་གཏམ་བཤད་རིང་ཐུང་ཅི་རིགས་གནང་བའི་ལམ་ཁ་ཡོད་མཁན་ཆགས་ཡོད་པ་དང་། ས་གནས་ཆེ་ཁག་ཏུ་སོང་ནས་གཏམ་བཤད་ཀྱང་གང་མང་གནང་བཞིན་ཡོད་ཀྱང་། ས་གནས་ཆུང་ཁག་ན་མང་ཚོགས་ལ་སྣང་མེད་བྱེད་ཀི་འདུག་ཅེས་འཁང་ར་བྱེད་མཁན་ཇེ་མང་དུ་འགྲོ་གི་ཡོད།
༢༠༢༡ ལོར་སྐལ་རྡོར་ལ་སྲིད་སྐྱོང་འོས་འགྲན་གྱི་རྒྱལ་ཁ་མ་ཐོབ་པ་དེར། དོན་གཅོད་ལས་ཁུངས་ནས་རྒྱལ་བ་རིན་པོ་ཆེའི་སྐུ་པར་མར་ཕབ་པ་དང་། རང་ཉིད་ཨ་རིའི་དོན་གཅོད་འཁྱུར་སྐབས་དོན་གཅོད་ཀྱི་གློག་ཀླད་ loptop ཨ་རི་ནས་སུད་སིར་འཁྱེར་བ་དང་། དེ་ཕྱིར་སྤྲོད་དུས་གློག་ཀླད་ནང་གི་གཞུང་ཡིག་དང་ཐ་ན་ operating system ནག་བསུབ་བཏང་ནས་སྤྲད་པ་གཉིས་སྐབས་དེའི་གླེང་གཞི་མང་པོའི་ནང་གི་ཚ་ཤོས་གཉིས་ཆགས་ཡོད། དེས་འོས་ཤོག་ཐོབ་པར་གནོད་པ་ཚབས་ཆེན་པོ་བསྐྱལ་ཡོད། མ་ཟད། ༢༠༢༦ སྲིད་སྐྱོང་འོས་འགྲན་ནང་དུའང་མུ་མཐུད་ནས་གནོད་པ་དེ་གནས་ཡོད།
གོང་ནས་སྦུད་ཙམ་བཤད་ཟིན་པ་ལྟར། མཚུངས་བསྡུར་གྱིས་ཐག་གཅོད་པའི་སྐབས་སུའང་ཉེན་ཁ་ཞིག་ཡོང་གི་ཡོད། སྲིད་སྐྱོང་སྔོན་མའི་སློབ་སྟོན་པ་ཡིན་པ་དེས། ༢༠༢༡ དང་༢༠༢༦ གཉིས་ཀར་ཕན་རྒྱུ་ལས་གནོད་པ་མང་བ་བྱས་དང་བྱེད་ཀྱིན་ཡོད།
༣༽ དོན་གཅོད་ཀྱི་ཁ་པར་ཨང་གྲངས་བསུབ་པའི་ཉེན་ཁ།
ཉེ་བའི་ཆར་ནས། དོན་ཟུར་སྐལ་རྡོར་དང་འབྲེལ་བའི་གནད་དོན་ཚབས་ཆེན་གཞན་པ་ཁག་ཅིག་ཞིག་གླེང་སློང་བྱེད་ཀི་འདུག སྐལ་རྡོར་ལགས་ཀྱིས་རང་ཉིད་དོན་གཅོད་གྱི་ལས་ཡུན་རྫོགས་པའི་སྐབས་ལ། ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་གཞུང་འབྲེལ་ཁ་པར་ཨང་གྲངས་ནག་བསུབ་བཏང་བ་དང་། སླར་གསོ་བྱ་རྒྱུ་མེད་པ་བྱས་འདུག་པའི་གནད་དོན་དེ་རེད། ཁ་པར་ཨང་གྲངས་དེ་ནི་ཕྱི་ལོ་༢༠༠༥ ནས་ ༢༠༠༨ བར་ཨ་རིའི་སྐུ་ཚབ་དོན་གཅོད་གནང་མྱོང་བ་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་དོན་གཅོད་ཡིན་སྐབས་ནས་བེད་སྤྱོད་བཏང་ཡོད་པ་དང་རིམ་པས། ༢༠༠༩ ནས་ ༢༠༡༣ བར་གྱི་སྐུ་ཚབ་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་ལགས། ༢༠༡༣ ནས་ ༢༠༡༦ བར་གྱི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་བཅས་ཀྱིས་རིམ་བརྒྱུད་དུ་བེད་སྤྱོད་བྱས་པའི་ཁ་པར་ཨང་གྲངས་ཡིན་ནའང་། སྐལ་རྡོར་ལགས་ ༢༠༡༦ ལོར་དོན་གཅོད་ཀྱི་ལས་ཡུན་རྫོགས་ནས་འགྲོ་སྐབས་ཨང་གྲངས་དེ་ནག་བསུབ་བཏང་བ་དང་སླར་གསོ་བྱ་རྒྱུ་མེད་པ་བཟོས། ལོ་ངོ་བཅུ་གཉིས་ཀྱི་རིང་ལ་སྐུ་ཚབ་དོན་གཅོད་རིམ་བྱུང་གིས་ཁ་པར་ཨང་གྲངས་འདི་སྤྱད་ནས་མི་སྣ་མང་པོ་ཞིག་ལ་འབྲེལ་བ་བྱས་ཡོད། ལས་དོན་མང་པོ་ཞིག་བསྒྲུབས་ཡོད། དེའི་རྒྱུན་དེ་དང་ཨང་གྲངས་དེར་འབྲེལ་བ་མཐུད་ཡོད་པའི་སྐུ་ཚབ་དོན་གཅོད་ཀྱི་འབྲེལ་ལམ་དེ་མུ་མཐུད་གནས་དགོས་པ་ཞིག་ལས་དེ་རང་གར་ནག་བསུབ་བཏང་བཞག་པ་ཡིན་ན། གཞུང་གི་ལས་ཀ་ལ་གྱོང་ཆེན་པོ་སྤྲད་ཡོད། སྐུ་ངོ་སྐལ་རྡོར་ལགས་ནས། ད་རེས་གནད་དོན་འདི་ཕྱི་གསལ་ནང་གསལ་ཞིག་གནང་མ་ཐུབ་པ་ཡིན་ན། འདིས་ཁོང་གི་འོས་ཤོག་ལ་སྐྱོན་ཆེན་པོ་རྒྱག་རྒྱུ་གཏན་འཁེལ་བ་ཞིག་རེད། གང་ལེགས་ཟེར་ན། ད་ལྟ་མི་རེའི་ལག་པར་ཁ་པར་རེ་ཡོད་པའི་དབང་གིས་ཁ་པར་གྱི་ཨང་གྲངས་ནི་ཅི་ཙམ་གལ་ཆེ་བ་ཞིག་ཡིན་པ་ནི་ངོ་སྤྲོད་བྱེད་མི་དགོས་པ་ཞིག་ཆགས་ཡོད།
མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ།





