མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་བལ་གནས་ཆེན་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གཟི་འོད།

བོད་ཀྱི་དུས་བབ།
༢༠༢༦/༠༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། དོ་སྤྲུལ་ཆོས་དབྱིངས་ཡེ་ཤེས་སམ་ཀླུ་སྨྱོན་ཧེ་རུ་ཀ
རྩོམ་ཁུངས། བོད་ཀྱི་དུས་བབ།

༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༢།༡།༣ དུས་བབ་ཀྱི་པར།

དང་པོ། 

སྤྱི་ལོ་༢༠༢༦ཟླ་༡ཚེས་༢༣ བོད་ཤིང་སྦྲུལ་ཟླ་༡༢ ཚེས་༥ ཉིན། སྟོན་པ་ཐུབ་པའི་དབང་པོ་མཉམ་མེད་ཤཱཀྱའི་རྒྱལ་པོ་དེ་ཉིད་གང་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་ཐག་ཉེ་བའི་གནས་སུ། སྔ་འགྱུར་རྙིང་མའི་ཆོས་སྒར་པདྨ་སམ་བྷ་ཝ་གཙུག་ལག་ཁང་ཆེན་པོ་དབུ་འབྱེད་གནང་བའི་གསར་འགྱུར་གྱི་ཡི་གེ་དང་ཡུལ་དངོས་བརྙན་ཐུང་ཁག་ཅིག་ལ་བལྟ་ཉན་བྱེད་པའི་སྐབས་སུ། འདས་པའི་མི་ལོ་དྲུག་ཅུ་ལྷག་གི་རིང་བོད་བརྒྱུད་ནང་བསྟན་པ་ཚོས་རྒྱ་གར་དང་བལ་ཡུལ་གྱི་ནང་པའི་གནས་ཆེན་ཁག་ཏུ་དགོན་པ་གསར་བཞེངས་དང་སྨོན་ལམ་ཆེན་མོ་སོགས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡུན་གནས་དང་དར་རྒྱས་ཀྱི་ཆེད་དུ་དཀའ་སྤྱད་དང་ཕྱག་རྗེས་ཅི་ཙམ་ཞིག་བཞག་དང་འཇོག་བཞིན་པའི་སྐོར་ལ་བསམ་གཞིག་ཅིག་མི་བྱེད་ཀ་མེད་བྱུང་།

འདི་ནས་ཡར་བརྩིས་པའི་ལོ་ངོ་གཅིག་སྟོང་ཙམ་གྱི་ཡས་མས་སུ། བོད་ཀྱི་སློབ་གཉེར་བ་དང་གནས་སྐོར་བ་མང་པོ་ཞིག་རྒྱ་གར་དང་བལ་ཡུལ་དུ་ལུས་སྲོག་འབེན་དུ་བཙུགས་ནས་འགྲུལ་བཞུད་བྱས་ཡོད། སྐྱེ་བོ་རླབས་ཆེན་དེ་ཚོས་ལུས་སྲོག་འབེན་དུ་བཙུགས་ནས་རང་རང་གི་དམིགས་ཡུལ་དེ་དག་འགྲུབ་ཆེད་ལེ་དབར་སྟོང་ཕྲག་གི་རི་ཚོགས་དང་གཙང་པོ་བརྒལ་བའི་རྗེས་སུ། དགྲ་ཇག་གཅན་གཟན་དང་གཡང་གཟར་དང་གངས་རླུང་སོགས་ཀྱིས་གཙེས་པའི་ལུས་སེམས་གཉིས་ཀྱི་ངལ་དུབ་གསོ་བའི་གནས་མལ་ཞིག་ཅིས་ཀྱང་མཁོ་ངེས་རེད།

མེས་པོ་དཔའ་མཛངས་ལྡན་པ་དེ་ཚོས་སྐབས་དེའི་རྒྱ་གར་འཕགས་པའི་ཡུལ་གྱི་ནང་བསྟན་སློབ་གཉེར་བྱེད་སའི་དགོན་ཆེན་དཔལ་ན་ལེན་དྲ་དང་། བི་ཀྲམ་ཤཱི་ལ། ཨོ་ཏན་ཏ་པུ་རི་བཅས་སུ་དཀའ་བ་དང་དུ་བླངས་ཤིང་ངལ་ཁྱད་དུ་བསད་ནས། མཁས་པ་དང་གྲུབ་ཆེན་འགྲན་ཟླ་བྲལ་བ་དེ་ཚོའི་དྲུང་ནས་སློབ་གཉེར་གནང་ཡོད་ལ། ཁྱད་པར་དུ་གདན་ས་ཆེན་པོ་བི་ཀྲམ་ཤཱི་ལར་བོད་ཀྱི་སློབ་གཉེར་བ་དང་གནས་སྐོར་བ་ཚོའི་ཆེད་དུ་དམིགས་ནས་བོད་པའི་སྤྱི་ཁང་ཞིག་ཀྱང་བསྐྲུན་ཡོད་པ་དང་། སྤྱི་ཁང་དེ་སུས་བསྐྲུན་པའི་སྐོར་ལ་ལོ་རྒྱུས་ཁ་གསལ་ཞིག་མེད་ན་ཡང་། བོད་པའི་ཆེད་དུ་ཡིན་པའི་སྤྱི་ཁང་དེ་འདྲ་ཞིག་ཡོད་ལུགས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསུངས་ཡོད། དེ་ཡང་ཁོང་གིས། “དེ་དུས་ཙ་ན་བོད་པ་མང་པོ་བི་ཀྲམ་ཤཱི་ལར་འགྲོ་བའི་སྒང་ཡིན་ཙང་། དེར་བོད་པ་རྣམས་སྡོད་སའི་སྤྱི་ཁང་ཞིག་ཀྱང་ཡོད་པ་ཡིན་འདུག”  1 ཅེས་གསུངས། དེ་བཞིན་ཉེ་ཆར་ཞི་བར་གཤེགས་པའི་ས་སྐྱའི་མཁས་དབང་མཁན་པོ་རྒྱ་མཚོ་མཆོག་གིས་ཀྱང་ཁོང་གི་བརྩམས་ཆོས་ <<ཆོས་གྲྭ་ཆེན་པོ་བི་ཀྲམ་ཤཱི་ལ་དང་འབྲེལ་བའི་རྟོག་གཏམ>>ཞེས་པར་གོང་གསལ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་དུམ་བུ་དེ་དྲངས་པའི་རྗེས་སུ། “་་་ ་་་ ཅེས་གསུངས་པ་ལྟར་ས་སྔོག་གི་ལས་འགུལ་གནང་སྐབས་སྟབས་ལེགས་སྟེས་དབང་གིས་བི་ཀྲམ་ཤཱི་ལའི་རྗེས་ཤུལ་ས་ཆ་ཞིག་ཏུ་ས་འོག་ནས་བོད་ཀྱི་ཅ་དངོས་འདྲ་མིན་དང་བོད་ཡིག་གི་དཔེ་ཆ་བཅས་ཀྱང་རྙེད་སོན་བྱུང་བས། ཉམས་ཞིབ་པ་རྣམས་ཀྱིས་རྗེས་ཤུལ་ས་ཆ་དེ་ག་རང་སྔོན་བོད་ཀྱི་སྤྱི་ཁང་རང་དུ་ངོས་འཛིན་གནང་བ་རེད། བྱས་ཙང་། རྗེས་ཤུལ་ཡོད་པའི་ས་ཆ་དེ་ག་རང་དུ་སྔོན་འབྲོག་མི་ལོ་ཙཱ་བ་དང་བ་རི་ལོ་ཙཱ་བ་དང་། མར་པ་ལོ་ཙཱ་བ་ལ་སོགས་བོད་ཀྱི་ལོ་ཙཱ་བ་བསམ་གྱིས་མི་ཁྱབ་པ་རྣམས་ཀྱང་དེར་འབྱོར་ཡོད་པ་ཡིན་ན། བི་ཀྲམ་ཤཱི་ལའི་བོད་ཀྱི་སྤྱི་ཁང་ལ་བག་ཆགས་ཅུང་ཟད་རེ་ཡོད་པའི་རྟགས་སུ་ཚོར་བས་ང་ཚོ་ཚང་མ་ཅིས་ཀྱང་དགའ་བའི་འོས་ཡིན།” 2 ཞེས་གསུངས་འདུག

དཔལ་ན་ལེན་དྲ་ནི་བོད་ཀྱི་ལོ་ཙཱ་བ་ཕལ་མོ་ཆེས་མདོ་སྔགས་རིག་གནས་དང་བཅས་པར་སློབ་གཉེར་གནང་ས་གལ་ཆེ་ཤོས་དེ་ཡིན་པས། གནས་མཆོག་དེར་ཡང་བོད་ཀྱི་སྤྱི་ཁང་རེ་ཡོད་ཆོག་ན་ཡང་། དེ་སྔའི་བླ་མ་ལོ་ཙཱ་པ་དག་གི་རྣམ་ཐར་དང་ལོ་རྒྱུས་ཡིག་ཆ་ཁག་ལས་གནས་ན་ལན་དྲར་ཡོད་ཀྱི་སྤྱི་ཁང་ཡོད་པ་མ་མཇལ་ཞིང་། ཙ་མི་སངས་རྒྱས་གྲགས་པར་མཚོན་ན་རྡོ་རྗེ་གདན་དུ་སྟོན་པའི་རྒྱལ་ཚབ་ཆེན་པོར་བཞུགས་པ་དང་། དཔལ་ན་ལེན་དྲའི་མཁན་པོའི་ཁྲི་ལ་ཡང་བཞུགས་པར་བོད་ཀྱི་ལོ་རྒྱུས་ཁྲོད་ཡོངས་སུ་གྲགས་པས། ཁོང་ནི་བོད་མི་ཞིག་གིས་རྒྱ་གར་ནང་པའི་གནས་ཆེན་གཉིས་སུ་ཆེས་མཐོའི་གོ་གནས་བཞེས་མཁན་སྙན་གྲགས་ཅན་ཞིག་ཡིན་ན། ཁོང་གི་སྐུ་དུས་སུ་རྡོ་རྗེ་གདན་དང་ན་ལེན་དྲ་གཉིས་སུ་བོད་པ་ཚོ་སྤོབས་པའི་མགོ་བོ་དགྱེ་དགྱེ་བྱས་ནས་འགྲོ་འོང་བྱས་ཡོད་ལས་ཆེ་ལ། ཁོང་གིས་རང་ཉིད་གང་ནས་འོངས་པའི་ཡུལ་གངས་ཅན་པའི་བོད་པ་སློབ་གཉེར་བ་དང་གནས་སྐོར་བ་ཚོའི་ཆེད་དུ་སྤྱི་ཁང་རེ་བསྐྲུན་ཡོད་མི་སྲིད་པ་ཞིག་ཀྱང་ག་ལ་ཡིན།

དུས་རབས་བཅུ་གཉིས་པ་ཙམ་ནས་ཀླ་ཀློའི་དམག་གིས་རྒྱ་གར་གྱི་ནང་བསྟན་རིམ་བཞིན་སྣུབ་མགོ་བཙུགས་ཏེ། ལོ་ངོ་བརྒྱད་བརྒྱ་ལྷག་གི་རིང་ནང་བསྟན་པ་ཡོངས་ཀྱི་དད་སེམས་ཀྱི་ནམ་མཁར་ཉི་མའི་འོད་ཟེར་དང་ཟླ་བའི་མཛེས་སྡུག་ལྟ་བུར་གྱུར་པའི་རྒྱ་གར་འཕགས་པའི་ཡུལ་དེ་ཆེས་མུན་ནག་གི་འཇིག་རྟེན་ཞིག་ཏུ་གྱུར་པ་དང་། དགེ་ཆོས་ཀྱིས་གསུངས་པ་བཞིན་མུ་སྟེགས་པའི་མནའ་མ་དང་ཕྱི་གླིང་པའི་མག་པ། ཀླ་ཀློའི་བུ་རབས་ཚ་བརྒྱུད་ཀྱིས་མི་དགེ་བ་བཅུ་དང་མཚམས་མེད་པ་ལྔ་ཡི་ཟློས་གར་འཁྲབ་སའི་གར་སྟེགས་ཆེན་པོ་ཞིག་ཏུ་གྱུར་ཏོ།།

ཡིན་ན་ཡང་། སྟོན་པ་ཐུགས་རྗེ་ཅན་གྱི་བསྟན་པའི་སྒྲོན་མེ་ད་དུང་ཡོངས་སུ་གཟིམ་པའི་དུས་སུ་མ་བསླེབས་པས། རྒྱ་གར་དབྱིན་གཞུང་གི་སྐབས་སུ་རྡོ་རྗེ་གདན་དང་ན་ལེན་དྲ། ཝ་ར་ན་སི་སོགས་ནང་པའི་གནས་ཆེན་ཁག་ཅིག་སྐྱི་གཡའ་བའི་ལོ་རྒྱུས་ཀྱི་ས་འོག་ནས་སྔོག་འདོན་བྱེད་མགོ་བཙུགས་ཤིང་། བརྒྱ་ཕྲག་བཅུ་དགུ་བའི་དུས་མགོར་བསླེབས་པ་ན། ལྷོ་ཕྱོགས་སིང་ག་ལར་སྐུ་འཁྲུངས་པའི་སྐྱེས་བུ་སྙིང་སྟོབས་ཆེན་པོ་དགེ་བསྙེན་དྷརྨ་པྰ་ལ་བྱ་བ་དེ་རྒྱ་གར་དུ་ཕེབས་ནས། ནང་པའི་གནས་ཆེན་ཁག་གི་སྐྱོ་གར་དེ་ཚོ་ཐུགས་ཀྱིས་མ་བཟོད་པར་བྱང་ཆུབ་ཆེན་པོའི་ཆོས་ཚོགས་གསར་འཛུགས་དང་། ནང་པའི་གནས་ཆེན་ཚོའི་བདག་དབང་རྩོད་གླེང་སོགས་ཀྱི་ཕྱག་རྗེས་མི་དམན་པ་ཞིག་བཞག་ཅིང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་རྒྱ་གར་ནང་པའི་གནས་ཆེན་སྐོར་བ་དང་། སིང་ག་ལའི་ཡུལ་དུ་འགྲུལ་བཞུད་ལ་ཕེབས་པར་ཡང་བྱང་ཆུབ་ཆེན་པོའི་ཆོས་ཚོགས་ནས་རོགས་རམ་རྒྱ་ཆེན་པོ་ཞིག་གནང་ཡོད་པ་རེད་ལ། བྱང་ཆུབ་ཆེན་པོའི་ཆོས་ཚོགས་དེའི་གལ་ཆེན་རང་བཞིན་གཟིགས་ནས། དགེ་འདུན་ཆོས་འཕེལ་གྱིས་བོད་པ་ཚོར་ཆོས་ཚོགས་དེའི་ཁོངས་སུ་འཛུལ་ཞུགས་བྱེད་དགོས་པའི་འབོད་སྐུལ་ཡང་གནང་ཡོད་པ་རེད།

<<བཙན་བྱོལ་བོད་མིའི་དགོན་སྡེ་ཁག་གི་ལོ་རྒྱུས>>་ཞེས་པའི་དེབ་སྟོད་སྨད་གཉིས་ཡོད་པ་དེར་བལྟས་ན། སྤྱི་ལོ་ ༡༩༥༩ ནས་སྤྱི་ལོ་ ༢༠༡༡ བར་དུ། བོད་ཀྱི་བླ་སྤྲུལ་མཁན་པོ་དགེ་བཤེས་སོགས་ཀྱིས་རྒྱ་བལ་འབྲུག་གསུམ་དུ་རྙིང་མའི་དགོན་སྡེ་༧༧ བཀའ་བརྒྱུད་དགོན་སྡེ་༦༩ ས་སྐྱའི་དགོན་སྡེ་༢༨ དགེ་ལུགས་དགོན་སྡེ་༦༦ ཇོ་ནང་དགོན་སྡེ་༣ རིས་མེད་དགོན་སྡེ་༡༡ བོན་དགོན་༧་བཅས་བཞེངས་སྐྲུན་བྱས་འདུག་ཅིང་། 5  དེ་ནས་བརྩིས་ཏེ་ད་ལོ་སྟེ་སྤྱི་ལོ་༢༠༢༦ བར་རྙིང་བཀའ་ས་ཇོ་དགེ་བོན་བཅས་ཀྱི་དགོན་སྡེ་གསར་པ་ཡང་མང་པོ་ཞིག ཀ་བ་གཅིག་ལས་གཅིག་སྦོམ་དང་རྒྱ་ཕིབ་གཅིག་ལས་གཅིག་རྫིག་གིས་གསར་བཞེངས་བྱས་ཡོད་པ་རེད། དཔེར་ན་སྤྱི་ལོ་ ༢༠༠༠ ལོའི་ཡས་མས་སུ་གནས་མཆོག་ལུམ་བི་ནར་ས་སྐྱའི་དགོན་པ་ཞིག་མ་གཏོགས་བོད་དགོན་གང་ཡང་མ་མཇལ་ཡང་། འདས་པའི་མི་ལོ་ཉེར་ལྔའི་རིང་གནས་མཆོག་དེར་ཡང་བོད་དགོན་མང་པོ་ཞིག་གསར་བཞེངས་བྱས་ཡོད་ལ། རྡོ་རྗེ་གདན་དུ་སྤྱི་ལོ་ ༡༩༩༠ གཡས་གཡོན་དུ་བོད་དགོན་རེ་ཟུང་ལས་མེད་ན་ཡང་། ད་ལྟར་རྙིང་མའི་དགོན་པ་གསར་པ་བདུན་ཕྲག་གཅིག་གི་སྔོན་སྒོ་འབྱེད་མཛད་སྒོ་འཚོགས་པ་པདྨ་སམ་བྷ་ཝ་ཞེས་པ་བཟོ་བཀོད་བློས་མི་འཁྱུད་ཙམ་དང་། ས་སྐྱའི་དགོན་ཆེན། ཀམ་ཚང་བཀའ་བརྒྱུད་པའི་སྨོན་ལམ་འཚོག་ཡུལ་གྱི་གུར་ཆེན། ཞེ་ཆེན་དགོན་པ་དང་ཀིརྟི་དགོན་སོགས་བོད་དགོན་བརྗིད་ཆགས་གཟི་འོད་འབར་བ་མང་པོ་ཞིག་གིས་གནས་མཆོད་རྡོ་རྗེ་གདན་གྱི་ཕྱོགས་བཞི་ཡོངས་སུ་བསྐོར་ཚར་བ་དང་།  སྤྱི་ལོ་ ༢༠༢༣ ལོར་རྡོ་རྗེ་གདན་གྱི་ཐག་ཉེར་ཏྭ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་ཞེས་པའི་སློབ་གཉེར་ཁང་ཆེན་པོ་ཞིག་གསར་སྐྲུན་གྱི་དབུ་འཛུགས་གནང་ཟིན་པ་དང་། ཝ་ར་ཎ་སིར་མཚོན་ན་ཡང་མི་ལོ་སུམ་ཅུའི་ཡར་སྔོན་དུ་རྒན་མགོ་སེར་ཞེས་པས་བཏབ་པའི་བོད་དགོན་ཆུང་ཆུང་ཞིག་དང་ཝ་ར་ཎ་སའི་མཐོ་སློབ་གཉིས་ལས་མེད་ན་ཡང་། དེང་སང་བཀའ་བརྒྱུད་ཁྲ་འགུ་རིན་པོ་ཆེའི་བཛྲ་བིདྱ་གཙུག་ལག་ཁང་སོགས་བོད་དགོན་ཇེ་མང་དུ་སོང་ཡོད་པ་དང་། མཉན་ཡོད་ལ་མཚོན་ན་སྔོན་ཆད་བོད་དགོན་གཅིག་ཀྱང་མེད་ན་ཡང་། དེང་སང་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེས་སྤྱི་ལོ་ ༢༠༡༥ ལོར་ཕྱག་བཏབ་པའི་བོད་བརྒྱུད་ནང་པའི་གཙུག་ལག་ཁང་ཞིག་ཡོད་ལ། ཁོང་གིས་མཉན་ཡོད་ནང་པའི་རིག་གཞུང་དུས་སྟོན་ཆེན་མོ་ཞེས་མང་ཚོགས་ལ་ནང་ཆོས་ཀྱི་གོ་རྟོགས་སྤེལ་སླད་སྟོན་པ་བཅོམ་ལྡན་འདས་ཀྱི་གསུང་གི་སྙིང་པོ་<<ཆོས་ཀྱི་ཚིགས་སུ་བཅད་པ>>་བཀའ་འཁྲིད་གནང་བས་མཚོན་མཛད་རིམ་རྒྱས་པ་ལོ་ལྟར་ཚོགས་གནང་ཡོད་ཅིང་། ལྷག་པར་ཕྱི་ལོ་ ༢༠༡༩ ལོར་འབར་མ་དང་སེངྒ་ལ་སོགས་ནས་ཆེད་དུ་གདན་འདྲེན་ཞུས་པའི་གནས་བརྟན་སྡེ་བའི་དགེ་སློང་ ༡༠༨ ལྷན་བཞུགས་ཀྱིས་ཟླ་གསུམ་རིང་དབྱར་གནས་གོ་སྒྲིག་ཞུས་ཡོད་པ་མ་ཟད། ལོ་ལྟར་ཐེག་གསུམ་དགེ་འདུན་རྣམས་རེས་མོས་ཀྱིས་དབྱར་གནས་ཚོགས་འཆར་ཡོད། 3 དེ་བཞིན་བཀའ་བརྒྱུད་བསྟན་པའི་མེས་པོ་གྲུབ་ཆེན་ནཱ་རོ་པའི་གདན་ས་པུ་ལ་ཧ་རིར་ཡང་མཁན་ཆེན་ཁྲ་འགུ་རིན་པོ་ཆེས་སྒྲ་སྒྱུར་མར་པའི་ཐུགས་དམ་དཔལ་དགྱེས་པ་རྡོ་རྗེ་ཉམས་སུ་ལེན་སའི་སྒྲུབ་སྡེ་ཡིད་དུ་འོང་བ་ཞིག་ཕྱག་བཏབ་ཡོད། 4 བཞུགས་སྒར་རྡ་སའི་ཉེ་འཁོར་ཚང་མ་ཡང་གསང་སྔགས་ཀྱི་གནས་ཆེན་ཉེར་བཞིའི་ཡ་གྱལ་ཛ་ལན་དྷ་ར་ཡིན་ལུགས་མཁས་དབང་དགེ་ཆོས་ཀྱིས་གཏམ་རྒྱུད་གསེར་ཐང་དང་རྒྱ་གར་ལམ་ཡིག་གཉིས་ཀར་གསུངས་ཤིང་། རྡོ་ལ་དྷར་ནས་མགོ་བཙུགས་ཏེ་བྱང་གི་རི་རྒྱུད་རིང་མོ་དེའི་འདབས་སུ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དང་རྣམ་རྒྱལ་གྲྭ་ཚང་སོགས། བཙུན་དགོན་སྒྲོལ་མ་གླིང་དང་འཆི་མེད་དགའ་ཚལ་གླིང་སོགས། སྦིར་རྫོང་གསར་བཤད་གྲྭ་དང་དཔལ་ཡུལ་ཆོས་འཁོར་གླིང་སོགས། དཔལ་སྤུངས་ཤེས་རབ་གླིང་ནས་ཁམས་པ་སྒར་ཕུན་ཚོགས་ཆོས་འཁོར་གླིང་གིས་གཙོས་པའི་དགོན་པ་དང་ལྷ་ཁང་ཆུང་འབྲིང་མང་པོ་ཞིག་བཞེངས་ཡོད། གུ་རུ་རིན་པོ་ཆེའི་གནས་ཆེན་མཚོ་པད་མའི་མཚོ་འགྲམ་དུ་ཨོ་རྒྱན་ཧེ་རུ་ཀའི་ཕོ་བྲང་དང་ཟངས་མདོག་དཔལ་རིའི་དགོན་པ་སོགས་རི་རྩེའི་བར་དུ་བོད་པའི་བླ་མས་བཞེངས་པའི་སྒྲུབ་སྡེ་དང་དགོན་པ་ལྷ་སྐུ་ཆེན་པོ་སོགས་ཀྱིས་ཁེངས་བསྡད་འདུག དེ་བཞིན་རྒྱ་གར་གྱི་ས་གནས་སྙན་གྲགས་ཅན་ཀ་རྡོར་སྒང་གསུམ་དང་གར་ཞྭ་མཁའ་འགྲོའི་གླིང་། ལ་དྭགས་ནས་མོན་ཡུལ་བར། ཨ་ཇན་ཏ་དང་ཨེ་ལོ་ར། དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དང་ལྷོ་ཕྱོགས་དཔལ་གྱི་རི་དང་ཐག་ཧ་ཅང་མི་རིང་བའི་ས་སྟེ་འགྲུལ་འཁོར་ལས་ཆུ་ཚོད་བཅུ་བཞི་ཙམ་གྱི་སར་རྙིང་མའི་རྣམ་གྲོལ་གླིང་དང་དགེ་ལུགས་སེ་འབྲས་དགེ་གསུམ་སོགས། འབྲི་གུང་དང་ས་སྐྱ་སོགས་ཀྱི་གདན་ས་འབྲིང་ཆུང་གསུམ་དག་དང་ཏྰ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ཡོད། ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་གནས་ཡུལ་རྡེ་ར་རྡུན་ས་གནས་སུ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་། བཀྲ་ཤིས་འཁྱིལ། དཔལ་ས་སྐྱ་ཆོས་སྒར། ས་སྐྱའི་མཐོ་སློབ། ངོར་དགོན་དང་ས་སྐྱའི་མ་དགོན། འབྲི་གུང་སྐྱབས་མགོན་གདན་ས་བྱང་ཆུབ་གླིང་དང་མཐོ་སློབ་སོགས། ཡུལ་ཉེར་བཞིའི་ནང་ཚན་ཀུ་ལུ་མུ་ན་ལིར་ཡང་རྨེ་བ་མཁན་ཆེན་ཐུབ་བསྟན་གྱིས་ཕྱག་བཏབ་པའི་སྤང་སྒང་རི་ཁྲོད་བསམ་གཏན་ཆོས་གླིང་དང་འབྲུག་བདེ་ཆེན་ཆོས་འཁོར་གླིང་སོགས་བོད་དགོན་གང་འཚམ་ཞིག་འདུག རྒྱ་གར་ནུབ་བྱང་གི་ཆར་གཏོགས་སྔོན་གྱི་ནང་པའི་གནས་མཆོག ཐང་ཟིན་ལམ་ཡིག་ལྟར་ན་དགོན་ཆེན་ཀརྣི་ཀའི་གཙུག་ལག་ཁང་དང་ཁྲི་བཞི་བརྒྱའི་མཆོད་རྟེན་ཆེན་པོ། ཐེག་དམན་དགེ་འདུན་ལྔ་སྟོང་ཙམ་བཞུགས་མྱོང་བ་དང་། སྔོན་ཆད་གནས་བརྟན་གསེར་བུའི་བུ་དང་རྗེས་སུ་ཁ་ཆེའི་པཎ་ཆེན་སོགས་མཁས་གྲུབ་གྲགས་ཆེན་དུ་མའི་འཁྲུངས་ཡུལ་ཁ་ཆེའམ་ཀསྨྲིར་ནས་ཉིན་ལམ་གཅིག་གི་ས་གནས་སིམ་ལར་སྔ་འགྱུར་རྡོ་བྲག་སྟག་ལུང་རྩེ་སྤྲུལ་དགོན་པ། ཇོ་ནང་མ་དགོན། བོན་པོའི་གདན་ས་སྨན་རི་སོགས། རྒྱ་གར་ཤར་ཕྱོགས་སྔོན་ཆད་གསང་སྔགས་རྒྱ་ཆེར་དར་བའི་ཡུལ་ཨོ་རི་སར་རྙིང་དགོན་ཨོ་རྒྱན་ཐེག་མཆོག་ཆོས་འཁོར་གླིང་། རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་། བདུད་འདུལ་རབ་བརྟན་གླིང་། ནམ་མཁའ་ཁྱུང་རྫོང་སོགས། གུ་རུའི་སྦས་ཡུལ་འབྲས་མོ་ལྗོངས་སུ་སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེའི་དགོན་པ། འབྲས་ལྗོངས་སྨིན་གྲོལ་གླིང་། རྒྱལ་དབང་ཀརྨ་པའི་གདན་ས་རུམ་བཏེགས་བཤད་སྒྲུབ་ཆོས་འཁོར་གླིང་། ཀརྨ་ཤྲྰི་ན་ལེནྡྲ་ཆེས་མཐོའི་བཤད་གྲྭ། ཟངས་མདོག་དཔལ་རིའི་ལྷ་ཁང་ཆེན་མོ། རྫོགས་ཆེན་འོད་གསལ་ཐེག་མཆོག་གླིང་སོགས། རྡོ་རྗེ་གླིང་དང་ཀ་ལིམ་སྤུངས་སོགས་སུ་ཡང་བོད་དགོན་མང་པོ་ཞིག་ཡོད། ས་ལུ་སྒུ་རུར་བྱ་བྲལ་སྒྲུབ་གྲྭ གནམ་ལྕགས་དགོན། རྗ་ཡེ་གོན་དུ་ས་སྐྱ་དགོན། གཞན་རྒྱ་གར་གནས་ཆེན་ཕལ་མོ་ཆེར་གལ་སྲིད་བོད་པ་གནས་སྐོར་བ་ཞིག་བསླེབས་མྱོང་ཚེ། ཁྱེད་ཀྱིས་གནས་དེའི་གཡས་གཡོན་གྲུ་ཟུར་གང་རུང་ཞིག་ཏུ་མ་མཐའ་ཡང་བོད་བརྒྱུད་ནང་བསྟན་གྱི་མཚོན་དོན་ཁ་དོག་ལྔ་ལྡན་གྱི་དར་ལྕོག་ཅིག་མཐོང་ཐུབ།  བོད་ཀྱི་བླ་མ་ཚོས་རྒྱ་གར་གནས་ཆེན་ཁག་ལ་དགོན་སྡེ་དང་སྒྲུབ་གནས་མང་པོ་གསར་འཛུག་བྱས་པའི་ཉེར་ལེན་གྱིས། རྒྱ་གར་གཞུང་ཡང་གཉིད་ལས་སད་དེ་སྲིད་བློ་མོ་རྡིའི་མཚན་ཐོག་ནས། སྤྱི་ལོ་ ༢༠༢༤ ལོར་བྷི་ཧར་མངའ་སྡེའི་ལེནྡྲ་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་གནང་བ་རེད།

གཉིས་པ།

བལ་ཡུལ་ལ་མཚོན་ན་བལ་བཟའ་ཁྲི་བཙན་གྱི་སྐལ་བར་བྱིན་པའི་བོད་ཐང་དུ་གྲགས་པ་ཞིག་དེང་སང་གི་བལ་ཡུལ་རྒྱལ་སའི་དཀྱིལ་དེར་ཡོད་པ་ནས་བརྩམས་ཏེ། བལ་ཡུལ་མཐའ་མཚམས་སུ་ཤུགས་རྐྱེན་ཆེན་པོ་ཐེབས་པའི་རྗེ་བཙུན་མི་ལ་རས་པ་དང་། ཀུན་མཁྱེན་དོལ་བོ་སངས་རྒྱས། གྲུབ་ཆེན་ཐང་སྟོང་རྒྱལ་པོ།  མཆོད་རྟེན་བྱ་རུང་ཁ་ཤོར་དང་འཕགས་པ་ཤིང་ཀུན་གཉིས་ཀར་ཞིག་གསོ་མཛད་པའི་ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ། 6  ཞབས་དཀར་ཚོགས་དྲུག་རང་གྲོལ་ 7 སོགས་བྱོན་མྱོང་ལ། ཕྱི་མ་གཉིས་ཀྱིས་མཆོད་རྟེན་བྱ་རུང་ཁ་ཤོར་ལ་ཉམས་གསོ་ཆེན་པོ་མཛད་ཡོད། ལོ་རབས་དགུ་བཅུ་པའི་དུས་དཀྱིལ་ནས་བཟུང་བོད་མི་མང་པོ་ཞིག་བལ་ཡུལ་དུ་བསླེབས་པའི་ཁྲོད་དུ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མང་པོ་ཞིག་ཡོད་པ་དང་། དེ་དག་གི་ཁྲོད་ནས་བལ་ཡུལ་གྱི་ནང་པའི་གནས་ཆེན་ཁག་ཏུ་དགོན་སྡེ་གསར་འཛུགས་གནང་མཁན་གཙོ་བོའི་གྲས་ཡིན་པ། སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་རིན་པོ་ཆེ་དང་། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ། སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེ། ཆོས་ཀྱི་ཉི་མ་རིན་པོ་ཆེ། མཁན་ཆེན་ཁྲ་འགུ་རིན་པོ་ཆེ། བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ། བླ་མ་བཟོད་པ་རིན་པོ་ཆེ་སོགས་ཡིན་པ་དང་། སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་རིན་པོ་ཆེ་ལ་མཚོན་ན། གཙོ་བོ་གུ་རུ་རིན་པོ་ཆེའི་གནས་ཆེན་ཡང་ལེ་ཤོད་དང་ཡོལ་མོ་གངས་ཀྱི་ར་བ་སོགས་སུ་སྒྲུབ་སྡེ་གསར་འཛུགས་གནང་ཡོད་བ་སྟེ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་གུ་རུ་པདྨས་ཕྱག་རྒྱ་ཆེན་པོ་རིག་འཛིན་གྱི་གོ་འཕང་མངོན་དུ་མཛད་པའི་གནས་མཆོག་ཡང་ལེ་ཤོད་དུ་སྒྲུབ་སྡེ་ཆེན་པོ་དཔལ་རིག་འཛིན་དགའ་ཚལ་རྟེན་དང་བརྟེན་པ་བཅས་བཞེངས་ཤིང་། གཞན་ཡང་གནས་ཆེན་ཉེར་བཞིའི་ཡ་གྱལ་གོ་དྷ་ཝ་རིར་སྒྲུབ་སྡེ་བླ་མེད་འོད་གསལ་ཏིང་འཛིན་མཆོག་སྒྲུབ་གླིང་། ཡོལ་མོ་གངས་རར་སྒྲུབ་སྡེ་ཀུན་བཟང་ཆོས་གླིང་དང་། སྦས་ཡུལ་འབྲས་མོ་གཤོངས་སུ་དཔའ་སྐྱོང་ཀཿ ཐོག་དགོན། དེའི་གནས་སྒོ་ཆེ་བ་རྡོ་རྗེ་གླིང་གི་གྲོང་ལས་དགོན་པའི་ཚུལ་དུ་ཆགས་པ་ཕུན་ཚོགས་རྔ་ཡབ་ཆོས་གླིང་གི་སྒྲུབ་སྡེ་ཀུན་གྲོལ་འོད་གསལ་རྩེ། སྦས་ཡུལ་གླང་བྲག་ཅེས་ཀུན་མཁྱེན་ཆེན་པོ་ཀློང་ཆེན་པའི་གདན་ས་གླིང་བརྒྱད་ཀྱི་ནང་གསེས་ཤར་ཀུན་བཟང་ཆོས་གླིང་དང་མི་རིང་བའི་སར། རྒྱལ་སྲས་སྤྲུལ་སྐུ་གྲགས་པ་འོད་ཟེར་གྱིས་ཕྱག་བཏབ་པའི་གདན་ས་ཉམས་པ་སླར་གསོ་མཛད་པའི་སྒྲུབ་སྡེ་ངེས་གསང་རྟག་བརྟན་གླིང་སོགས་སྒྲུབ་པའི་བསྟི་གནས་ཆོས་སྡེ་ཆེན་པོ་གང་མང་ཕྱག་བཏབ་པ་སོགས་རྟོགས་པའི་བསྟན་པ་རིན་པོ་ཆེར་ཕྱག་རྗེས་ཆེ།  8

མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་ཉེ་འདབས་སུ་བོད་པའི་བླ་མ་སྐྱེས་ཆེན་རྣམ་པས་ཕྱག་བཏབ་པའི་རྙིང་མའི་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་། བཀའ་རྙིང་བཤད་སྒྲུབ་གླིང་། རྙིང་མའི་བདུད་འཇོམས་དགོན། རྙིང་མའི་བེ་རོ་དགོན། བཀའ་བརྒྱུད་ཁྲ་འགུ་དགོན་པ། བཀའ་བརྒྱུད་དཔའ་བོ་དགོན། ས་སྐྱའི་བྱམས་ཆེན་ལྷ་ཆེན། ས་སྐྱའི་ཁྲ་རིག་དགོན། ས་སྐྱའི་ཐར་ལམ་དགོན། དགེ་ལྡན་བསམ་གཏན་གླིང་། དགེ་ལྡན་ཀོ་པན་དགོན། བཀའ་བརྒྱུད་ཟླ་བཟང་དགོན། ཇོ་ནང་དགོན་ངེས་དོན་རྟག་བརྟན། བཀའ་བརྒྱུད་ཕུ་ལ་ཧ་རི་དགོན། དགེ་ལྡན་ཆུ་བཟང་དགོན་སོགས་དགོན་སྡེ་ཆེ་འབྲིང་ཆུང་གསུམ་ཧ་ལམ་བརྒྱ་ལ་ཉེ་བ་ཞིག་ཡོད་བ་དང་། གནས་མཆོག་འཕགས་པ་ཤིང་ཀུན་གྱི་གཡས་གཡོན་དུ། སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེའི་དགོན་པ། གྲུབ་དབང་སངས་རྒྱས་མཉན་པ་རིན་པོ་ཆེའི་དགོན་པ། འབྲུག་ཆེན་བཙུན་དགོན། ཡོངས་དགེ་མི་འགྱུར་རིན་པོ་ཆེའི་དགོན་པ། གྲུབ་ཐོབ་དགོན་པ། གླང་རི་ལུང་བསྟན་གྱི་རི་འདབས་སུ་བོན་དགོན་ཁྲི་བརྟན་ནོར་བུ་རྩེ་དང་ཁྲོམ་ཐོག་དགེ་ལྡན་དགོན། ས་བཅུ་རིན་པོ་ཆེའི་དགོན་པ། དགེ་ལྡན་བཙུན་དགོན་སོགས་དགོན་ཆེ་ཆུང་ལྔ་བཅུ་བརྒལ་བ་ཞིག་ཏན་ཏན་ཡོད་པ་དང་། ཨོ་རྒྱན་ཆེན་པོའི་གནས་མཆོག་ཡང་ལེ་ཤོད་དུ་གོང་སྨྲོས་སྐྱབས་རྗེ་བྱ་བྲལ་རིན་པོ་ཆེའི་སྒྲུབ་གྲྭ་དང་། མཁན་ཆེན་རྣམ་གྲོལ་རིན་པོ་ཆེའི་སྒྱུ་འཕྲུལ་ལྷ་ཁང་། བན་ཆེན་བཤད་གྲྭ། ཁྲ་རིག་སྒྲུབ་གྲྭ གཏེར་ཆེན་ནམ་མཁའ་དྲི་མེད་རིན་པོ་ཆེའི་དགོན་པ། ཨ་འཛོམས་རིན་པོ་ཆེའི་དགོན་པ་སོགས་ཕལ་ཆེར་དྲུག་ཅུ་བརྒལ་བ་དང་། ཡུལ་ཉེར་བཞིའི་ནང་ཚན་གོ་ད་ཝ་རིར་སྐྱབས་རྗེ་བྱ་བྲལ་རིན་པོ་ཆེའི་སྒྲུབ་གྲྭ རྫོགས་ཆེན་དགེ་གྲགས་རིན་པོ་ཆེའི་དགོན་པ་སོགས་ཡོད་ལ། སྟག་མོ་ལུས་སྦྱིན་དུ་མཁན་ཆེན་ཁྲ་འགུ་རིན་པོ་ཆེའི་བཤད་གྲྭ་སོགས་ཡོད། དེ་བཞིན་བསང་ཁུ་རྡོ་རྗེ་ཕག་མོའི་ཉེ་འདབས་སུ་བཀའ་བརྒྱུད་དགོན་དང་རྙིང་མའི་དགོན། ཀླུ་གན་རྐྱལ་དུ་ཟངས་ཟངས་རིན་པོ་ཆེའི་དགོན་པ་སོགས་མང་པོ་ཞིག་ཡོད།

དཔལ་ལྡན་འབྲུག་གི་རྒྱལ་ཁབ་ལ་མཚོན་ན། སྤ་གྲོའི་ཞེ་ཆེན་སྒྲུབ་སྡེ། ཐིམ་ཕུའི་ཨོ་རྒྱན་མདོ་སྔགས་ཆོས་གླིང་། ཐིམ་ཕུའི་བཙུན་དགོན་ཞེ་ཆེན་ཨོ་རྒྱན་ཆོས་རྫོང་། ཞེ་ཆེན་རབ་འབྱམས་རིན་པོ་ཆེའི་དབུ་ཁྲིད་འོག་གསར་བཞེངས་ལས་གཞི་རྩོམ་བཞིན་པའི་རྒྱལ་སྤྱིའི་ཞེ་ཆེན་སློབ་གཉེར་ཁང་སྐལ་བཟང་མདོ་སྔགས་བཤད་སྒྲུབ་གླིང་། སྟེང་རིན་པོ་ཆེའི་དགོན་པ་ཁག རྒྱ་བལ་འབྲུག་གསུམ་གང་དུ་ཕྱིན་ན་ཡང་བོད་མི་འདུས་སྡོད་ཀྱི་ས་ཆ་ཞིག་ཡིན་ཕྱིན། དེར་བོད་བརྒྱུད་ནང་བསྟན་གྱི་ལྟེ་གནས་སམ་ལྷ་ཁང་རེ་མེད་ས་ཞིག་ཕལ་ཆེར་མི་འདུག གོང་སྨྲོས་གདན་ས་འདི་དག་ཏུ་བོད་ནས་ཕེབས་པའི་སློབ་གཉེར་བ་དང་སྒྲུབ་བརྩོན་པ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་གཉེར་བ་དང་ཉམས་ལེན་པ་སོགས་ཀྱིས་མདོ་སྔགས་རིག་གནས་ལ་སློབ་གཉེར་དང་ཐོས་དོན་རྒྱུད་ལ་སྦྱོར་བའི་ཕྱོགས་སུ་བློ་གནད་དུ་གནས་ཏེ་བསམ་བློ་ཞིབ་མོ་ཞིག་བཏང་ན། མིའི་ལུང་པར་དང་པོར་བསླེབས་དུས་ལུས་གང་ཁེབས་ཀྱི་གྱོན་ཆས་འགའ་རེ་དང་། ཉེར་མཁོའི་དཔེ་ཆ་དང་ཕྲེང་བ་ཙམ་ཞིག་མ་གཏོགས་འཁྱེར་རྒྱུ་མེད་པའི་མི་རིགས་ཤིག་གི་ཁྲོད་ནས། རླབས་ཆེན་སྨོན་ལམ་གྱི་མཐུ་གྲུབ་པའི་གངས་ཅན་བོད་ཀྱི་བླ་སྤྲུལ་མཁན་པོ་དགེ་བའི་བཤེས་གཉེན་རྣམ་པའི་བཀའ་དྲིན་དང་། གནས་ཡུལ་རྒྱལ་ཁབ་དང་དེའི་མི་དམངས་ཀྱི་བླ་ན་མེད་པའི་རྒྱབ་སྐྱོར། གཏོང་ཕོད་ཀྱི་སྒོ་འཕར་ཕྱེས་པའི་བསྟན་པའི་སྦྱིན་བདག་རྣམ་པའི་རོགས་རམ་སོགས། ཕྱི་ནང་གི་མཐུན་རྐྱེན་ཡོངས་སུ་འཛོམས་པའི་རྒྱུ་རྐྱེན་རྟེན་འབྲེལ་ལ་བརྟེན་ནས། འདས་པའི་མི་ལོ་དྲུག་ཅུའི་རིང་ལ་རྒྱ་གར་འཕགས་པའི་ཡུལ་དང་ལྷོ་བལ་གནས་མཆོག་འདི་གཉིས་སུ། སྟོན་པ་ཐུགས་རྗེ་ཅན་དེའི་ལྟ་བ་རྟེན་ཅིང་འབྲེལ་འབྱུང་དང་། སྤྱོད་པ་འཚེ་མེད་ཞི་བདེའི་ལམ་བཟང་འདི་ཉིད་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་དུ་བཏང་དང་གཏོང་བཞིན་པ་འདིའི་ཕྱི་ནང་གསང་བའི་ཤོག་ལྷེ་མང་པོ་ཞིག་ཕར་སློག་ཚུར་སློག་བྱས་པའི་ཟིན་ཐོ་ལྟ་བུ་ཞིག་ཡིག་ངོར་ཕབ་པ་ལགས་ཤིང་།  ང་ཚོ་ཕྱི་རབས་པ་ཚོས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་གི་ཕྱོགས་སུ་ཕ་མེས་ཀྱི་བླ་མ་བཙོང་བ་ཞིག་དང་། བུ་རབས་ཚ་བརྒྱུད་ལ་ངོ་གནོང་མི་དགོས་པའི་ལག་རྗེས་རེ་འཇོག་དགོས་སམ་མི་དགོས་ཐུགས་བསམ་བཞེས་རོགས་གནོངས།།

1 ས་སྐྱ་ཞིབ་འཇུག་དུས་དེབ། <<ཆོས་དུང་དཀར་པོ།>> ཤོག་ངོས། ༡༠ འདོན་ཐེངས་༡༨ སྤྱི་ལོ་ ༢༠༢༥ ས་སྐྱའི་མཁན་ཆེན་རྒྱ་མཚོས་གོང་གསལ་ལུང་དེ་དྲངས་འདུག་ཀྱང་། ཁོ་བོས་<<གཏམ་རྒྱུད་གསེར་ཐང་>>དང་<<རྒྱ་གར་གནས་ཡིག>> གསར་རྙེད་གསུང་རྩོམ་<<རྒྱ་གར་འཕགས་པའི་ཡུལ་དུ་ནང་པའི་མཆོད་རྟེན་དང་གནས་མཆོག་བྱིན་ཅན་རྣམས་ཀྱི་བཤད་པ་མཐོང་ཐོས་ཀུན་གྲོལ་ཞེས་བྱ་བ་བཞུགས་སོ།།>> ཞེས་པ་ཚིག་སྦྱོར་ལ་དཔྱད་ན་དགེ་ཆོས་ཀྱི་གསུང་རྩོམ་ཡིན་མིན་ལ་དོགས་པ་ཡོད་པ་བཅས་ཞིབ་ཙམ་བཀླགས་ཀྱང་གོང་གི་ཚིག་དུམ་དེ་རྙེད་མ་བྱུང་།

2   ས་སྐྱ་ཞིབ་འཇུག་དུས་དེབ། <<ཆོས་དུང་དཀར་པོ། ཤོག་ངོས།>> ༡༠ འདོན་ཐེངས་༡༨ སྤྱི་ལོ་ ༢༠༢༥

3 https://tibettimes.net/2023/08/01/226823/

4 https://www.facebook.com/watch?v=1987050498796130

5 <<བཙན་བྱོལ་བོད་མིའི་དགོན་སྡེ་ཁག་གི་ལོ་རྒྱུས།>> བོད་གཞུང་ཆོས་རིག་ལས་ཁུངས་པར་མ། སྤྱི་ལོ་ ༢༠༡༡ དེབ་ཕྲེང་དང་པོ། གཉིས་པ། གསུམ་པ།

6 https://www.namlingrigzod.com/2020/03/ཀཿ ཐོག་རིག་འཛིན་ཚེ་དབང་/

7 <<སྙིགས་དུས་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་ཞབས་དཀར་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་ཐར་པ་རྒྱས་པར་བཤད་པ་སྐལ་བཟང་གདུལ་བྱ་ཐར་འདོད་རྣམས་ཀྱི་རེ་བ་སྐོང་བའི་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོ།>> སྨད་ཆ། རེབ་ཀོང་ཤིང་པར། ཤོག་ངོས་༡༡༣ ནས ༡༡༤

8 <<སྙིགས་དུས་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་ཞབས་དཀར་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་ཐར་པ་རྒྱས་པར་བཤད་པ་སྐལ་བཟང་གདུལ་བྱ་ཐར་འདོད་རྣམས་ཀྱི་རེ་བ་སྐོང་བའི་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོ།>> སྨད་ཆ། རེབ་ཀོང་ཤིང་པར། ཤོག་ངོས་༡༡༣ ནས ༡༡༤

9  https://www.namlingrigzod.com/2016/09/༸སྐྱབས་རྗེ་བདེ་བར་གཤེག/

འབྲེལ་ཡོད་གསར་འགྱུར།

Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

སྐར་མ ༤༥ སྔོན་ལ།
ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
tttt
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

ཆུ་ཚོད་ ༢༤ སྔོན་ལ།
tibettimes
Mobile App

༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས།

༢༠༢༦/༠༢/༢༣
ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲི་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོགས།

༢༠༢༦/༠༢/༢༢
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་ཁག

༢༠༢༦/༠༢/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese