རྩོམ་པ་པོ། དོ་སྤྲུལ་ཆོས་དབྱིངས་ཡེ་ཤེས་སམ་ཀླུ་སྨྱོན་ཧེ་རུ་ཀ
རྩོམ་ཁུངས། བོད་ཀྱི་དུས་བབ།
དང་པོ།
ཁོ་བོར་མཚོན་ན་སྤྱི་ལོ་༢༠༡༣ ལོར་རང་སློབ་ཨ་རི་བ་བཅུ་གྲངས་ཤིག་ཁྲིད་ནས་རྒྱ་གར་ལ་གནས་སྐོར་དུ་ཕྱིན་པ་ནི་གནས་མཆོག་དེར་བསྐྱོད་ཐེངས་མཐའ་མ་དེ་ཡིན། ལོ་དེ་ནི་ཧ་ཅང་སེམས་འགུལ་ཐེབས་པ་དང་ཧ་ཅང་རྩ་ཆེ་བའི་དུས་སྐབས་ཤིག་ཡིན། ལོ་ངོ་ཉི་ཤུའི་རྗེས་སུ་རང་གི་དྲིན་ཆེན་ཕ་མ་གཉིས་སོགས་ལ་ཤར་ཕྱོགས་ཀྱི་མུ་ཏིག་ཏུ་གྲགས་པའི་ཧོང་ཀོང་འབྲུག་དགུའི་གྲོང་ཁྱེར་དུ་མཇལ་འཛོམས་བྱུང་བ་དང་། ནང་མི་ལྷན་འཛོམས་ཀྱི་ཉིན་ཤས་དེའི་དུས་ཚོད་དང་སྐར་མ་རེ་རེ་ཡང་ཧ་ཅང་དོན་སྙིང་ལྡན་པ་ཞིག་ཏུ་གྱུར། ཚ་གདུག་ཆེ་མིན་ལ་མ་ལྟོས་པར་ཕ་མ་གཉིས་སོགས་དང་མཉམ་དུ་ཧོང་ཀོང་གྲོང་ཁྱེར་གྱི་རྒྱབ་ཕྱོགས་སུ་ཡོད་པའི་སངས་རྒྱས་ཀྱི་སྐུ་བརྙན་ཆེན་པོ་དེར་མཇལ་ཁ་ཞུ་རུ་བསྐྱོད་པ་དང་། དགོང་པའི་ཚོང་ཁྲོམ་དུ་རྒྱ་རིགས་གཞས་མ་གྲགས་ཅན་ཞིག་གིས་སྐྱོར་བའི་བོད་བརྒྱུད་ནང་བསྟན་གྱི་གཟུངས་སྔགས་ཀྱི་གདངས་དབྱངས་ཧ་ཅང་སྙན་མོ་ཞིག་ཐོས་ཏེ་གོམ་པ་སྤོ་མཚམས་བཞག་སྟེ་ཉན་བསྡད་པ། ཕ་མ་གཉིས་ཀྱི་བརྩེ་བའི་ཁ་བརྡ་འདྲ་མིན་ལ་ཉན་པ། བདག་ཆེན་རིན་པོ་ཆེའི་ཆོས་གྲོགས་རྒྱ་བླ་མ་གྲགས་ཅན་ཀན་ཙུའི་ཆོས་ཚོགས་སུ་མགོན་དཀར་གཡང་སྒྲུབ་ཀྱི་ཚོགས་དཔོན་དུ་བསྡད་པ་དང་། རྒྱ་རིགས་ཆོས་ཚོགས་པ་ཚོས་ཡིག་སྐོགས་དམར་པོའི་ཆར་ཕབས་པ། ཟས་རིགས་ཞིམ་པོ་སྣ་ཚོགས་ལ་ལོངས་སུ་སྤྱད་པ་སོགས་ནམ་ཡང་མི་བརྗེད་དྲན་པའི་ངོས་སུ་འཐིམས་འདུག
ཐེངས་འདིར་རྒྱ་གར་དུ་བསྐྱོད་དོན་ནི་རྡེ་ར་རྡུན་གྲོང་ཁྱེར་གྱི་ཉེ་འདབས་ཀ་ལུ་མན་གྲོང་དུ་བསྟི་གནས་བྱས་པའི་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ། ཀརྨ་པ་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེའི་གསང་ཡུམ་མཁའ་འགྲོའི་རྣམ་སྤྲུལ་སྨིན་གླིང་མཁའ་འགྲོ་མཆོག་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་གིས་སྔ་འགྱུར་རྙིང་མའི་ཡབ་ཆོས་བླ་ན་མེད་པ། རྙིང་མ་བཀའ་མ་ཞེས་པའི་བཀའ་ཆོས་རྩ་ཆེན་པོ་དེ་གསུང་རྒྱུ་ཡིན་པས། བསྐལ་པ་སྟོང་ལ་འཐོབ་དཀའ་བའི་གོ་སྐབས་བཟང་པོ་འདི་མི་འཆོར་བའི་ཆེད་དུ་དམིགས་ནས། གྲོགས་པོ་བློ་བཟང་གི་རོགས་རམ་འོག་དྲ་ལམ་ནས་རྒྱ་གར་ཐོངས་མཆན་ཞུས་པ་དང་། ས་གནས་དམིགས་བསལ་བར་བསྐྱོད་པར་དགོས་ངེས་ཀྱི་ཆོག་མཆན་དམིགས་བསལ་དེ་ཡང་ཞུས་པ་ཡིན། བོད་པའི་གཞིས་ཆགས་གང་དུ་ཡོད་པ་དེའི་ས་གནས་དེར་ཕྱི་རྒྱལ་ལག་ཁྱེར་བཟུང་བའི་མི་སུ་ཞིག་བསྐྱོད་ཀྱང་། ཆོག་མཆན་དམིགས་བསལ་བ་ཞིག་ཞུ་དགོས་པ་ནི་རྒྱུན་སྲོལ་ཞིག་ཡིན་པ་དང་། རྡོ་རྗེ་གདན་དང་ཝ་ར་ཎ་སི་སོགས་རྒྱ་གར་གནས་སྐོར་ལ་བསྐྱོད་ན་དམིགས་བསལ་ཆོག་མཁན་དེ་རིགས་ཞུ་དགོས་མེད།
བདག་ལ་མཚོན་ན་རྡེ་ར་རྡུན་ཞེས་པའི་ས་གནས་ཀྱི་མིང་དེ་མི་ལོ་སུམ་ཅུའི་ཡར་སྔོན་དུ་རྒྱ་གར་ལྷོ་ཕྱོགས་སུ་ཡོད་དུས། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་གྲགས་ཅན་<<བོད་ནང་ལོ་བདུན>>་ཞེས་པ་དེ་ཀློག་སྐབས། དེབ་དེའི་རྩོམ་པ་པོ་ཧེ་རེས་ཧན་རིག་དང་ཁོའི་རོགས་པ་གཉིས་རྒྱ་གར་བྱང་ཕྱོགས་ཀྱི་རྡེ་ར་རྡུན་ས་གནས་སུ་ཡོད་པའི་དམག་མིའི་བཙོན་སྒར་ནས་བྲོས་ཏེ། ཧི་མ་ལ་ཡའི་རི་བརྒྱུད་བརྒལ་ནས་བྱང་ཐང་བརྒྱུད་དེ་བོད་དབུས་ལྷ་སར་འབྱོར་རྗེས། སྐབས་དེའི་བོད་གཞུང་གི་ཆོག་མཆན་དང་གཟིགས་སྐྱོང་འོག་བོད་ནང་ལོ་བདུན་བསྡད་པའི་དངོས་བྱུང་ལོ་རྒྱུས་ཀྱི་དེབ་དེ་དང་འབྲེལ་བ་ཡོད།
རྗེས་སུ་སྤྱི་ལོ་ ༢༠༠༢ ལོའི་དཔྱིད་ཀར་ཁོ་བོ་རྡེ་ར་རྡུན་དུ་ཡོད་པའི་དཔལ་ས་སྐྱའི་ཁྲི་ཆེན་རིན་པོ་ཆེའི་དགོན་པར་ཟླ་བ་གཉིས་མ་ཟིན་ཙམ་ལ་བསྡད་པ་དང་། དེའི་སྐབས་སུ་ཚ་གདུག་དང་བཤལ་ནད་ཁེར་རྐྱང་གི་སུན་སྣང་སོགས་ཀྱིས་རྡེ་ར་རྡུན་གཡས་གཡོན་དུ་དེ་ཙམ་འགྲུལ་བཞུད་བྱེད་མ་ཐུབ། ཡིན་ན་ཡང་ས་གནས་དེའི་ཡུལ་ལྗོངས་ཀྱི་བཀོད་པས་ཡིད་དབང་འཕྲོགས་པ་དེ་ད་དུང་ཡང་དྲན་ལམ་ན་འདུག སྤྱིར་ན་རྒྱ་གར་བྱང་རྒྱུད་ཀྱི་རི་མཐོན་པོ་ཕྱི་བརྩེགས་ནང་བརྩེགས་སུ་འགྱིངས་པ་དེ་དག་གི་འདབས་རོལ་ཏུ་ཆགས་པའི་གྲོང་བརྡལ་འདྲ་མིན་གྱི་བཀོད་པ་ནི་ཧ་ཅང་ཡིད་དབང་འཕྲོག་པ་ཞིག་ཡིན་ཞིང་། ཁྱེད་ཀྱིས་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས་བཟོས་པའི་གློག་བརྙན་གྲགས་ཅན་<<ཕོར་པ>>་ཞེས་པ་དེ་ལས་ཀྱང་ཡུལ་ལྗོངས་དེའི་མཛེས་སྡུག་གི་ཟུར་ཞིག་མཐོང་ཐུབ་ལ། མཁྱེན་བརྩེ་རིན་པོ་ཆེའི་དགོན་པ་རྫོང་གསར་བཤད་གྲྭ་ཆགས་ཡུལ་སྦིར་ས་གནས་ཀྱི་ཡུལ་ལྗོངས་ཀྱི་བཀོད་པ་ཡང་རི་མོ་མཁན་གྱིས་བྲིས་པ་ཇི་བཞིན་ཧ་ཅང་མཛེས་ཤིང་བརྗིད་ཉམས་ཀྱིས་ཕྱུག་པ་ཞིག་ཡིན་པ། སྤྱི་ལོ་ ༢༠༡༢ ལོར་ཁོ་བོ་ས་སྐྱ་བདག་ཆེན་རིན་པོ་ཆེ་སྐུ་འཁོར་དང་མཉམ་དུ་དེ་གར་བདུན་གཅིག་ཙམ་ལ་བསྡད་པའི་སྐབས་སུ་ཉམས་མྱོང་བྱུང་། གལ་སྲིད་ཁྱེད་ཀྱིས་<<གཏམ་རྒྱུད་གསེར་གྱི་ཐང་མ>>་བཀླགས་མྱོང་ཚེ། དགེ་འདུན་ཆོས་འཕེལ་གྱིས་རྡོ་རྗེ་གླིང་ཕྱོགས་ཀྱི་རྒྱ་གར་བྱང་རྒྱུད་ཀྱི་ཡུལ་ལྗོངས་ཀྱི་མཛེས་སྡུག་ཞིབ་འབྲི་བྱས་ཡོད་པ་དེ་ཡང་དྲན་སོས་ཡོང་།
སྤྱི་ལོ་ ༢༠༠༢ ལོའི་དཔྱིད་ཀར་ཁོ་བོ་ཀ་ལུ་མན་གྲོང་བཀྲ་ཤིས་འཁྱིལ་དགོན་པར་ཞག་མ་གཅིག་ལ་བསྡད་ཅིང་། སྐབས་དེར་སྨིན་གླིང་ཁྲི་ཆེན་རིན་པོ་ཆེ་མཆོག་བཞུགས་ཡོད་པས་ཁོང་གི་དྲུང་དུ་ཕྱག་མོ་ཞིག་ཞུ་རུ་བཅར། ཁོང་གི་གསུང་དེ་མི་གཞན་གྱིས་གོ་དཀའ་བས་གསང་ཡུམ་མཆོག་གིས་གསུང་སྒྱུར་ལྟ་བུ་ཞིག་ཞུས་པ་དང་། ཕྱག་མོའི་བརྟག་འབྲས་སུ་ཨ་རིར་ཕྱིན་ན་རྒྱལ་མཚན་རྩེ་མོ་གང་མང་ཞིག་འདོན་དགོས་ལུགས་བབས། དེའི་རྗེས་ཀྱི་ཉིན་ཤས་རིང་བཞུགས་སྒར་རྡ་རམ་ས་ལར་བསྐྱོད་པ་དང་། ཉི་མ་གཅིག་བཞུགས་སྒར་སྐོར་ལམ་དུ་རྡོ་བརྩིགས་འདྲ་མིན་གྱི་གསེབ་ཏུ་ཕྱག་དཔེ་དང་ཐང་ཀ་རྙིང་པ་ཕུང་གསོག་ཐེབས་པ་ཞིག་གི་དཀྱིལ་ནས། དཔེ་ཆ་ཤོག་ལྷེ་གཅིག་ཕྱེད་ཙམ་ཕྱིར་མངོན་འདུག་པས་ཚུར་ཕྱུངས་ནས་བལྟས་པ་ན། དེ་ནི་བདུད་འཇོམས་རིན་པོ་ཆེའི་གསུང་རྒྱལ་མཚན་རྩེ་མོ་ཤོག་གཅིག་མ་ཞིག་རེད་འདུག་པས། ཉིན་ཤས་སྔོན་སྨིན་གླིང་ཁྲི་ཆེན་གྱིས་རྒྱལ་མཚན་རྩེ་མོ་འདོན་དགོས་གསུངས་པ་དང་། རྒྱལ་མཚན་རྩེ་མོ་ལ་ཤོག་ལྷེ་གང་འཚམ་ཡོད་པས་གང་དྲག་བསམས་པ་དེའི་དཔུང་གཉེན་ལྟ་བུར། འདི་ནས་སྟབས་ལེགས་སྟེས་དབང་གིས་རྒྱལ་མཚན་རྩེ་མོ་ཤོག་གཅིག་མ་ཞིག་ལག་ཏུ་རྙེད་སོན་བྱུང་བ་ནི་ཅུང་ཟད་ངོ་མཚར་བ་ཞིག་བྱུང་། དེ་ནི་དགེ་ཆོས་དང་པཎ་ཆེན་ར་ཧུལ་གཉིས་ཀྱིས་ངོར་དགོན་པ་ཡིན་ནམ་ཞིག་གི་དཔེ་མཛོད་ནས་རྒྱ་དཔེ་ཆ་འཚོལ་དུས། དགེ་ཆོས་ཀྱིས་སྣང་མེད་ངང་དཔེ་ཆ་ཞིག་ཕྱུངས་པ་རྒྱ་དཔེ་ཞིག་ཡིན་པ་དང་། ཁོང་གཉིས་ཀྱིས་དེ་གར་རྒྱ་དཔེ་གང་འཚམ་ཡོད་ས་རེད་བསམས་ནས་ཉིན་གང་བཙལ་ཀྱང་དགེ་ཆོས་ཀྱིས་རྙེད་པ་དེ་ག་མ་གཏོགས་རྒྱ་དཔེ་གཅིག་ཀྱང་མ་རྙེད་པ་ལྟ་བུ་ཞིག་བྱུང་།
དགོས་ངེས་ཀྱི་གྲ་སྒྲིག་དེ་རིགས་ཚང་མ་ཚར་ནས་ཝ་ཤིང་ཁྲོན་ནས་ཆུ་ཚོད་དགུ་ལྷག་ལ་འཕུར་ཏེ་དབྱིན་ཇིའི་རྒྱལ་ས་ལོན་སྒྲོན་གྱི་གནམ་ཐང་དུ་བབས། དེ་ནས་ཡང་བསྐྱར་ཆུ་ཚོད་བརྒྱད་ལྷག་ལ་འཕུར་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བསླེབས། ལྡི་ལིའི་མཁའ་དབྱིངས་ཧྲིལ་བོ་དུད་སྤྲིན་གྱིས་བཏུམས་པ་ནི་ལོ་བཅུ་གཉིས་སྔོན་ལས་ཇེ་སྡུག་ཏུ་ཕྱིན་ཡོད་པའི་ཚོར་བ་ཞིག་སྟེར། ལྡི་ལི་ནས་གནམ་གྲུ་ཆུང་གྲས་ཤིག་ཏུ་བསྡད་དེ་ཆུ་ཚོད་ཕྱེད་ཀ་ཙམ་གྱི་རིང་རྡེ་ར་རྡུན་དུ་འཕུར། རྡེ་ར་རྡུན་གནམ་ཐང་ནས་གླ་འཁོར་ཞིག་ལ་བསྡད་དེ་ཀ་ལུ་མན་གྲོང་དུ་སྐར་མ་ལྔ་བཅུ་ཙམ་གྱིས་བསྐྱོད། བདུན་ཕྲག་གཉིས་ལྷག་སྔོན་སྐལ་བཟང་གིས་ངོ་སྤྲོད་བྱས་པའི་ཕ་ཡུལ་གཅིག་པའི་གྲོགས་པོ་ཞིག་གིས་ངོ་སྤྲོད་བྱས་པའི་རྒྱ་མཚོ་ཟེར་བའི་གཞིས་ཆགས་ཁྱིམ་ཚང་ཞིག་ལ། ཞག་མ་རེར་རྒྱ་གར་སྒོར་མོ་ལྔ་བརྒྱ་རེ་ཁང་གླར་སྤྲོད་རྒྱུ་བྱས་པའི་ནང་དུ་བསྐྱོད། རྒྱ་མཚོ་ནི་མི་རྐྱང་ཞིག་ཡིན་ལ་བུ་དང་བུ་མོ་གཉིས་ཀ་མཐོ་སློབ་ལ་འགྲོ་བཞིན་འདུག ཁོ་ཚང་གི་མཆོད་ཁང་དུ་སྡོད་ས་བཀོད་སྒྲིག་བྱས་ཡོད་ལ། ཁྲུས་ཁང་དང་སྐྱ་སྦྲེལ་ཡིན་པས་ཧ་ཅང་སྟབས་བདེ་བའི་སྡོད་གནས་ཡིད་ཚིམ་པ་ཞིག་རེད།
སྤྱིར་ན་རྒྱ་གར་བྱང་ཕྱོགས་རྡེ་ར་རྡུན་གྲོང་ཁྱེར་གྱི་ཐག་ཉེ་བའི་སར་བོད་ཀྱི་གཞིས་ཆགས་དང་དགོན་སྡེ་གང་འཚམ་ཞིག་ཡོད་ཅིང་། དེ་ལས་དཔལ་ས་སྐྱའི་ཆོས་སྒར་དང་ངོར་དགོན་པ། འབྲི་གུང་གདན་ས་སོགས་ཀྱི་སྐོར་འདིར་རྒྱས་བཤད་མི་བྱེད། སྐབས་སུ་བབས་པའི་གླེང་བྱ་སྟེ། ཀ་ལུ་མན་གྲོང་བོད་པའི་གཞིས་ཆགས་དང་དེའི་འགྲམ་གྱི་དགོན་སྡེའི་སྐོར་གང་འཚམ་ཞིག་གླེང་བར་འདོད་པ་སྟེ། རྒྱ་གར་གྱི་ཤར་ལྷོ་ནུབ་བྱང་གང་སར་ཡོད་པའི་བོད་པའི་གཞིས་ཆགས་ཀྱི་ས་ཆ་དག་ནི། རྒྱ་གར་གཞུང་གིས་ལོ་ངོ་ལྔ་བཅུ་རེར་བོད་པ་སྐྱབས་བཅོལ་བ་ཚོར་བོགས་མར་བཏང་བ་ཞིག་ཡིན་པ་དང་། ལོ་ལྔ་བཅུ་རེའི་མཚམས་སུ་སླར་ཡང་ས་ཆའི་བདག་དབང་དང་བེད་སྤྱོད་བྱེད་ཕྱོགས་ཐད་ཡིག་ཆ་གསར་པ་བཟོ་དགོས་ལུགས་ཐོས། ཡིན་ན་ཡང་། ཀ་ལུ་མན་གྲོང་གི་གཞིས་ཆགས་དང་དགོན་སྡེའི་ས་ཆ་འདི་ནི་གོང་གསལ་བཞིན་རྒྱ་གར་གཞུང་གིས་གཡར་བའི་ས་ཆ་ཞིག་མ་ཡིན་པར། བོད་མི་དགེ་སྒྲུབ་པ་གུང་ཐང་ཚུལ་ཁྲིམས་ཀྱིས་གསོལ་བ་བཏབ་པའི་ངོར། ཨཱ་ཅཱརྱ་ཝི་ནོ་བཱ་བྷཱ་ཝེ་ཞེས་པའི་རྒྱ་གར་གྱི་ཧིན་རྡུའི་སློབ་དཔོན་དགེ་སྒྲུབ་པ་སྙན་གྲགས་ཅན་ཞིག་གིས་བོད་མི་ཚོར་གནང་སྦྱིན་བྱས་པ་ཞིག་རེད་འདུག ཀ་ལུ་མན་གྲོང་གཞིས་ཆགས་ཀྱི་སྤྱི་ཁང་གི་ར་སྐོར་ནང་དུ་ཨཱ་ཅཱརྱ་ཝི་ནོ་བཱ་བྷཱ་ཝེ་མཆོག་གི་རྗེས་དྲན་སྐུ་བརྙན་མི་ཚད་ཅིག་བཞེངས་འདུག་ལ། སྐུ་བརྙན་དེ་ནི་སྤྱི་ལོ་༢༠༡༩ ལོར་གསར་བཞེངས་ཀྱིས་འཁོར་ཁྱིམ་རིན་པོ་ཆེས་སྒོ་འབྱེད་གནང་བ་ཞིག་ཡིན་ལུགས་སྐུ་བརྙན་དེའི་གཤམ་དུ་འཁོད་འདུག
སྐུ་བརྙན་དེའི་གཤམ་ཡིག་བོད་ཡིག་ཏུ་བསྒྱུར་ན།
ཕྱོགས་ལྷུང་མེད་པ། ཞེ་འགྲས་མེད་པ། འཇིགས་སྣང་མེད་པ།
ཨཱ་ཅཱརྱ་ཝི་ནོ་བཱ་བྷཱ་ཝེ་
(སྤྱི་ལོ་ ༡༨༩༥ ཟླ་ ༩ ཚེས་ ༡༡ – སྤྱི་ལོ་ ༡༩༨༢ ཟླ་ ༡༡ ཚེས་ ༡༥)
གྷན་དྷིས་དང་པོའི་སཏྱ་གྲ་ཧི་རུ་གསལ་བསྒྲགས་གནང་བའི་ཨཱ་ཅཱརྱ་ཝི་ནོ་བཱ་བྷཱ་ཝེ་ཡི་ས་ཞིང་སྦྱིན་པའི་ལས་འགུལ་དེ་སྤྱི་ལོ་ ༡༩༥༡ ལོར་འགོ་བཙུགས་ཤིང་། དེ་ནི་འཛམ་གླིང་ནང་གྷན་དྷིའི་རྩ་དོན་སྟེ། འཚེ་མེད་ཞི་བ་དང་ཡོངས་སུ་བདག་མེད་ཀྱི་རྩ་དོན་མངོན་པར་བྱེད་པའི་སྤྱི་ཚོགས་ཀྱི་ཚོད་ལྟ་ཧ་ཅང་ངོ་མཚར་ཅན་ཞིག་ཡིན་ཞིང་། དེའི་ནང་ས་ཞིང་མེད་པའི་མི་འབུམ་ཕྲག་མང་པོར་ས་ཞིང་ཐོབ།
ཝི་ནོ་བཱས་གསུངས་དོན།
“ང་ཚོ་རྒྱལ་ཁབ་གང་རུང་ལ་མངོན་རློམ་བྱེད་མཁན་མ་ཡིན།
ང་ཚོ་ཆོས་ལུགས་གང་རུང་ལ་ཨུ་ཚུགས་བྱེད་མཁན་མ་ཡིན།
ང་ཚོ་སྡེ་ཚན་ནམ་རིགས་རུས་གང་རུང་ལ་བཅིངས་པ་མ་ཡིན།
འཛམ་གླིང་ཡོངས་སུ་ཡོད་པའི་བསམ་བློ་བཟང་པོའི་སྐྱེད་ཚལ་ནང་འགྲོ་རྒྱུ་དེ་ང་ཚོའི་རང་སྦྱོང་ཡིན།
བསམ་བློ་བཟང་པོ་བསྡུ་ལེན་བྱེད་རྒྱུ་དེ་ང་ཚོའི་ལས་འགན་ཡིན།”
གུང་ཐང་ཚུལ་ཁྲིམས་ཀྱིས་གོང་གསལ་རྒྱ་གར་སློབ་དཔོན་ ཨཱ་ཅཱརྱ་ཝི་ནོ་བཱ་བྷཱ་ཝེ་ལ་ས་ཆ་བསླངས་པ་ཐོབ་པའི་རྗེས་སུ་བོད་པའི་གཞིས་ཆགས་དོན་འགྲུབ་གླིང་གསར་རྒྱག་དང་། དེ་འབྲེལ་གྱི་ལས་གཞི་གཞན་ཞིག་ནི་གུང་ཐང་ཚུལ་ཁྲིམས་རང་ཉིད་གང་ལ་གཏོགས་པའི་ཕ་ཡུལ་གྱི་དགོན་ཆེན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྗེས་དྲན་ལྟ་བུར་བཀྲ་ཤིས་འཁྱིལ་ཞེས་པའི་དགོན་པ་ཞིག་གསར་བཞེངས་བྱས་ཤིང་། དགོན་པ་དེའི་དབུ་འཛིན་ལ་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་བླ་སྤྲུལ་ཆེ་ཤོས་ཀྱི་གྲས་ཡིན་པ་ཨ་ལགས་རིགས་གྲྭ་ཚང་གདན་འདྲེན་ཞུས། དེ་བཞིན་དུ་མཁོ་ཁྱིམ་རིན་པོ་ཆེ་དང་རྫོང་ནང་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་ཀྱང་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་དགོན་སྡེ་གསར་བཞེངས་ཀྱི་དབུ་བཙུགས། གུང་ཐང་ཚུལ་ཁྲིམས་ནི་མི་འཇོན་ཐང་ཅན་སྐད་གྲགས་ཅན་ཡིན་པ་ཡོངས་གྲགས་དང་། ཨ་མདོའི་ཟློས་གར་ཚོགས་པ་གསར་འཛུགས་ཀྱིས་རྒྱ་གར་ས་གནས་མང་པོར་སྐོར་སྐྱོད་ཀྱིས་འཁྲབ་སྟོན་ཡོང་འབབ་གསོག་སྒྲུབ་བྱས། ད་དུང་སྤྱི་ལོ་ ༡༩༧༧ ལོར་བོད་པས་བཟོས་པའི་གློག་བརྙན་ཐོག་མའི་གྲས་སུ་བགྲང་ཆོག་པའི་སྐབས་དེའི་གཉེན་སྟོན་དང་རྟ་རྒྱུགས་ལམ་བཟོ་སོགས་བོད་པའི་འཚོ་བ་མཚོན་པའི་དངོས་བཤུས་གློག་བརྙན་<<འཛམ་གླིང་གི་ཡང་ཐོག་>>ཅེས་པ་ཞིག་ཀྱང་བཟོས་འདུག་ལ། ཁོ་བོ་ཀ་ལུ་མན་གྲོང་དུ་ཡོད་པའི་སྐབས་སུ་བཀའ་མའི་གསུང་ཆོས་གྲུབ་པའི་དགའ་སྟོན་གྱི་མཚན་ཚོགས་སྟེང་གློག་བརྙན་དེ་བསྟན་སོང་ལ། གློག་བརྙན་དེའི་ནང་དུ་གུང་ཐང་ཚུལ་ཁྲིམས་སོགས་ཀྱིས་རྒྱལ་དབང་མཆོག་ཀ་ལུ་མན་གྲོང་ལ་གདན་འདྲེས་ཞུས་པའི་སྐོར་དང་། གུང་ཐང་ཚུལ་ཁྲིམས་དང་ཁོའི་བུ་ཚབ་མ་སོགས་ཀྱང་འདུག
གུང་ཐང་ཚུལ་ཁྲིམས་ཀྱི་སྐོར་ལ་སྤྱི་ཚོགས་སྟེང་བཤད་སྲོལ་འདྲ་མིན་སྣ་ཚོགས་ཤིག་ཡོད་པ་དང་། ཁོང་གི་སྐོར་ལ་རྩོམ་ཡིག་འབྲི་མཁན་ཡང་རེ་ཟུང་བྱུང་འདུག བཀྲ་ཤིས་འཁྱིལ་གུང་ཐང་བླ་བྲང་གི་ཕྱག་མཛོད་ཨ་ཁུ་ཚུལ་ཁྲིམས་མཆོག་གི་ལོ་རྒྱུས་མདོར་བསྡུས།དྲ་ཐག་འདིར་སོང་ན་བསྟན་འཛིན་ཞེས་པ་ཞིག་གིས་བྲིས་པའི་གུང་ཐང་ཚུལ་ཁྲིམས་ཀྱི་སྐོར་རྩོམ་ཡིག་ཉུང་བསྡུས་ཤིག་འདུག ཁོ་བོས་དུས་ཚོད་ཕྲན་བུ་ཞིག་སྤྱད་ནས་དོན་འགྲུབ་གླིང་ལ་སྐོར་བ་ཞིག་བརྒྱབ་པས་གྲོང་སྟོད་དེར་གུང་ཐང་ཚུལ་ཁྲིམས་ཀྱི་རྗེས་དྲན་གླིང་ག་དང་ཁོང་གི་སྐུ་བརྙན་ཞིག་ཀྱང་མཐོང་བྱུང་། གུང་ཐང་ཚུལ་ཁྲིམས་ཀྱི་མཛད་རྗེས་དག་ནི་ཁོང་གྲོངས་པའི་ལོ་སྟེ་སྤྱི་ལོ་ ༡༩༧༨ ལོ་ནས་བརྩིས་པའི་དེ་རིང་སྟེ་སྤྱི་ལོ་ ༢༠༢༦ ལོར་ད་དུང་གཞིས་ཆགས་འདིའི་མི་དམངས་དང་འདི་གའི་དགོན་སྡེ་ཁག་གི་བླ་སྤྲུལ་མཁན་གྲྭ་རྣམ་པའི་ཐུགས་སུ་གསལ་བོར་ཉར་ཡོད་པ་དང་། ཁོང་རང་ཚོགས་མི་གཙོ་བོའི་གྲས་ཡིན་པའི་ཚོགས་པ་བཅུ་གསུམ་ཞེས་པའི་སྐོར་ལ་ཉེ་ཆར་བོད་མོ་རྩོམ་པ་པོ་འབུམ་རམས་མ་ལྡོམ་པ་ཚེ་རིང་དབང་མོས་བརྩམས་པའི་དབྱིན་དེབ་ The Politics of Sorrow: Unity and Allegiance Across Tibetan Exile <<སྡུག་བསྔལ་གྱི་ཆབ་སྲིད>> བཙན་བྱོལ་བོད་མིའི་ཁྲོད་ཀྱི་མཐུན་སྒྲིལ་དང་བློ་གཏད། ཅེས་པ་ཞིག་ཨེ་མ་ཟོན་དྲ་ལམ་སོགས་སུ་ཉོ་ཐུབ། Amazon.com དེབ་དེ་ནི་རྩོམ་པ་པོས་ཚོགས་པ་བཅུ་གསུམ་དང་འབྲེལ་བ་ཡོད་པའི་མི་རབས་རྒན་པ་མང་པོར་བཅར་འདྲི་དང་། སྐབས་དེའི་དངོས་ཡོད་གནས་ཚུལ་འཁོད་པའི་ཡིག་ཆ་ཁག་ལ་ལོ་མང་ཞིབ་འཇུག་བྱས་པའི་མཐའ་སྡོམ་ཧ་ཅང་གལ་ཆེན་ཞིག་ཡིན་པས། གུང་ཐང་ཚུལ་ཁྲིམས་དང་སྐབས་དེའི་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་ཤེས་འདོད་ཅན་ཚོས་ངེས་པར་དུ་དེབ་དེ་ཀློག་དགོས།
ཐེངས་འདིའི་གསུང་ཆོས་ནི་གོང་སྨྲོས་ལྟར་གསང་ཆེན་སྔ་འགྱུར་རྙིང་མ་པ་ལ་མཚོན་ན་ཟབ་ཆོས་བླ་ན་མེད་པ་ཞིག་སྟེ། མ་ཀི་ཉན་ཐོས་ཐེག་པ་ནས་ཡ་གིའི་ཨ་ཏི་ཐེག་པའི་བར་ཏེ། ཐེག་པ་རིམ་པ་དགུའི་དབང་དུ་བྱས་པའི་དབང་ལུང་གི་ཆོས་མཛོད་ཆེན་པོ་ཞིག་སྟེ། ཐོག་མར་སྨིན་གླིང་གཏེར་ཆེན་རིན་པོ་ཆེས་དཀའ་བ་བརྒྱ་ཕྲག་སྤྱད་ནས་བཀའ་མའི་དབང་ལུང་གི་རྒྱུན་དང་ཕྱག་དཔེ་སོགས་བསྡུ་སྒྲུབ་གནང་བ་དང་། དེའི་རྗེས་སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྔ་འགྱུར་བཀའ་མའི་རྩ་བ་དང་རྒྱབ་ཆོས་ཀྱི་གླེགས་བམ་ལྔ་བཅུ་རྩ་བརྒྱད་ཕྱོགས་བསྒྲིགས་ཀྱིས་དེའི་དབང་ལུང་གི་རྒྱུན་བཞུགས་པ་དག་སྐལ་བ་དང་ལྡན་པའི་གདུལ་བྱ་དག་ལ་བསྩལ་པ་དང་། བོད་ཕྱི་ཕྱོགས་སུ་མཚོན་ན་ཁོ་བོའི་མཚུངས་པ་མེད་པ་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེས་ཇི་ལྟར་གསོལ་བ་བཏབ་པ་བཞིན། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེས་ཀ་ལོན་སྦུགས་སམ་ཀ་ལི་སྤུངས་སུ་སྤྱི་ལོ་༡༩༦༡ ལོར་ཟབ་ཆོས་འདིའི་དབང་ལུང་གི་རྒྱུན་གསུངས། དེའི་རྗེས་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་དང་སྐྱབས་རྗེ་འཁྲུལ་ཞིག་ཆེན་པོ། སྟག་ལུང་རྩེ་སྤྲུལ་རྣམ་པ་གསུམ་གྱིས་ཟབ་ཆོས་འདིའི་རྒྱུན་སྤེལ་བ་དང་། ཐེངས་འདིར་སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེས་ཐུགས་བརྩེ་ཆེན་པོས་འདུས་པ་སུམ་སྟོང་ཙམ་ལ་ཟབ་ཆོས་འདིའི་བདུད་རྩི་བསྩལ་ཏོ།།
རྩ་བའི་ཆ་ནས་རྒྱ་གར་བོད་པའི་གཞིས་ཆགས་ཀྱི་དཔལ་འབྱོར་ཡར་རྒྱས་ཆེན་པོ་ཞིག་ཕྱིན་དང་འགྲོ་བཞིན་ཡོད་ཅིང་། གཙོ་བོ་ཞིག་ནི་གཞིས་ཆགས་ཀྱི་མི་མང་པོ་ཞིག་ནུབ་ཕྱོགས་སུ་བསྐྱོད་དེ་དངུལ་ལོར་གསོག་སྒྲུབ་བྱེད་ཞོར། རང་ཉིད་གང་ནས་འོངས་པའི་གཞིས་ཆགས་ཀྱི་ཁང་པ་ཡར་རྒྱས་ལ་རོགས་རམ་བྱེད་བཞིན་པ་དང་། གཉིས་ནས་གནས་ཡུལ་རྒྱལ་ཁབ་རྒྱ་གར་གྱི་དཔལ་འབྱོར་འཛམ་གླིང་གི་མདུན་གྲལ་དུ་སྙེག་བཞིན་པ་སོགས་ལ་ཐུག་ཡོད། དོན་འགྲུབ་གླིང་གི་བོད་པའི་ཁང་པ་ཁག་ཅིག་ནི་ཨ་རིའི་ས་ཐོག་ལ་མཚོན་ན་ཨ་སྒོར་ས་ཡ་གཅིག་གཉིས་ཀྱི་རིན་གོང་གནས་པ་དང་། གཞིས་ཆགས་ཀྱི་མི་མང་ཤོས་ཀྱིས་སྦག་སྦག་གཏོང་བཞིན་འདུག་ཅིང་། མི་ཁག་ཅིག་ལ་རླངས་འཁོར་ཡང་འདུག གཞིས་ཆགས་བོད་མིའི་ཁང་བརྩེགས་རྫིག་པོའི་བར་གསེང་ན་ཁང་རྙིང་འགྱེལ་ལ་ཁད་འདུག་རེ་ཟུང་འདུག་པའི་ནང་དུ་རྒྱ་གར་མི་ཚང་མགར་ལས་བྱེད་པ་སྡོད་པ་ཡང་འདུག “ཟུར་ཟུར་ཟུར་ཟུར”་གྱི་ཚ་ལའི་སྒྲ་རྣ་བར་གཟན་པ་ཞིག་ཉིན་མ་རྟག་པར་ཐོས་རྒྱུ་ཡོད།
གཉིས་པ།
གཞིས་ཆགས་འདིའི་འཛུགས་སྐྲུན་དམིགས་བསལ་བ་ཞིག་ནི། བཀའ་བརྒྱུད་དགོན་པའི་མེ་ཏོག་ལྡུམ་རྭའི་ནང་གི་སྟོན་པའི་སྐུ་བརྙན་དང་། སྨིན་གྲོལ་གླིང་གི་ལྷ་ཁང་རིམ་པ་གསུམ་དང་ལྡན་པའི་ལྷ་བབས་མཆོད་རྟེན་དང་བརྗིད་རྔམ་ཧ་ཅང་ཆེ་བའི་གུ་རུ་རིན་པོ་ཆེའི་སྐུ་བརྙན་རྣམ་པ་གསུམ་རེད། རྟེན་མཆོག་འདི་གསུམ་གྱིས་ཉི་མ་རེ་རེ་བཞིན་དད་ལྡན་བརྒྱ་སྟོང་མང་པོའི་སེམས་ཁོངས་སུ་བྱིན་རླབས་ཀྱི་གཟི་འོད་སྐྱིལ་བཞིན་ཡོད་ལ། ཕྱོགས་བཞི་མཚམས་བརྒྱད་ཀྱི་ལྟ་སྐོར་བ་གྲངས་མེད་ཀྱི་བློ་ཁ་འགུག་བཞིན་ཡོད་པས། དགོན་པ་དང་གཞིས་ཆགས་ཀྱི་ཚོང་ཁང་དང་ཟ་ཁང་མགྲོན་ཁང་བཅས་ཀྱི་དཔལ་འབྱོར་འཚོལ་སྒྲུབ་ལ་རིན་ཐང་བྲལ་བའི་ལེགས་སྐྱེས་འབུལ་བཞིན་ཡོད། དེ་ནི་བཟང་སྤྱོད་སྨོན་ལམ་ལས། མི་ཚེ་འདིར་ཡང་དེ་དག་ལེགས་པར་འོང་། །ཞེས་པ་དང་། མཆོག་བསྒྲུབས་པས་ཐུན་མོང་ཞར་ལ་འགྲུབ་ཅེས་པ་དེའི་དཔེ་མཚོན་གསོན་པོ་ཞིག་ཀྱང་རེད།
སྨིན་གྲོལ་གླིང་ལ་འདུ་ཁང་ཞིག་ཡོད་ཀྱང་གཞི་རྒྱ་ཅུང་ཟད་ཆུང་བས། བཀའ་མའི་གསུང་ཆོས་གསུང་ཡུལ་ལྷ་བབས་མཆོད་རྟེན་གྱི་བརྩེགས་རིམ་དང་པོའི་ནང་བཀོད་སྒྲིག་བྱས་འདུག རྟེན་གཙོ་གུ་རུ་རིན་པོ་ཆེའི་གཡས་གཡོན་གྱི་ལྡེབས་རིས་དག་ནི་བསམ་ལྷུན་ལེའུ་བདུན་མ་སོགས་སློབ་དཔོན་ཆེན་པོའི་མཛད་ཆེན་དག་ཧ་ཅང་བྱོན་ལེགས་ཤིང་། གུ་རུའི་མདུན་དེར་སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་དཀྱིལ་འཁོར་རྒྱ་མཚོའི་སྤྲོ་བསྡུའི་བྱེད་པོར་སྐུར་བཞེངས་ཏེ། གསུང་གཅིག་ཉིད་དུ་གསུང་ན་ཡང་དུ་མ་ཉིད་དུ་སོ་སོར་གོ་བའི་གསུང་དབྱངས་མི་ཟད་པའི་བཀོད་པ་འབྱམས་སུ་ཀླས་པ་དང་། ཁོང་གི་གཡས་ཕྱོགས་ཀྱི་ཆོས་གྲལ་དུ་སྨིན་གླིང་གདུང་སྲས་དང་སྲས་མོ་སྐུ་ན་གཞོན་པ་སྐུ་མཆེད་ཟུང་། དེའི་འཕྲོས་ཐེངས་འདིའི་གསུང་ཆོས་ཀྱི་སྦྱིན་བདག་སྨིན་གླིང་མཁའ་འགྲོ་རིན་པོ་ཆེ། དེའི་འཕྲོར་སྤྲུལ་སྐུ་གྲགས་རིན་པོ་ཆེ་དང་མཁན་སྤྲུལ་མར་པ་རིན་པོ་ཆེ་། ཁོང་རྣམ་པའི་རྒྱབ་གྲལ་དུ་སྨིན་གླིང་གི་གྲྭ་ཚང་རྣམ་པ་དང་ཕྱི་རྒྱལ་དད་ལྡན་ཁག་ཅིག། གཡོན་གྲལ་དུ་སྐྱབས་རྗེ་འཁྲུལ་ཡང་སྲིད་རྣམ་གཉིས་དང་གདུང་སྲས་འཕྲིན་ལས་ནོར་བུའི་ཡང་སྲིད་དང་འབྲུག་པ་སྤྲུལ་སྐུ་ཆུང་ཆུང་ཞིག ཁོང་རྣམ་པའི་རྒྱབ་གྲལ་དུ་སྤྲུལ་སྐུའི་གྲལ་དང་བླ་མ་རྣམ་པའི་ཞབས་ཞུའི་གྲལ་སོགས། མདུན་གྲལ་དུ་ཞེ་ཆེན་དགོན་པ་དང་ཐུབ་བསྟན་ཆོས་གླིང་གི་མཁན་གྲྭ་སོགས། ཕྱི་རོལ་གུར་ཆེན་གྱི་མདུན་གྲལ་དུ་གྲྭ་བཙུན་སྔགས་གསུམ། ཕྱི་རྒྱལ་བ་དང་ས་གནས་མི་མང་སོགས་ཆོས་ཞུ་བ་སུམ་སྟོང་ཡོད་ལུགས་ཐོས།
རྣམ་ཐར་མང་པོའི་ནང་དུ་ཆོས་དང་ཟང་ཟིང་གཉིས་ཀས་བསྐྱངས་ཞེས་པ་ཞིག་ཡང་ཡང་འབྱུང་གི་ཡོད་པ་ལྟར། ཐེངས་འདིའི་ཟླ་བ་གཅིག་དང་ཉིན་བཅུའི་རིང་གི་ཆོས་དང་ཟང་ཟིང་གཉིས་ཀའི་སྦྱིན་བདག་སྨིན་གྲོལ་གླིང་གིས་མཛད། རང་ཉིད་ལ་མཚོན་ན་གོང་སྨྲོས་ལྟར་གཞིས་ཆགས་བོད་པའི་ནང་མི་ཞིག་གི་མཆོད་ཁང་གླས་ཏེ་སྡོད་གནས་ཤིག་ཡོད་པ་དང་། ཞོགས་པ་དང་ཉིན་གུང་གཉིས་ཀར་དགོན་པའི་ཚོམས་ཆེན་དུ་བླ་སྤྲུལ་དགེ་འདུན་པའི་ལྷན་དུ་ཟ་མ་ཟོས། དགོང་མོའི་ཟ་མ་ཕལ་ཆེ་བ་ཕྱི་རོལ་གྱི་ཟ་ཁང་དུ་ཟོས། ཟ་མ་ཞིམ་པོ་ཐུན་གཅིག་ལ་རྒྱ་གར་སྒོར་མོ་བརྒྱ་དང་ལྔ་བཅུ་ནས་ཉིས་བརྒྱ་ཙམ་ཡིན་པས། དེ་ཨ་སྒོར་ལ་བཀུགས་ན་སྒོར་གཉིས་དང་ཕྱེད་ཀ་ཙམ་ཞིག་ཡིན་པས་ཧ་ཅང་ཁེ་བོ་རེད། ཟ་ཁང་ལ་མཚོན་ན་སྨིན་གླིང་གི་ཟ་ཁང་དེའི་ཟ་མ་ཧ་ཅང་བཟང་ལ། ཀརྨའི་ཟ་ཁང་དང་པ་ཏྲ་ཟ་ཁང་གཉིས་ཀྱང་ཧ་ཅང་ལེགས། ཀརྨའི་ཟ་ཁང་ལ་མཚོན་ན་ཟ་མ་ཞིམ་ལ་རིན་གོང་དམའ་ཡང་། གསང་སྤྱོད་ཐབས་ཆག་དེ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཞེས་པ་དེ་ངོ་འཕྲོད་ས་ཞིག་རེད། ཟ་ཁང་དེའི་ཚོང་ཧ་ཅང་བཟང་ཡང་གསང་སྤྱོད་རྫོར་པོ་དེར་སྒྱུར་བཅོས་མི་བྱེད་པའི་གསང་བ་དེ་ལྷ་ཆེན་ཚངས་པ་ཁོ་ནས་མ་གཏོགས་སུས་ཀྱང་རྟོགས་ཐབས་བྲལ་བ་འདྲ། གཞན་ཨ་མདོའི་ཟ་ཁང་ཞིག་ཡོད་པའི་འཐེན་ཐུག་ཀྱང་སྐད་གྲགས་འདུག སྨིན་གླིང་དགོན་པའི་ངོས་ནས་གསུང་ཆོས་དབུ་འཛུགས་གནང་བའི་ཉིན་རྗེས་མ་ཡིན་ནམ་ཞིག་ལ་བླ་མ་ཁ་ཧྥེ་ཞེས་པའི་ཟ་ཁང་ཐོག་བརྩེགས་གསུམ་ལྡན་ཞིག་དབུ་འབྱེད་གནང་སོང་། གཞིས་གྲོང་ཤར་འདབས་ཀྱི་རྒྱལ་སྒོའི་བྱང་ཕྱོགས་སུ་ཀོ་རི་ཡའི་ལུགས་ཀྱི་ཟ་ཁང་ཞིག་འདུག་ཀྱང་ཁོ་བོ་དེ་གར་བསྐྱོད་དུས་ཞབས་ཞུ་ཧ་ཅང་སྡུག་པོ་འདུག
གསུང་ཆོས་ཀྱི་ཉིན་དང་པོ་ནས་བཟུང་སྟེ་དགེ་བསྐོས་ཀྱིས་མི་མང་ལ་སྐྱབས་རྗེ་རབ་འབྱམས་རིན་པོ་ཆེས་དབུས་པའི་མི་ཚང་མའི་སྐུ་གཟུགས་བདེ་ཐང་གི་ཆེད་དུ་ཁ་རས་བསྐྱོན་རོགས་གནང་ཞེས་འབོད་སྐུལ་གནང་བ་དང་། ཆོས་ཞུ་བ་ཕལ་མོ་ཆེས་དུས་ཚོད་མང་ཆེ་བར་ཁ་རས་གྱོན་སོང་། ཡིན་ན་ཡང་སྔ་དགོང་གནམ་གཤིས་གྲང་བསིལ་དང་མི་མང་པོའི་འདུ་ཚོགས། སྐབས་རེར་ཉི་འོད་མོག་པོར་བསྒྱུར་བའི་དུད་སྤྲིན་འཐིབས་པ་སོགས་ཀྱིས་རབ་འབྱམས་རིན་པོ་ཆེས་ཀྱང་མགུལ་ཆམ་ཕྲན་བུ་བཞེས་པའི་རྣམ་པ་བྱུང་། ཁོ་བོར་མཚོན་ན་རྒྱ་གར་རྡོ་རྗེ་གདན་དང་རྡ་རམ་སར་གསུང་ཆོས་ལ་ནམ་ཕྱིན་ཀྱང་ཆམ་ནད་སྡུག་པོ་ཞིག་གིས་མནར་བ་ནི་རྒྱུན་ལྡན་ཞིག་ཡིན་པས། གསུང་ཆོས་ཀྱི་དཀྱིལ་ཙམ་ལ་ཆམ་པ་སྡུག་པོ་ཞིག་བྱུང་། དེ་ཡང་གཙོ་བོ་གློ་ནད་དང་ཚ་བ་དྲག་པོ་ཞིག་འབར་ནས་ལུས་པོ་ཡོངས་རྫོགས་ལ་འགུལ་ཤུགས་མེད་པ་ཆགས་ཤིང་། དགོང་མོ་ཞིག་ལ་ཉལ་སའི་ནང་གཟུགས་པོར་གྲང་འདར་བརྒྱབ་སྟེ་ཁའི་ནང་གི་སོ་ཡང་ཁྲིག་ཁྲིག་ཏུ་བརྡབས་བྱུང་། བོད་ནང་གི་དགོན་ཆེན་ཁག་ཅིག་དང་ཆོས་གསུང་ལ་འཛོམས་པའི་འདུས་ཚོགས་ཆེན་པོ་འདི་ལ་ཆམ་ནད་དེས་གསུང་ཆོས་རྩ་ཆེན་པོ་འདི་ལ་བར་ཆད་མི་བྱེད་པའི་སྐྱབས་འཇུག་ཞུ་རྟེན་ཕུལ་བ་དང་། རྒྱ་གར་དང་བོད་སྨན་བླངས་ཏེ་དུས་ཐོག་ཏུ་འཐུངས་པས། བདུན་གཅིག་གི་རྗེས་སུ་རིམ་བཞིན་སངས་དྲག་ཏུ་ཕྱིན། ཆམ་ནད་ཀྱི་སྐབས་སུ་གྲོགས་ཨ་འདུས་སྐལ་བཟང་རྒྱ་མཚོར་རེ་སྐུལ་བཞིན་ཁོང་གིས་དྲ་ལམ་ནས་རྐུབ་སྟེགས་སྲབ་བུ་ཆུང་ཆུང་རྒྱབ་སྙེས་ཅན་གསུང་ཆོས་སྐབས་བེད་སྤྱོད་གཏོང་ཆོག་པ་མངགས་ཉོ་བྱས་པ་དེས་ཕན་ཐོགས་ཆེན་པོ་བྱུང་། དེ་བཞིན་པ་ཏྲ་ཟ་ཁང་གི་མདུན་ཕྱོགས་སུ་ཡོད་པའི་ཟ་ཁང་ཆུང་ཆུང་དེའི་ནང་མིའི་གྲས་སྨན་ཞབས་བུ་མོ་སྐལ་བཟང་གིས་ལམ་དབུགས་གཙང་བཟོའི་འཕྲུལ་ཆས་སོགས་ཀྱི་རོགས་རམ་། ཝི་ནམ་ནས་ཆེད་དུ་རང་ཉིད་ལ་ཐུག་པར་བསླེབས་པའི་བུ་མོ་ཧོང་ཏོང་གིས་ཀྱང་སྨན་ཉོ་རོགས་སོགས་བྱས་བྱུང་།
གསུང་ཆོས་འདིའི་སྐབས་སུ་འབྲུག་ནས་ཕེབས་པའི་བོད་ཀྱི་བླ་མ་ཚེ་བརྟན་རྡོ་རྗེ་དང་། འབྲུག་བླ་མ་ཚེ་རིང་དོན་འགྲུབ་སོགས་མཁན་སྤྲུལ་འགའ་ལ་ཐུག་པ་དང་། ཁོང་རྣམ་པས་ཁོ་བོའི་རྩོམ་ཡིག་མང་དག་ཅིག་སྔོན་མ་ནས་བཀླགས་ཏེ་མ་མཐོང་རྒྱང་གི་ངོ་ཤེས་ཆགས་འདུག དེ་བཞིན་མཁའ་འགྲོ་བདེ་ཆེན་དཀར་མོ་དང་རྫ་མཁན་པོ་ཚེ་བཀྲ མགོ་ལོག་ཟླ་བྷེ་སོགས་ངོ་ཤེས་རྙིང་པ་འགའ་ལ་ཡང་ཐུག་བྱུང་ལ། སྔགས་པ་ཟླ་བྷེ་དང་མཁའ་འགྲོ་སྨིན་སྐྱིད་གཉིས་ཀྱིས་སྐྱབས་རྗེ་རིན་པོ་ཆེར་ཕུལ་བའི་ཞབས་བརྟན་གྱི་ཚིག་སྦྱོར་དང་སྙན་དབྱངས་ལ་ཚང་མའི་དགའ་བསུ་ཐོབ། མཁན་པོ་རྫ་ཚེ་བཀྲས་<<ཀུན་སྤངས་ཀུན་ཏུ་རྒྱུ>>་ཞེས་པའི་དཔལ་སྤྲུལ་རྣམ་ཐར་ངག་རྒྱུན་མ་བོད་འགྱུར་དེབ་དེ་ཆོས་ཞུ་བ་ཚང་མར་འགྲེམ་སྤེལ་བྱས། རང་ཉིད་ཀྱིས་གསུང་ཆོས་གྲོལ་སྟོན་ཉིན་བདུན་གཅིག་གི་སྔོན་ཉིན་གསུམ་གྱི་དུས་ཚོད་སྤྱད་དེ་བརྩམས་པའི་<<འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས>>་ཞེས་པ་ཞིག་གྱེར་འདོན་གྱི་མཆོད་སྤྲིན་སྤྲོས། དེ་ནི་སྨིན་གླིང་གིས་པར་སྐྲུན་གནང་བའི་ལྷ་བབས་མཆོད་རྟེན་གྱི་དཀར་ཆག་དེབ་དེ་དང་སྨིན་གླིང་ལྷ་བབ་མཆོད་རྟེན་གྱི་ལྡེབས་རིས་ངོས་ནས་དགེ་འདུན་ཆོས་འཕེལ་གྱིས་སྨིན་གླིང་ཁྲི་ཆེན་ལ་ཕུལ་བའི་ཀུན་བཟང་འཁོར་ལོ་སྙན་གྲགས་ཅན་དེར་མཇལ་བའི་རྐྱེན་ལས་བྱུང་བ་ཞིག་ཡིན།
རྡེ་ར་རྡུན་ལ་མཚོན་ན་སྙན་གྲགས་ཆེ་བའི་གནས་ཤིག་ནི་རྒྱ་གར་དབྱིན་གཞུང་སྐབས་ཀྱི་དཔོན་པོ་ཚོ་ཚ་གདུག་ལ་གཡོལ་སའི་མ་སུ་རི་དང་ཆུ་ཚོད་གཉིས་ལྷག་གི་སར་ཡོད་པའི་ཆུ་མོ་གངྒྰ། དེ་བཞིན་དེའི་ཐག་ཉེ་སར་ཡོད་པའི་ཆུ་བོ་ཡ་མུ་ན་སོགས་ཡིན་ལ། རྒྱ་གར་ལྷོ་ཕྱོགས་ཀྱི་ཤ་མདོག་ནག་པོ་དང་བསྡུར་ན་བྱང་རྒྱུད་དུ་ཤ་མདོག་དཀར་པོའི་མི་རིགས་རྣམས་འདུས་སྡོད་བྱེད་བཞིན་ཡོད་ལ། གཏམ་རྒྱུད་གསེར་ཐང་དུ་གསུངས་པ་བཞིན། ཁྱིམ་དང་ཁྱིམ་རེར་བུ་མོ་པདྨ་ཅན།།གྱི་རིགས་ཡོད་པར་ངེས་ཏེ། ཡུལ་འདིར་བུ་མོ་མཛེས་མ་མང་པོ་མཐོང་རྒྱུ་ཡོད་པ་ནི་རྒྱ་གར་གྱི་ས་ཕྱོགས་གང་དུ་ཕྱིན་ཀྱང་མཐོང་ཧ་ཅང་དཀོན་པ་ཞིག་རེད། ངའི་ཕ་ཡུལ་དུ་རི་ཆུའི་རིག་གནས་ཁྲོད་རི་འཇམ་པོ་དག་ལ་མོ་རི་དང་རི་རྩུབ་པོ་དག་ལ་ཕོ་རི་ཟེར་ཞིང་། མོ་རི་མང་སའི་ཡུལ་དུ་བུ་མོ་མཛེས་མ་སྐྱེ་གི་ཡོད་ལུགས་ཀྱི་ཡིད་ཆེས་བྱེད།
རྡེ་རུ་རྡུན་དུ་ཡོད་དུས་སེམས་མི་སྐྱིད་པའི་གནས་ཚུལ་ཞིག་བྱུང་བ་ནི། ངེས་དོན་གྱི་མཁས་པའི་དབང་པོ་དཔལ་ས་སྐྱའི་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་འཇམ་མགོན་ས་པཎ་གྱི་དུས་ཆེན་ཉིན་སྙུང་གཞི་ཅི་ཡང་མེད་པར་དགོངས་པ་རྫོགས་སོང་བ་དེ་ཡིན། དེའི་སྔོན་ཙམ་ལ་གྲོགས་ཨ་འདུས་སྐལ་བཟང་རྒྱ་མཚོས་མཁན་ཆེན་ཚང་གིས་ནམ་རྒྱུན་ཁྱེད་རང་ལ་མཉེས་པོ་གནང་གིན་འདུག་ཅེས་བརྗོད་སོང་བ་དང་། གསུང་ཆོས་བར་གསེང་ལ་གོ་སྐབས་ཤིག་ཡོད་ན་མཁན་ཆེན་ཚང་ལ་མཇལ་འཕྲད་ཞུ་གི་འགྲོ་བསམ་པ་ཞིག་བྱུང་ན་ཡང་། གོང་གསལ་ལྟར་ཆམ་པ་ཧ་ཅང་སྡུག་པོ་ཞིག་བྱུང་སྟེ་མཁན་ཆེན་ཚང་ལ་མཇལ་དུ་འགྲོ་མ་ཐུབ་པ་དེར་བློ་ཕམ་ཧ་ཅང་ཆེན་པོ་བྱུང་།
ང་སྡོད་སའི་ཨ་རིའི་ས་གནས་འདིའི་བོད་པའི་བྱིས་པ་ཚང་མས་དབྱིན་སྐད་མ་གཏོགས་མི་བཤད་ན་ཡང་། ཀ་ལུ་མན་གྲོང་དུ་སྡོད་དུས་བྱིས་པ་ཚང་མས་བོད་སྐད་སྙིང་རྗེ་བོ་ཞིག་བཤད་ཀིན་འདུག་པས་དེ་ལས་སེམས་ལ་ཟུག་ཡོང་བའི་དོན་དག་ཅིག་མི་འདུག གསུང་ཆོས་ལ་ཕར་འགྲོ་དུས་དང་ཚུར་ལོག་དུས་གཉིས་ཀར་སྲང་ལམ་ཆུང་ཆུང་དེར་བོད་པའི་བྱིས་པ་སློབ་གྲྭའི་སྒྲིག་ཆས་གྱོན་ནས་སློབ་གྲྭར་འགྲོ་མཁན་དང་ནང་ལ་ལོག་མཁན་རེ་ཟུང་ལ་འཕྲད་རྒྱུ་འདུག་པས། ལན་ཁ་ཤས་ལ་དེ་ཚོ་བཀག་ནས་བོད་སྐད་ནང་དྲི་བ་ཆུང་ཆུང་རེ་བཏོན་པ་ཡིན། བྱིས་པ་སྙིང་རྗེ་བོ་དག་གིས་ངའི་དྲི་བར་ལན་ཡག་པོ་ཞིག་ཐེབས་མིན་ལ་མ་ལྟོས་པར་བོད་སྐད་ཡག་པོ་ཞིག་བཤད་ཐུབ་པ་དེ་ཁོ་ནས་ངའི་འདོད་པ་ཚིམ་ཡོང་གི་འདུག
ཉི་མ་གཅིག་མི་ཚང་ཞིག་གི་ར་སྐོར་ནང་བོད་མི་དར་མ་ཞིག་དང་བགྲེས་མོ་ཞིག་གིས་རྒྱ་གར་བྱིས་པ་སྤྲང་པོ་ཉི་ཤུ་ཙམ་ཞིག་བསྐོངས་ཏེ་གྱོན་ཆས་དང་མངར་ཟས་སོགས་སྦྱིན་བཞིན་པ་མཐོང་། གཞིས་གྲོང་འདིའི་ཟ་ཁང་དག་གི་ནང་དུ་རྒྱ་གར་དང་བལ་བོའི་ན་གཞོན་ལས་ཀ་བ་གང་འཚམ་རེ་འདུག་ཅིང་། ལ་ལས་དབྱིན་སྐད་ཅུང་ཟད་རེ་ཤེས་པ་དང་ལ་ལས་མི་ཤེས་པར་ཟ་མ་མངགས་པའི་སྐབས་སུ་མ་གཟབ་ན་ཟ་མ་ཉིས་ལྡབ་བསྐྱལ་ནས་ཡོང་དུས་ཀྱང་འདུག ཞོགས་པ་སྔ་བོར་ལམ་ཟུར་དུ་བག་ལེབ་བཙོང་མཁན་བོད་པ་རེ་ཟུང་འདུག་ལ། དེའི་འགྲམ་ནས་རླངས་འཁོར་རྫིག་པོ་བསྐོར་ནས་འགྲོ་མཁན་བོད་པ་ཕྱུག་ཙམ་རེ་ཡང་འདུག་པ་ནི་འཁོར་བའི་རང་གཤིས་ཤིག་ཀྱང་ཅི་ལ་མིན། ཉི་མ་རྟག་པར་རྒྱ་གར་བ་རླངས་འཁོར་དང་འཕྲུལ་རྟ་ལ་ཞོན་ནས་ལྟ་སྐོར་ལ་ཡོང་མཁན་རྒྱུན་ཆད་མི་འདུག་པས། ཟ་ཁང་དང་མགྲོན་ཁང་ཚོའི་ཡོང་འབབ་བཟང་བ་ལ་ཨང་སྙམ་པ་ཞིག་ཀྱང་བྱུང་ལ། ལ་དྭགས་སོགས་ནས་གནས་སྐོར་དང་དགུན་གྱི་གྲང་ངར་ལ་གཡོལ་ཆེད་ས་གནས་འདིར་ཡོང་མཁན་བོད་པའི་ཁང་པ་གླས་ནས་རྒྱུན་རིང་ཐུང་ཅི་རིགས་ལ་སྡོད་མཁན་འདུག་པས། གཞིས་གྲོང་དང་དགོན་པའི་མགྲོན་ཁང་མི་ཚང་གི་ཁང་པ་སོགས་ཀྱིས་ཡོང་སྒོ་འཚོལ་རྒྱུར་མཐུན་རྐྱེན་ཡག་པོ་ཞིག་འདུག
གསུང་ཆོས་གུང་གསེང་གི་ཉིན་གཅིག ཕ་ཡུལ་གཅིག་པའི་གྲོགས་པོས་རླངས་འཁོར་བཏང་སྟེ་ཁོའི་ཁང་པ་ཡོད་སའི་ཧ་པ་པུར་གཞིས་ཆགས་སུ་བསྐྱོད། གཞིས་ཆགས་དེ་ཆུང་ཆུང་ཞིག་འདུག་ལ་ཕལ་ཆེར་མི་ཚང་དག་ལ་ཞིང་ས་འདུག དབྱར་ཁར་འབྲས་དང་སྟོན་ཁར་གྲོ་སྐྱེས་ཀི་ཡོད་ས་རེད། དགོང་མོར་གྲོགས་པོའི་ཁང་པའི་ཐོག་བརྩེགས་གིས་པའི་ནང་དུ་བསྡད་ཅིང་། ཁོང་ལ་མཚོན་ན་དགེ་རྒན་གྱི་ལས་ཀ་དང་ཟ་ཁང་ཞིག ཁང་པ་དང་རླངས་འཁོར། ད་དུང་ཞིང་ཁ་ཞིག་ཀྱང་འདུག ཞོགས་པ་སྔ་བོར་གྲོགས་པོའི་ཁྱིམ་མཚེས་ཀྱིས་ལྷ་ཁང་ཆུང་ཆུང་ཞིག་ལས་རྒྱང་སྒྲོག་ནང་ཧིན་དུའི་ཆོས་གླུ་ཧ་ཅང་སྙན་མོ་ཞིག་བཏང་སྟེ་གཉིད་ལས་དཀྲོགས། ཚིག་དོན་མི་གོ་ཡང་གདངས་དབྱངས་དེ་སྙན་དྲགས་སོང་། གྲོགས་པོས་ཞོགས་ཟས་ཡག་པོ་ཞིག་བཀྱགས། ཁོང་གི་དཔེ་ཁྲི་ལས་རྒྱ་གར་བ་རྩོམ་པ་པོ་ཤིབ་ཁེ་རས་བརྩམས་པའི་<<ཁྱེད་རང་རྒྱལ་ཐུབ་>>ཅེས་པའི་དེབ་གྲགས་ཅན་བོད་འགྱུར་ཞིག་མཐོང་སྟེ་རོབ་ཙམ་བཀླགས། རྒྱ་གར་གྲོང་གསེབ་ཀྱི་སྲང་ལམ་དུ་ཡོད་པའི་གྲོགས་པོའི་ཟ་ཁང་ནས་དགོང་ཟས་ཞིམ་པོ་ཞིག་ཟོས། ཕལ་ཆེར་ཀེའུ་ཚོད་མོག་མོག་ཡིན་ལ་གྲོགས་པོའི་ཟ་ཁང་ལ་ཚོང་ཡག་པོ་ཡོང་བའི་སྨོན་ལམ་ཡང་བཏབ། དེ་ནས་གླིང་ཚང་གཞིས་ཆགས་ཕྱོགས་སུ་བསྐྱོད། ལམ་བར་གྱི་ནགས་གསེབ་ཅིག་ཏུ་མི་མང་པོས་རླངས་འཁོར་ལས་བབས་ནས་ཅི་ཞིག་ལ་ལྟ་རུབ་རྒྱག་བཞིན་འདུག ངེད་གཉིས་ཀྱིས་ཀྱང་རླངས་འཁོར་བཀག་སྟེ་ལམ་འགྲམ་གྱི་ནགས་གསེབ་ཏུ་བལྟས་པ་ན། རི་དྭགས་ཤྭ་བ་ཆེན་པོ་ཞིག་གིས་ལྷོད་ལྷོད་ངང་རྩྭ་བཟའ་བཞིན་འདུག གླིང་ཚང་གཞིས་ཆགས་ཀྱི་ཕྱོགས་གཅིག་ཏུ་ངོར་དགོན་པ་ཆགས་ཤིང་། ཉིན་དེར་ངོར་དགོན་པའི་རྒྱལ་སྒོ་གཏན་འདུག དེའི་རྒྱབ་ཕྱོགས་སུ་བོན་དགོན་ཆུང་ཆུང་ཞིག་ཡོད་པའི་ར་སྐོར་ནང་རླངས་འཁོར་བཀག བོན་པོའི་གྲྭ་པ་བོད་ནས་ཕེབས་པ་ཞིག་གིས་ཧི་མ་ལ་ཡའི་རི་རྒྱུད་ནས་ཡིན་པའི་གྲྭ་ཕྲུག་ཉི་ཤུ་ཙམ་དང་མཉམ་དུ་ཁོར་ཡུག་གཙང་སྦྲ་བྱེད་བཞིན་འདུག ཕྱིར་ལོག་པའི་ལམ་བར་དུ་རྡེ་ར་རྡུན་གྱི་ཁྲོམ་གསར་གྲགས་ཅན་དེར་བསྐྱོད་ལམ་དུ་རླངས་འཁོར་དང་སྦག་སྦག་གི་འཚང་ཁ་ཆེ་དྲགས་ནས་ཤར་རྒྱག་ཀ་ལུ་མན་གྲོང་དུ་ལོག གྲོགས་པོས་བརྗོད་པ་ལྟར་ན་གཞིས་ཆགས་གཞན་ཞིག་ཡོད་པའི་ཁྱིམ་བདག་རྣམས་ནི་དམག་མི་རྒན་པའི་གྲས་ཡིན་ཞིང་། ཁོང་ཅག་གིས་ཁང་པ་རྫིག་པོ་རྒྱག་རྒྱུར་འགྲན་བསྡུར་བྱེད་པས་ཁང་པ་དག་ནི་གཅིག་ལས་གཅིག་རྫིག་པ་ཡོད་འདུག
རྡེ་ར་རྡུན་གནམ་ཐང་ནས་ཉི་མ་རྟག་པར་གསུང་ཆོས་ལ་བཅར་མཁན་གཞིས་ཆགས་གཞོན་ནུ་མ་ཞིག་ཡོད་པར་འཕྲད། མོའི་ཁྱོ་ག་ཨ་རིའི་ཉིག་ཡོར་ན་ཡོད་ཅིང་། སྐྱེས་པ་དེ་མོ་ཆུང་ཆུང་ཡིན་དུས་ནས་ཉིག་ཡོར་ལ་ཕྱིན་པ་རེད་ཟེར་བས་མོ་རང་ལས་ལོ་ཉི་ཤུས་རྒན་པ་ཞིག་མིན་ནམ་སྙམ་བྱུང་། སྐྱེས་པ་དེས་ཐེངས་འདིའི་གསུང་ཆོས་ཀྱི་འགྲོ་སོང་བཏང་སྟེ་རྒྱ་གར་ལྷོ་ཕྱོགས་སྒོ་ཝ་ནས་གསུང་ཆོས་ལ་བཅར་བ་དང་། མོ་རང་གི་ཨ་ཞང་ཞིག་རྙིང་མའི་སྤྲུལ་སྐུ་མཚོ་པདྨར་དགོན་པ་འདེབས་མཁན་ཞིག་ཡིན་ལུགས་བརྗོད་བྱུང་། མོས་གནམ་ཐང་གི་ཟ་མ་མི་འདྲ་བ་གཉིས་ཙམ་བཟའ་བཞིན་འདུག་པ་ཁོ་བོར་ཡང་མཆོད་རོགས་ཞེས་བརྗོད་པར་ཐུགས་རྗེ་ཆེ་ཞེས་བརྗོད། གཞིས་ཆགས་ན་གཞོན་ཚོར་ནང་ཆོས་ཀྱི་ཡི་ག་དེ་ཙམ་ཡོད་མདོག་མེད་ན་ཡང་མོའི་སེམས་ཤུགས་དང་སྐྱེས་པ་དེའི་གཏོང་ཕོད་ལ་རྗེས་སུ་ཡི་རང་ལོས་ཞུ།
ཟླ་བ་གཅིག་དང་ཉིན་བཅུའི་རིང་གི་སྔ་འགྱུར་བཀའ་མའི་དབང་ལུང་གི་གསུང་ཆོས་ལེགས་འགྲུབ་བྱུང་བ་དང་། དེའི་མཇུག་ཏུ་ཆོས་སྐྱོང་གི་སྲོག་གཏད་གསུང་སྐབས་འབྲུག་གྲྭ་ཚོས་རང་ཉིད་ཆོས་ཞུ་བའི་གྲས་སུ་མ་བཅུག་ཀྱང་། སྤྱི་ལོ་ ༢༠༡༩ ལོར་བལ་ཡུལ་ཞེ་ཆེན་དགོན་པར་སྐྱབས་རྗེ་རབ་འབྱམས་རིན་པོ་ཆེས་འཇིགས་གླིང་པོད་དགུའི་དབང་ལུང་དང་དཔལ་སྤྲུལ་གསུང་འབུམ་ཆ་ཚང་གི་ལུང་གསུངས་པའི་མཇུག་ཏུ། ཆོས་སྐྱོང་གི་སྲོག་གཏད་སྐབས་ཨེ་ཀ་ཛ་ཊི་དང་ཚེ་རིང་མའི་སྲོག་གཏད་ཞུ་རྒྱུའི་སྐལ་བཟང་བྱུང་བས། གལ་སྲིད་རང་ཉིད་ཀྱིས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལ་ཁ་ཞེ་གཉིས་མེད་ཀྱིས་ཉམས་ལེན་བྱས་ཚེ། བརྒྱུད་ལྡན་བླ་མས་བཀའ་བསྒོ་དམ་བཞག་གནང་བའི་ཆོས་སྐྱོང་དག་ནི་མ་བོས་རང་འཁོར་ཡིན་ལ། གལ་སྲིད་དེ་ལས་ལྡོག་ཚེ་ཆོས་སྐྱོང་ཡེ་ཤེས་ཀྱི་སྤྱན་ལྡན་དག་གིས་འགོ་བའི་ནད་བཞིན་རིང་དུ་སྤོང་ངེས་ཡིན་པས། སྲོག་གཏད་ཙམ་ཞིག་ཐོབ་པས་ཆོས་སྐྱོང་འཁོར་ཡོང་བསམ་པ་ནི་སྟོང་བསམ་འབའ་ཞིག་ལོས་ཡིན།
ཟླ་དང་པོའི་ཚེས་བཅུའི་ཉིན་གནས་མཆོག་འདི་ལ་ཞེན་ཆགས་ཀྱི་ཕྱི་མིག་འཕེན་བཞིན་གླ་འཁོར་ཞིག་ལ་བསྡད་ནས་རྡེ་ར་རྡུན་གནམ་ཐང་དུ་བསྐྱོད་ཅིང་། གནམ་ཐང་དེར་ཆོས་ཞུ་བ་ཝ་ར་ཎ་སིར་ལོ་སུམ་ཅུ་ཙམ་བསྡད་པའི་ཡོ་རོབ་པ་ཞིག་ལ་འཕྲད་ཅིང་། ཁོས་ལྡི་ལིའི་གནམ་ཁང་གི་ལམ་ཁ་དག་ལ་རྒྱུས་སྟོན་ཡག་པོ་བྱས། གནམ་ཐང་གི་ཟ་མ་བཟའ་སར་ལྷོ་ཁོ་རི་ཡ་ནས་ཡིན་པའི་ཨ་ནེ་ཞིག་ལ་འཕྲད། མོའི་ཕ་མ་གཉིས་ཁ་ན་སྒྲ་རུ་ཡོད་ཅིང་། མོས་ཨ་རིའི་ཁ་ལི་ཧྥོ་ནི་ཡར་ལས་ཀ་བྱེད་མྱོང་བ་དང་། རྗེས་སུ་བོད་བརྒྱུད་ནང་བསྟན་གྱི་ཨ་ནེ་བྱས་ཏེ་དེང་སང་ནོར་གླིང་ཉེ་འཁྲིས་ཀྱི་སྒྲོལ་མ་གླིང་དུ་ནང་ཆོས་སློབ་གཉེར་བྱེད་བཞིན་ཡོད་འདུག ཐེངས་འདིར་མོའི་ཕ་ཡུལ་ཁོ་རི་ཡར་ལོག་འགྲོ་གིན་འདུག གཞན་རྣམ་གྲོལ་གླིང་ནས་ཡིན་པའི་སྐུ་ཞབས་ཐེ་ཝན་ལ་འགྲོ་མཁན་གཉིས་ལ་ཡང་འཕྲད་ཅིང་། སྐུ་ཞབས་གཅིག་གིས་ཁོ་བོ་ལམ་སེང་ངོས་ཟིན་ནས་འཚམས་འདྲི་གནང་བྱུང་། ལྡི་ལི་ནས་མཚན་དགུང་ཐེ་ལན་ལ་འཕུར་ཞིང་། དེར་ཆུ་ཚོད་ཁ་ཤས་ལ་བསྒུགས་རྗེས་མཐའ་ཡས་རྒྱ་མཚོའི་ནམ་མཁར་ཆུ་ཚོད་བཅུ་བཞི་ཙམ་ལ་འཕུར་ནས་ཁེ་ན་སྒྲའི་གྲོང་ཁྱེར་ཝེན་ཁོ་ཝེར་ལ་བབས། དེར་ཆུ་ཚོད་གསུམ་ཙམ་ལ་བསྒུགས་རྗེས་གནམ་གྲུ་ཆུང་བ་ཞིག་ལ་བསྡད་དེ་རང་གནས་སེ་ཨ་རོལ་དུ་འཕུར། གནམ་ཐང་དུ་རང་སློབ་ཁག་ཅིག་གིས་ལྷ་རེག་དཀར་པོ་དང་མེ་ཏོག་ཆུན་པོ་ཐོགས་ཏེ་བསུ་བ་བྱས་ཏེ། དུས་བཞིར་མེ་ཏོག་བཞད་པའི་ཞིང་ཁམས་སུ་བདེ་བར་འབྱོར་སོང་། ཆོས་ཚོགས་སུ་འབྱོར་མ་ཐག་མཆོད་ཁང་དུ་བསྐྱོད་དེ་རྩ་གསུམ་ཆོས་སྐྱོང་དང་བཅས་པར་ཐེངས་འདིའི་དམ་པའི་ཆོས་ཀྱི་ཆེད་དུ་འགྲུལ་བཞུད་རླབས་པོ་ཆེ་འདི་ལེགས་འགྲུབ་བྱུང་བའི་བཀའ་དྲིན་གཏང་རག་གི་མཆོད་ཡོན་གསེར་སྐྱེམས་སོགས་ཕུལ་ཏེ་བདེ་བར་ངལ་གསོས་སོ།།





