བོད་གཞིས་ཀ་རྩེ་ནས་ཡིན་པའི་རྒྱང་རྒྱུག་རྩེད་འགྲན་པ་ཚེ་རིང་མཚོ་མོ་ལགས་ལ་ཨང་དང་པོ་ཐོབ་པ་དང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཨང་གསུམ་པ་བླངས་ཏེ་འདི་ལོའི་ཕྱི་ཟླ་ ༩ ནང་ཉི་ཧོང་དུ་འཚོག་འཆར་ཡོད་པའི་སྐབས་ ༢༠ པའི་ཨེ་ཤ་ཡའི་མཆོང་རྒྱུག་འཕེན་གསུམ་གྱི་རྩེད་འགྲན་ཁྲོད་དྲག་འདེམས་བྱུང་འདུག
སྐབས་ ༢༠ པའི་ཨེ་ཤ་ཡའི་མཆོང་རྒྱུག་འཕེན་གསུམ་གྱི་འདེམས་སྒྲུག་འགྲན་ཚོགས་ཐོག་བོད་ཀྱི་རྒྱང་རྒྱུག་པ་ཚེ་རིང་མཚོ་མོ་ལགས་ཀྱིས་ཨང་དང་པོ་བླངས། དྲ་ལམ་གྱི་པར། ༢༠༢༦།༠༥།༢༤
འདི་ལོའི་ཕྱི་ཟླ་ ༩ པའི་ནང་ཉི་ཧོང་གི་ན་གྷོ་ཡ་ (Nagoya)རུ་ཨེ་ཤ་ཡའི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་ཚོགས་བསྡུ་རྒྱུ་ཡིན་པ་ལྟར། ཁ་སང་ཕྱི་ཚེས་ ༢༤ ཉིན་ཕྱི་ལོ་ ༢༠༢༦ ལོའི་ལན་ཀྲུའུ་གྲོང་ཁྱེར་དུ། སྐབས་ ༢༠ པའི་ཨེ་ཤ་ཡའི་དྲག་འདེམས་རྩེད་འགྲན་བསྡུས་ཡོད་པ་དང་། ཐེངས་འདིའི་རྩེད་འགྲན་ཁྲོད་བོད་རང་སྐྱོང་ལྗོངས་ཟེར་བའི་རྩེད་འགྲན་རུ་ཁག་གི་གཞིས་ཀ་རྩེ་ནས་ཡིན་པའི་རྒྱང་རྒྱུག་པ་ཚེ་རིང་མཚོ་མོ་ལགས་ཀྱིས། རྒྱལ་སྤྱི་རིམ་པའི་དྲག་འདེམས་ཁྲོད་ཨང་རིམ་གཉིས་པ་དང་། རྒྱལ་ནག་གི་བུད་མེད་ཀྱི་རྒྱང་རྒྱུག་ཁྲོད་ཆུ་ཚོད་ ༢ དང་སྐར་མ་ ༢༩། སྐར་ཆ་ ༥༩ དུས་ཡུན་ནང་ཨང་རིམ་དང་པོ་བླངས་ནས་ཟིན་ཐོ་གསར་པ་བསྐྲུན་ཡོད་པ་དང་། བཀྲ་ཤིས་ཚེ་རིང་གིས་རྒྱ་ནག་ནང་ལོག་གི་རྒྱང་རྒྱུག་ཁྲོད་ཨང་རིམ་གསུམ་པ་དང་རྒྱལ་སྤྱི་རིམ་པའི་ནང་ཨང་རིམ་བདུན་པ་བླངས་ཏེ། ཁོང་གཉིས་ཕྱི་ལོ་ ༢༠༢༦ ལོའི་སྐབས་ ༢༠ པའི་ཨེ་ཤ་ཡའི་མཆོང་རྒྱུག་འཕེན་གསུམ་གྱི་རྩེད་འགྲན་ནང་དྲག་འདེམས་བྱུང་ཡོད་འདུག
བོད་ཀྱི་རྒྱང་རྒྱུག་པ་ཚེ་རིང་མཚོ་མོ་ལགས་ནི་ཕྱི་ལོ་ ༡༩༩༧ ལོར་བོད་གཞིས་ཀ་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དུ་སྐྱེས་ཡོད་ཅིང་། ཕྱི་ལོ་ ༢༠༡༡ ལོར་བོད་རང་སྐྱོང་ལྗོངས་ཟེར་བའི་ལུས་རྩལ་ལག་རྩལ་སློབ་གླིང་གི་རྒྱང་རྒྱུག་འབྲིང་བའི་སྡེ་ཁག་ནས་སྦྱོང་བརྡར་བྱས་ཏེ། འབྲིང་རྒྱུག་རུ་ཁག་གི་རྐང་འཛིན་པ་དང་བུད་མེད་རུ་ཁག་གི་རུ་དཔོན་གྱི་འགན་ཁུར་ཡོད་ཅིང་། བུད་མེད་རྒྱང་རྒྱུག་སྨི་ ༥༠༠༠ དང་སྨི་ ༡༠༠༠༠ ཡི་ཟིན་ཐོ་གསར་པ་བཀོད་ཡོད་འདུག ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་རྒྱལ་ཡོངས་མཆོང་རྒྱུག་འཕེན་གསུམ་གྱི་བུད་མེད་ཀྱི་རྒྱང་རྒྱུག་སྨི་ ༥༠༠༠ གི་འགྲན་སྡུར་ནང་སྐར་མ་ ༡༦ དང་སྐར་ཆ་ ༣༦ ། གྲངས་ཆུང་ ༨༣ གྱི་གྲུབ་འབྲས་བླངས་བཟང་པོ་ཐོབ།
སྐབས་ ༢༠ པའི་ཨེ་ཤ་ཡའི་མཆོང་རྒྱུག་འཕེན་གསུམ་གྱི་འདེམས་སྒྲུག་འགྲན་ཚོགས་ཐོག་བོད་ཀྱི་རྒྱང་རྒྱུག་པ་ཚེ་རིང་མཚོ་མོ་ལགས་དང་བཀྲ་ཤིས་ཚེ་རིང་ལགས་གཉིས་འདེམས་སྒྲུག་བྱུང་། དྲ་ལམ་གྱི་པར། ༢༠༢༦།༠༥།༢༤
ཕྱི་ལོ་ ༢༠༢༤ ཚེས་ ༢༢ ཉིན་རྒྱ་ནག་ཧོ་པེ་ཞིང་ཆེན་ཧིང་ཧྲུས་གྲོང་ཁྱེར་དུ་བསྡུས་པའི་རྒྱལ་ཡོངས་ཀྱི་ས་ཚིགས་གཉིས་པའི་རྒྱང་རྒྱུག་འགྲན་སྡུར་ཁྲོད། ཚེ་རིང་མཚོ་མོ་ལགས་ལ་གསེར་གྱི་རྟགས་མ་ཐོབ་་སྟེ་རྒྱལ་ཡོངས་བུད་མེད་རུ་ཁག་འགྲན་སྡུར་གྱི་ཟིན་ཐོ་གསར་བ་བསྐྲུན། དེ་བཞིན་ཕྱི་ལོ་ ༢༠༤ ཟླ་ ༦ ཚེས་ ༢༨ ནས་ ༣༠ བར་རྒྱ་ནག་ཧྲན་ཏུང་ཞིང་ཆེན་རི་ཀྲའོ་གྲོང་ཁྱེར་དུ་བསྡུས་བའི་མཆོང་རྒྱུག་འཕེན་གསུམ་གྱི་རྟིང་རྩོད་ཁྲོད། ཁོང་མོས་བུད་མེད་ཀྱི་འགྲན་རྒྱུག་སྨི་ ༥༠༠༠ ནང་ཨང་དང་པོ་བླངས་ཏེ་གསེར་གྱི་རྟགས་མ་ཐོབ་ཡོད་འདུག
དེ་བཞིན། ཕྱི་ལོ་ ༢༠༢༤ ལོའི་རྒྱ་ནག་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་ཁྲོད། བོད་ཀྱི་རྒྱང་རྒྱུག་པ་བཀྲ་ཤིས་ཆེ་རིང་ལགས་ལ་སྨི་ ༣༠༠༠ ཅན་གྱི་སྐྱེས་པའི་རྒྱུག་འགྲན་ཁྲོད་གསེར་གྱི་གཟེངས་རྟགས་ཐོབ་པ་དང་། ཕྱི་ལོ་ ༢༠༢༤ ལོའི་རྒྱ་ནག་རྒྱལ་ཡོངས་ཀྱི་རྒྱང་རྒྱུག་འགྲན་བསྡུར་ཁྲོད་ཨང་དང་པོའི་གསེར་གྱི་རྟགས་མ་ཐོབ། དེ་བཞིན་ཕྱི་ལོ་ ༢༠༢༣ ལོར་ཨེ་ཤ་ཡའི་སྐབས་ ༡༩ ལུས་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་སྨི་ ༥༠༠༠ ཅན་གྱི་རྟིང་རྩོད་འགྲན་རྒྱུག་ཐོག་ཨང་རིམ་བདུན་པ་དང་། ལོ་དེའི་ཕྱི་ཟླ་ ༢ ནང་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་སྨི་ ༣༠༠༠ འགྲན་བསྡུར་ནང་ཨང་དང་པོ་བླངས་ཏེ། རྒྱ་ནག་རྒྱལ་ཡོངས་ཀྱི་འགྲན་རིམ་དེའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཡོད་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།