བོད་རང་སྐྱོང་ལྗོངས་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་བ་ཆེ་དགྲ་ལྷའི་སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་དང་ཚེ་བཙོན་གྱི་ཉེས་ཆད་བཅད་འདུག

ཟླ་འདིའི་ཕྱི་ཚེས་ ༥ ཉིན་རྒྱ་ནག་གི་ཁྲུང་ཆིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོ་ཟེར་བས་རྒྱལ་ཡོངས་སྲིད་གྲོས་ སྐབས་བཅུ་བཞི་པའི་རྒྱུན་ལས་ཟུར་བ་དང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་བ་ཆེ་དགྲ་ལྷས་ལྐོག་རྔན་བླངས་པའི་ནག་ཉེས་ལ་བརྟེན་ནས། ཚེ་བཙོན་གྱི་ཉེས་ཆད་བཅད་པ་དང་ཚེ་གང་ཆབ་སྲིད་ཀྱི་དབང་ཆ་འཕྲོག་པ། མི་སྒེར་གྱི་རྒྱུ་ནོར་ཡོངས་གཞུང་བཞེས་གཏང་རྒྱུ་མ་ཟད། ཆེ་དགྲ་ལྷས་ལྐོག་རྔན་བླངས་པའི་རྒྱུ་ནོར་དང་དེ་དག་ལས་སྐྱེད་འཕེལ་བྱུང་བའི་སྐྱེད་ཀ་ཁྲིམས་ལྟར་རྒྱ་ནག་གི་རྒྱལ་མཛོད་དུ་བཅུག་རྒྱུ་ཡིན་པའི་བཅད་ཁྲ་བཏང་འདུག
འདས་ལོའི་ཕྱི་ཟླ་ ༡ ཚེས་ ༢༣ ཉིན་རྒྱ་ནག་གི་སྒྲིག་ཁྲིམས་ཞིབ་བཤེར་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཁང་གཉིས་ཀྱིས་ཆེ་དགྲ་ལྷར་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་འོག་ཞིབ་བཤེར་བྱེད་མགོ་ཚུགས་པ་དང་། འདས་ལོའི་ཕྱི་ཟླ་ ༧ ཚེས་ ༢༢ ཉིན་རྒྱ་ནག་གི་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་ཟེར་བས་ཆེ་དགྲ་ལྷའི་ཕུགས་འདུན་གྱི་འདུ་ཤེས་ཤོར་བ་དང་། ཐོག་མའི་དམ་བཅའ་དང་འགན་འཁྲི་ལ་རྒྱབ་འགལ། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་འགན་འཁྲི་གཙོ་བོ་ལག་བསྟར་ཡག་པོ་མ་ཐུབ་པ། ཕྱི་ཚུལ་ལས་གཞི་དང་། སྲིད་སྐྱོང་བྱས་རྗེས་ཀྱི་ལས་གཞི་གཉེར་བ། དུས་ཡུན་རིང་པོར་རྨོངས་དད་བྱེད་སྒོ་གཉེར་བ། རྩ་འཛུགས་ཀྱི་རྩད་གཅོད་ལ་རྒོལ་བ། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་སྙིང་དོན་སྣང་མེད་དུ་བཞག་པ། གཞུང་དངུལ་བཏང་ནས་སྒྲིག་འགལ་སྣེ་ལེན་བྱེད་པ། དྲང་གཞག་སྒོས་གཞུང་དོན་ལག་བསྟར་ལ་གནོད་པ་བཟོ་སྲིད་པའི་གསོལ་མགྲོན་དང་དུ་ལེན་པ། རྩ་འཛུགས་ཀྱི་རྩ་དོན་དང་འགལ་བ། རྩ་འཛུགས་ཀྱིས་སྐད་ཆ་འདྲི་དུས་གནད་དོན་གསལ་བཤད་དྲང་མོ་མི་བྱེད་པ། ལས་བྱེད་པ་འདེམས་བསྐོའི་ཁྲོད་དུ་སྒྲིག་ཁྲིམས་དང་འགལ་ནས་གཞན་ལ་ཁེ་ཕན་རག་ཐབས་བྱེད་པ། སྤྱོད་པ་གཙང་མའི་མ་མཐའི་ཚད་གཞི་ཤོར་བ། སྒྲིག་འགལ་གྱིས་ལག་རྟགས་དང་ལྐོག་རྔན་ལེན་པ། རྒྱ་ཡན་དུ་གཏོང་བ། ཁྱིམ་སྲོལ་མི་གཙང་བ། ཁྱིམ་མིར་དོ་དམ་དང་སློབ་གསོ་ཡག་པོ་མེད་པ། གུས་སེམས་སྤུ་ཙམ་ཡང་མེད་པ། ཚོང་པ་དང་ཁྱི་སྤྱང་ངན་འབྲེལ་བྱས་པ། ལས་གནས་ཀྱི་སྟབས་བདེ་ལ་བརྟེན་ནས་མི་གཞན་གྱི་ལས་གཞི་འགན་ལེན་དང་། དངུལ་བསྲེས་དང་དངུལ་བུན་བསྐྱི་བ། སྤྱི་གཉེར་ཁང་གཉེར་བ་སོགས་ཀྱི་ཐད་ནས་ཁེ་ཕན་རག་ཐབས་བྱས་པ་མ་ཟད། ཁྲིམས་འགལ་གྱིས་རྒྱུ་ནོར་འབོར་ཆེན་ལྐོག་རྔན་བླངས་པའི་དོགས་གཞིའི་འོག་ནས་ཞིབ་བཤེར་བྱས་ཏེ། ཁྲིམས་འགལ་གྱི་རྒྱུ་ནོར་གཞུང་བཞེས་དང་། རྒྱལ་ཁབ་ཀྱི་ལས་གནས་དང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཁོངས་ནས་ཕྱིར་ཕུད་བཏང་ཡོད་ལུགས་བསྒྲགས་ཡོད།
རང་ལོ་༦༨ ཡིན་པའི་ཆེ་དགྲ་ལྷ་ནི་ཕྱི་ལོ་ ༡༩༥༨ ལོར་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་ཐང་དུ་སྐྱེས་ཡོད་ཅིང་། ཕྱི་ལོ་ ༡༩༨༢ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ནང་དུ་ཞུགས། ཕྱི་ལོ་ ༡༩༧༩ ནས་ ༢༠༡༠ ལོའི་བར་བདེ་ཆེན་ཁུལ་གྱི་ཁུལ་དཔོན་སོགས་ཀྱི་ལས་འགན་ཁུར། ཕྱི་ལོ་ ༢༠༡༠ ནས་ ༢༠༡༦ བར་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་རྒྱུན་ལས་དང་། འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན། སྲིད་གྲོས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཡིག་གཞོན་པ། ལྷ་ས་གྲོང་ཁྱེར་གྱི་མགོ་འཁྲིད་སོགས་བྱས། ཕྱི་ལོ་ ༢༠༡༧ ནས་ ༢༠༢༡ བར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་མགོ་འཁྲིད་དང་། རྒྱ་ནག་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་མི་རིགས་ལས་དོན་གྱི་མགོ་འཁྲིད་གཞོན་པ་བྱས། ཕྱི་ལོ་ ༢༠༢༣ ལོར་རྒྱ་ནག་རྒྱལ་ཡོངས་སྐབས་བཅུ་བཞི་བའི་སྲིད་གྲོས་ཀྱི་རྒྱུན་ལས་དང་། ཞིང་ལས་དང་གྲོང་གསེབ་ལྷན་ཁང་གི་མགོ་འཁྲིད་གཞོན་པ་སོགས་བྱས།




