ཉེ་ལམ་བོད་དོན་འཐབ་རྩོད་པ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་པ་དང་འབྲེལ་ནས། ཨ་རིས་བོད་དོན་འཐབ་རྩོད་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་བསྐྱར་ནན་གྱིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་དགོས་པའི་སྐུལ་མ་གནང་འདུག

དེ་རིང་རེའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་མིའི་ཆོས་དང་རིག་གཞུང་། དེ་བཞིན་སྐད་ཡིག་སོགས་རྒྱུན་འཛིན་ཉར་ཚགས་བྱེད་པ་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་ཐབས་སུ་རྒྱབ་སྐྱོར་དང་རོགས་འདེགས་བྱ་རྒྱུ་བསྐྱར་དུ་ནན་བརྗོད་བྱས་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས། ཨ་རིས་རྒྱ་ནག་གཞུང་ལ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཁོང་གི་སྐུ་ཚབ། དམངས་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་མིའི་སྒྲིག་འཛུགས་ཀྱི་མགོ་ཁྲིད་ཁག་དང་ལྷན་དུ་གྲོས་མོལ་སླར་གསོ་བྱས་ཏེ། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་སྤྲོད་དགོས་པའི་སྐུལ་མ་གཏོང་གི་ཡོད། ཅེས་བརྗོད་འདུག
ཨ་རིའི་བོད་དོན་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་དེ་ནི། ཟླ་འདིའི་ཕྱི་ཚེས་ ༢ ཉིན་བོད་མི་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེ་སྲེག་གནང་རྗེས་སྤེལ་བ་ཞིག་ཡིན་པས། དེས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་དང་ཕྱོགས་འགལ་ཆབ་སྲིད་ཚོགས་པ་བཅས་ཨ་རིའི་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སོགས་ལ་རྒྱབ་སྐྱོར་བྱས་དང་བྱེད་མུས་ཡིན་པའི་རྣམ་པ་བསྐྱར་ནན་བྱས་པ་མཚོན་ཡོད་ཅིང་། ཟླ་འདིའི་ཕྱི་ཚེས་ ༢ ཉིན་བོད་ཀྱི་རྒྱལ་གཅེས་དཔའ་བོ་བློ་བཟང་དཔལ་ལྡན་ནམ་རང་བཙན་བློ་དགའ་ལགས་ཀྱིས་རྒྱ་ནག་གཞུང་གི་བོད་མི་རིགས་རྩ་གཏོར་གྱི་སྲིད་ཇུས་ཁག་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་བསྲེགས། གནད་དོན་དེ་དང་འབྲེལ་ནས་རྒྱ་ནག་གཞུང་གིས་བོད་ནི་གནའ་སྔ་མོ་ནས་ཁ་བྲལ་ཐབས་མེད་པའི་རྒྱ་ནག་གི་ཆ་ཤས་ཡིན་པའི་འགྲེལ་ལོག་བསྐྱར་ཟློས་ཡང་ཟློས་བྱས་ཏེ། འབྲེལ་ཡོད་རྒྱལ་ཁབ་ཁག་གིས་རང་བཙན་བློ་དགའ་ལགས་ཀྱི་གནད་དོན་དེ་རྒྱ་ནག་གི་ནང་སྲིད་ལ་རྩིས་ནས་ཐག་གཅོད་ལེན་པར་ཡིད་ཆེས་ཡོད་ཅེས་བརྗོད་འདུག
ཉེ་ལམ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེ་སྲེག་གནང་རྗེས། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཁོར་ཊི་ཛི་ (Alexandria Ocasio-Cortez) ལགས་ཀྱིས། བོད་ཀྱི་རང་དབང་ལས་འགུལ་བ་རང་བཙན་བློ་དགའ་ལགས་འདས་གྲོངས་སུ་གྱུར་བར་ངའི་སེམས་སྐྱོ་བས་ཁེངས། ང་ཚོས་ཁོང་འདས་གྲོངས་ཕྱིན་པར་མྱ་ངན་བྱེད་བཞིན་བོད་ནང་དང་འཛམ་གླིང་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེད་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན། ངས་ཁོང་གི་ནང་མི་དང་ནེའུ་ཡོག་བོད་མིའི་ཚོགས་སྡེ་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ། ཞེས་བརྗོད་ཡོད།
ཟླ་འདིའི་ཕྱི་ཚེས་ ༦ ཉིན་རྒྱལ་ཚོགས་ཀྱི་གསར་འགོད་ལྷན་ཚོགས་ཤིག་གི་སྟེང་། རྒྱལ་ཚོགས་ཀྱི་མགྲིན་ཚབ་པ་སི་ཊེ་ཧྥ་ནེ་ལགས་ཀྱིས། རེས་གཟའ་ཕུར་བུའི་དོན་རྐྱེན་དེ་ནི་གནས་བབ་གང་ཅིའི་ཐད་ནས་ཧ་ཅང་སེམས་སྐྱོ་དགོས་པ་ཞིག་ཡིན། ང་ཚོའི་བདེ་འཇགས་མི་སྣ་གཉིས་ཡུལ་དངོས་སུ་ཕྱིན་ནས་མེ་གསོད་ཐབས་བྱས་ཡོད། ནེའུ་ཡོག་གྲོང་ཁྱེར་ཉེན་རྟོག་པའི་མེ་གསོད་རུ་ཁག་ཀྱང་ཡུལ་དངོས་སུ་འབྱོར་ཡོད། ང་ཚོ་དངོས་གནས་སེམས་སྐྱོ་བྱུང་ལ། ཁོང་གི་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། ཞེས་དང་། འགྲོ་བ་མི་ཞིག་གིས་རང་ཉིད་ལ་དེ་ལྟར་གནང་བ་ནི་བློ་དཔག་མི་ཐིག་པ་ཞིག་ཡིན། གཞི་རྒྱ་ཆེ་ས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་ཁབ་ཁག་ལ་གྲངས་ཉུང་མི་རིགས་ལ་བརྩི་བཀུར་བྱེད་དགོས་པ་དང་། ཁོང་ཚོ་ནི་ང་ཚོ་ཚང་མའི་ཆ་ཤས་ཤིག་ཡིན་པ་དུས་རྒྱུན་གླེང་གི་ཡོད་ཅེས་བརྗོད་འདུག
རྒྱལ་གཅེས་པ་ཁོང་གི་དངོས་མིང་ལ་བློ་བཟང་དཔལ་ལྡན་དང་ཡོངས་གྲགས་སུ་རང་བཙན་བློ་དགའ་ཞེས་འབོད། བོད་མདོ་ཁམས་ཏྲེ་ཧོར་རྫ་ཁོག་ཀྱི་གད་ཁ་ཚང་གི་ཁྱིམ་རྒྱུད་ཀྱི་པ་བདོས་དགའ་དང་མ་རྡོ་རྗེ་ལྷ་མོ་གཉིས་ཀྱི་བུར་སྐྱེས། གད་ཁའི་བཀྲ་ལོས་གཙོས་པའི་ཁོང་གི་ཁྱིམ་རྒྱུད་ཀྱི་མིང་སྲིང་གསུམ་ཡང་རྒྱ་ནག་དམར་པོའི་བཙོན་ཁང་དུ་སྐུ་སྲོག་ཤོར། ཕྱི་ལོ་ ༡༩༩༢ ལོར་འཕགས་ཡུལ་རྒྱ་གར་དུ་འབྱོར་རྗེས། དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་མི་ལོ་བཅུ་གསུམ་ཙམ་གྱི་རིང་ལ་གཞུང་ཆེན་སློབ་གཉེར་གནང་བ་དང་། དེའི་རིང་གྲྭ་ཚང་གི་ལས་སྣེ་འདྲ་མིན་ཡང་ཁུར་རྗེས་ཨ་རིར་ཕེབས་ཏེ། ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་དང་། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་བཅས་ཀྱི་ཐུགས་འགན་བཞེས། ད་ཆར་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་མུས་ཡིན་འདུག་ལ། ཁོང་ནི་རྒྱུན་དུ་བོད་དོན་ལ་སེམས་ཤུགས་དང་སྤྱི་སེམས་ཆེན་པོ་ཡོད་མཁན་ཞིག་ཡིན་འདུག




