རྒྱ་ནག་གཞུང་གིས་བོད་དང་རྒྱ་གར་གྱི་མཐའ་མཚམས་ཁུལ་དུ་གྲོང་ཚོ་ལྔ་འཛུགས་སྐྲུན་བྱས་ཚར་ཡོད་ལུགས་བསྒྲགས་པ་མ་ཟད། མཐའ་མཚམས་ཀྱི་གྲོང་ཚོའི་ནང་དུའང་ཚོང་ལས་གཉེར་མཁན་རྒྱ་རིགས་ཤ་སྟག་ཡིན་འདུག

ཁ་སང་ཕྱི་ཚེས་ ༡༦ ཉིན་རྒྱ་ནག་གཞུང་འབྲེལ་གསར་ཁང་ཉིན་རེའི་ཚགས་པར་གྱིས་གནས་ཚུལ་སྤེལ་བ་ལྟར། ཉེ་ཆར་རྒྱ་ནག་གཞུང་གིས་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་དམག་དོན་ཚད་བཀག་ཐིག་མཚམས་(LAC) ལས་སྤྱི་ལེ་འགའ་ཤས་ཀྱི་ས་ཆར་རྒྱལ་སྲུང་མཐའ་མཚམས་ཀྱི་གསར་འཛུགས་གྲོང་ཚོ་ལྔའི་ནང་ནས་གྲོང་ཚོ་མཐའ་མའི་འཛུགས་སྐྲུན་ལས་གཞི་བསྐྲུན་ཚར་ཡོད་ལུགས་བསྒྲགས་འདུག
རྒྱ་ནག་གཞུང་གིས་མེ་ཏོག་རྫོང་གི་གོ་ཞིང་ (Guoxing) གྲོང་ཚོ་འཛུགས་སྐྲུན་དང་གནས་སྤོ་ལས་གཞི་ནི་ས་ཁོངས་རྒྱང་རིང་དང་དཀའ་ངལ་ཅན་གྱི་ས་བབ་ཁུལ་དུ་འཚོ་བའི་ཆ་རྐྱེན་ཡར་རྒྱས་གཏོང་ཆེད་ཀྱི་གཞིས་སྤོ་ལས་གཞི་ལྔའི་ནང་གི་མཐའ་མ་དེ་ཡིན། བོད་དང་རྒྱ་གར་གྱི་མཐའ་མཚམས་སུ་ཡོད་པའི་དམག་དོན་ཚད་བཀག་ཐིག་མཚམས་(LAC) ལས་སྤྱི་ལེ་འགའ་ཤས་ཀྱི་སར་གནས་པའི་གྲོང་ཚོ་འདི་ནི། མི་སེར་གྱི་གོང་འཕེལ་བརྒྱུད་ནས་དབུལ་ཕོངས་སེལ་བ་དང་མཐའ་མཚམས་བརྟན་སྲུང་མཉམ་སྒྲུབ་ཀྱི་ཐབས་ཇུས་གཉིས་ལྡན་ཞིག་ཡིན་ཟེར།
གནས་ཚུལ་ནང་གསལ་དོན་ལྟར་ན། གཞིས་ཆགས་གསར་པ་དེ་ནི་ས་ཉིལ་གྱི་ཉེན་ཁ་ཆེ་བའི་རི་ཁུལ་གྲོང་ཚོ་ནས་མི་མང་བརྒྱ་ཕྲག་འགའ་གནས་སྤོས་ཏེ། དེང་རབས་ཀྱི་ཡུལ་སྐོར་ལྟེ་གནས་ཤིག་ཏུ་བསྒྱུར་ཡོད་པར་བཤད། རྒྱ་ནག་གཞུང་གིས་གྲོང་ཚོ་དེར་གནས་སྤོ་བྱས་པའི་མི་མང་ས་གནས་གང་ནས་གནས་སྤོས་ཡོད་མེད་གསལ་ཁ་བྱས་མི་འདུག་ནའང་། འདི་ནི་རྒྱ་ནག་གཞུང་གིས་བོད་ནང་དུ་རང་བྱུང་གོད་ཆག་སོགས་ཀྱི་དཀའ་ངལ་འཕྲད་སྐབས། ཡོམ་རྗེས་བསྐྱར་སྐྲུན་དང་གནོད་ཐེབས་གནས་སྤོ་ཟེར་བ་སོགས་ཀྱི་མིང་འོག་ནས་བོད་མི་རྣམས་གཞུང་གིས་ས་ཁུལ་གཞན་དུ་འཛུགས་སྐྲུན་བྱས་པའི་སྡོད་ཁང་དུ་གནས་སྤོ་རུ་བཅུག་སྟེ། བོད་མིའི་ཕ་མེས་ཡ་མེས་ནས་བརྒྱུད་ཡོང་བའི་ས་ཆའི་བདག་དབང་འཕྲོག་ཐབས་ཀྱི་ཇུས་ཤིག་ཡིན་པ་རེད།
ཐེངས་འདིའི་རྒྱ་ནག་གི་མཐའ་མཚམས་སྲུང་སྐྱོབ་ཀྱི་གྲོང་ཚོའི་ནང་དུའང་ཇ་ཁང་དང་ཟ་ཁང་མང་པོ་ཡོད་པ་ལས་སྦྱིན་བདག་ཚང་མ་རྒྱ་ནག་ནས་གཞིས་སྤོས་ཡོང་བའི་རྒྱ་རིགས་ཡིན་པར་བཤད་འདུག་ལ། མ་འགྱངས་བར་གྲོང་ཚོ་དེའི་ནང་མགྲོན་ཁང་ (homestay) དབུ་འབྱེད་བྱ་རྒྱུ་ཡིན་ལུགས་སོགས་བསྒྲགས་འདུག
ད་ལྟའི་ཆར་རྒྱ་ནག་གཞུང་གིས་རྒྱ་དཀར་ནག་གི་མཐའ་མཚམས་སུ་གྲོང་ཚོ་ལྔ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར་བ་ལས། མེ་ཏོག་རྫོང་གི་གོ་ཞིང་གྲོང་ཚོ་འཛུགས་སྐྲུན་གྱི་ལས་གཞི་ལས་གྲོང་ཚོ་གཞན་གྱི་གནས་ཚུལ་ཕྱིར་བསྒྲགས་མེད་ཀྱང་། འདི་ལོའི་ཕྱི་ཟླ་ ༢ ནང་རྒྱ་གར་གྱི་བྱང་ཤར་མངའ་སྡེ་རུ་ན་ཅལ་ཁུལ་གཙོ་བྱས་པའི་འབྲས་ལྗོངས་དང་ཨུ་ཊར་ཁན་ཌི། ལ་དྭགས་བཅས་ཀྱི་ཁ་གཏད་ཕྱོགས་སུ་རྒྱ་ནག་གིས་གྲོང་གསེབ་ ༦༢༨ ལྡན་པའི་འཛུགས་སྐྲུན་ལས་གཞི་ཞིག་ལག་བསྟར་བྱས་ཏེ། འདི་ལོའི་ལོ་མགོར་འཛུགས་སྐྲུན་གྱི་བརྒྱ་ཆ་ ༧༢ གྲུབ་ཟིན་ཞིང་། མཐའ་མཚམས་ཀྱི་འཛུགས་སྐྲུན་ལས་དེའི་མིང་ལ་ཞའོ་གཱང་ (Xiaokang) ཞེས་རྒྱ་ནག་གི་ཆབ་སྲིད་ལངས་ཕྱོགས་མཚོན་པའི་མིང་ཞིག་ཡིན་སྐོར་རྒྱ་གར་གྱིས་བརྗོད།

རྒྱ་དཀར་ནག་གཉིས་བར་ས་མཚམས་རྩོད་རྙོག་དང་འབྲེལ་ནས། ཕྱོགས་གཉིས་ཀྱི་ངོས་ནས་མཐའ་མཚམས་ཁུལ་དུ་དམག་དོན་སོགས་ཀྱི་འཛུགས་སྐྲུན་བྱས་དང་བྱེད་མུས་ཡིན་ཞིང་། རྒྱ་ནག་གཞུང་གིས་ལྷ་ས་ནས་ཉིང་ཁྲི་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱས་ཏེ་ཤར་གཏོང་བྱས་པ་དང་། དེ་བཞིན། གཞུང་ལམ་དང་དམག་སྒར། ཟམ་ཆེན་སོགས་འཛུགས་སྐྲུན་གྱིས་མཐའ་མཚམས་ཁུལ་དུ་དམག་དོན་ལག་བསྟར་བྱེད་བདེ་བསྐྲུན་བཞིན་ཡོད་ཅིང་། ལྷག་པར་རྒྱ་ནག་གིས་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་འཛམ་གླིང་གི་ཆེས་ཆེ་བའི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ལག་བསྟར་བྱས་པ་དེས་རྒྱ་གར་གཙོས་ཁྱིམ་མཚེས་རྒྱལ་ཁབ་མང་དག་ཅིག་ལ་ཆུའི་བདེ་འཇགས་དང་ཁོར་ཡུག་གི་ཤུགས་རྐྱེན། དེ་བཞིན་དམག་དོན་ཐབས་ཇུས་སོགས་ཀྱི་ཐོག་ནས་དཀའ་ངལ་འཕྲད་རྒྱུ་ཡིན་པའི་སེམས་འཚབ་བསླངས་ཡོད།
རྒྱ་གར་གཞུང་གིས་ཀྱང་། ཕྱི་ལོ་ ༢༠༢༣ ལོར་རྒྱ་དཀར་ནག་གི་ས་མཚམས་སུ་འཁེལ་བའི་རྒྱ་གར་གྱི་ལ་དྭགས་རང་སྐྱོང་ས་ཁུལ་དང་ཧི་མ་ཅལ། ཨུ་ཊར་ཁན་ཌི། འབྲས་ལྗོངས་དང་ཨ་རུ་ན་ཅལ་བཅས་ཀྱི་ཁུལ་དུ་གསོན་ཤུགས་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་ལས་གཞི་ (The Vibrant Village Programme) ཞེས་གྲོང་གསེབ་ ༦༦༣ འཛུགས་སྐྲུན་བྱེད་མགོ་བཙུགས་ཡོད་ལ། ལ་དྭགས་ཀྱི་ཉོང་མ་འཐབ་འཁྲུག་གནམ་ཐང་དང་སྨན་ཆུ་ཁ། ཊུའོ་ཊིག་གནམ་ཐང་སོགས་དམག་དོན་འཛུགས་སྐྲུན་དང་གཞུང་ལམ། ཟམ་ཆེན། ཕུགས་ལམ་སོགས་ཀྱི་འཛུགས་སྐྲུན་རྒྱ་སྐྱེད་བཏང་དང་གཏོང་མུས་ཡིན་པ་རེད།
གསར་འགོད་པ། སྐལ་བཟང་སྦྱིན་པ།





